ལེའུ་དང་པོ།
ནོར་བུས་ནོར་གཅིན་བཏང་བ།
བཀྲ་རྒྱལ་འཁྱར་འཁྱོར་ངང་ཆང་ཁང་ནས་དོན་ཏེ་རང་ཁྱིམ་དུ་ལོག་དུས་མཚན་མོའི་ཆུ་ཚོད་གཉིས་པ་ཡོལ་ཟིན། སྦི་རག་གི་བཟི་སྟོབས་ཀྱི་རྐྱེན་པས་ཁོའི་ལུས་པོ་ཕྱི་རོལ་གྱི་རླུང་བུའི་ཁྲོད་ཡམ་ཡོམ་དུ་གཡོ་བཞིན་པའི་ལྗོན་པའི་ལྕུག་ཕྲན་དེ་དག་དང་འདྲ་བར་འཁྱ་རེ་འཁྱོ་རེར་འདུག ད་ཆ་བཀྲ་རྒྱལ་གྱི་ངོས་ནས་བཤད་ན་སྦི་རག་ནི་ཁོའི་སེམས་ནད་དམ་སྡུག་བསྔལ་སངས་བྱེད་ཀྱི་སྨན་མཆོག་ཅིག་སྟེ། སྦི་རག་བཏུངས་རྗེས་སེམས་ཁོང་གི་སྡུག་བསྔལ་ཚང་མ་རེ་ཞིག་གཏིང་བརྗེད་དུ་སོང་སྟེ། སེམས་པ་དེའང་ལྷིང་ཞིང་འཇགས་པའི་གྲོང་ཁྱེར་འདིའི་མཁའ་དབྱིངས་སམ། ནམ་དུས་འདིའི་ཁ་རླུང་བཞིན་ཁུ་སིམ་སིམ་དང་འཇམ་ཐིང་ངེར་འགྱུར་འགྲོ།
ཆང་ཁང་དེ་ནི་གྲོང་ཁྱེར་འདི་ན་སྐད་གྲགས་ཆེ་བའི་བུད་མེད་ཁྲོམ་གཞུང་གི་གཡས་ངོས་ལམ་ཟུར་ཞིག་ཏུ་གནས། མ་གཞི་འདི་ཁུལ་ལ་ཁྲོམ་གཞུང་ཞིག་མེད་པར། ཡོད་པ་ནི་གཡས་གཡོན་གཉིས་སུ་བསྟར་དུ་བསྒྲིགས་པའི་ཁྱིམ་ཚང་སྒེར་གྱི་ཐོག་ཁང་དང་། ཐོག་ཁང་དེ་དག་གི་དབུས་སུ་གནས་པའི་སྣུམ་ནག་གཞུང་ལམ་ཞིག་ཡིན་ཞིང་། ད་ལྟའི་བུད་མེད་ཁྲོམ་གཞུང་གནས་ཡུལ་དུ་དེ་སྔ་མཛོ་ར་ཞེས་གྲགས་ཤིང་། བཅིངས་འགྲོལ་མ་བཏང་གོང་དེ་ཁུལ་ནི་ཁྱིམ་གཞིས་ཆེན་མོ་ཞིག་གི་མཛོ་འཇུག་སའི་ར་བ་ཡིན་སྟབས་མཛོ་ར་ཞེས་བརྗོད།
ལོ་ཤས་གོང་དུ་ས་ཕྱོགས་ཁག་ནས་ཡོང་བའི་རྣམ་རིག་བཀྲ་ལ་མགོ་བདེ་བའི་བུད་མེད་འགས། གཞུང་ལམ་གཡས་གཡོན་གྱི་ཁང་པ་དེ་ཚོ་བོགས་མར་བླངས་ཤིང་ཆང་ཁང་གཉེར་ཏེ་ཡོང་འབབ་གསོག་ཐབས་བྱེད། བོད་པ་རྣམས་ཆང་རག་ལ་བརྩི་དད་ཤིན་ཏུ་ནས་ཆེ་ཞིང་། གཙང་པ་རྣམས་དེ་བས་ཀྱང་དེ་ལྟར་ཡིན་པས། ཐོག་མར་འདི་ཁུལ་དུ་ཆང་ཁང་འཛུགས་མཁན་བུད་མེད་དེ་དག་གིས་གཅིག་ནས་གཙང་ཁུལ་ཨ་ཇོ་ཚོའི་ཆང་དད་ཆེ་བའི་གོམས་སྲོལ་ལ་གཞིགས་པ་དང་། གཉིས་ནས་འདི་གར་མི་འཛོམས་ཆེ་ལ་འགྲོ་ལམ་སྟབས་བདེ་བའི་ཆ་རྐྱེན་ལ་གཞིགས་ཏེ་ཆང་ཁང་བཙུགས་པ་ནི་ལོས་ཡིན།
དངོས་གནས་གཙང་པའི་ཨ་ཇོ་ཚོས་བུད་མེད་དེ་དག་གི་རེ་བ་སྟོང་ཟད་ལ་མ་བཏང་པར། ཉིན་ལྟར་ཆང་ཁང་ནང་ཡོང་མཁན་གྱི་སྐུ་མགྲོན་རྫོགས་རྒྱུ་མེད་ཅིང་ཡོང་འབབ་ཀྱང་ཡག་པོ་ཡོད་སྟབས། སྐབས་དེ་ཙམ་ནས་དེ་ཁུལ་དུ་ཆང་ཁང་རིམ་པས་མང་དུ་སོང་། ཆང་ཁང་མང་ཞིང་སྦྱིན་བདག་དང་ཞབས་ཞུ་མ་ཚང་མ་བུད་མེད་ཡིན་པའི་སྟབས་ཀྱིས་ལམ་ཟུར་གཡས་གཡོན་གང་ས་ནས་བུད་མེད་མཐོང་རྒྱུ་མང་བར་བརྟེན། དྲན་སྐྱེན་ལ་ཁ་བདེ་བའི་སྐྱེ་བོ་སུ་འདྲ་ཞིག་གིས་རྒྱ་ནག་གློག་བརྙན་ག་གེ་མོ་ཞིག་གི་མིང་གཡར་ཏེ། དེ་ཁུལ་ལ་བུད་མེད་ཁྲོམ་གཞུང་ཞེས་པའི་མིང་འདི་འདྲ་ཞིག་གསོལ་བ་ནས་བཟུང་། བུད་མེད་ཁྲོམ་གཞུང་ཞེས་པའི་མིང་དེ་རིམ་པས་ས་ཁྱབ་?་ཁྱབ་ལ་སོང་སྟེ། ད་གཟོད་མི་ཚང་མས་འདི་ཁུལ་ལ་བུད་མེད་ཁྲོམ་གཞུང་དུ་འབོད།
ད་ལྟའི་ཆར་བུད་མེད་ཁྲོམ་གཞུང་ནི་གྲོང་ཁྱེར་འདི་དང་དེ་བཞིན་ས་ཕྱོགས་ཁག་ནས་ཡོང་བའི་ཆང་རག་དང་རྩེད་འཇོར་དགའ་བའི་མི་མང་པོ་ཞིག་གི་དུས་ཚོད་སྐྱེལ་སའི་གནས་ཡག་པོ་ཞིག་ཡིན་པས། ནམ་རྒྱུན་མཚན་མོའི་དུས་དང་། ལྷག་པར་དུ་གཟའ་སྤེན་པ་དང་ཉི་མ། དེ་བཞིན་དུས་ཆེན་དང་ངལ་གསོའི་སྐབས། ཉིན་གུང་ཡོལ་ཙམ་ནས་མཚན་གུང་ཕྱི་པོའི་བར་གཞུང་ལམ་གཡས་གཡོན་གཉིས་ཀྱི་ཆང་ཁང་ཁག་གི་ནང་ནས། ཤོ་རྩེད་ཀྱི་སྒྲ་དང་། མཱ་ཅང་རྒྱག་པའི་སྒྲ། ཞབས་ཞུ་མས་སྐྱེས་པ་རྣམས་ལ་ཆང་རག་འདྲེན་དུས་ཀྱི་བཅོས་མའི་འཛུམ་དང་འདོད་པའི་ཟུར་མིག སྐུ་མགྲོན་ཕན་ཚུན་ཆང་དཀར་གཏུག་པའི་སྒྲ། སྐུ་མགྲོན་དང་ཞབས་ཞུ་མའི་བར་ལ་རྩེད་དགའ་འམ་འདོད་སྲེད་ཀྱི་འཆལ་གཏམ་དང་དགོད་སྒྲ། དེ་མིན་སྐབས་སྐབས་སུ་སྙིང་ཉེ་བའི་སྐུ་མགྲོན་ནམ་བློས་ཐུབ་གྲོགས་པོའི་བར་ལ་ར་བཟི་རྗེས་འཐབ་རེས་དང་རྒོལ་རེས་བྱེད་པའི་སྒྲ་སོགས་ཟང་ཟིང་འདུ་འཛིའི་ཁྲོད་དུ་གནས་པས། གནས་དེ་ནི་གྲོང་ཁྱེར་དེའི་རྣམ་པ་གཞན་ཞིག་མཚོན་པའི་མེ་ལོང་ལྟ་བུར་གྱུར་ནས་འཁྲུག་ཆ་ཤིན་ཏུ་ཆེ།
ལོ་མང་སོང་བའི་ད་ལྟའི་དུས། བུད་མེད་ཁྲོམ་གཞུང་ཞེས་པའི་མིང་དེ་ས་ཁྱབ་?་ཁྱབ་ལ་སོང་བ་ནས་བཟུང་། གྲོང་ཁྱེར་དེའི་མི་རྣམས་ནས་གནས་དེ་དང་བུད་མེད་ཁྲོམ་གཞུང་ཞེས་པའི་མིང་དེ་མི་ཤེས་མཁན་ཉུང་ཉུང་ཡིན་ཞིང་། ཆང་རག་ལ་དགའ་བའི་གྲོང་ཁྱེར་དེའི་སྐྱེ་བོ་མང་པོ་ཞིག་ནི་དེ་བས་ཀྱང་དེ་ལྟར་རེད། ལོ་མང་སོང་བའི་ད་ལྟའི་ཆར། གླ་བྱེད་རླངས་འཁོར་དང་འཁོར་གསུམ་རྐང་འཁོར་གླས་ཏེ་དེ་ཁུལ་ལ་སོང་ཚེ། ཁ་ལོ་བར་བུད་མེད་ཁྲོམ་གཞུང་ལ་སྐྱེལ་རོགས་ཟེར་ན་མ་གཏོགས་མཛོ་རར་སྐྱེལ་རོགས་ཟེར་ན་ཤེས་མཁན་ཞིག་གཏན་ནས་ཡོད་མི་སྲིད།
སྒོ་བྱང་སྟེང་དུ"ལྷག་སྒྲོལ་ཆང་ཁང"ཞེས་འཁོད་པའི་བུད་མེད་ཁྲོམ་གཞུང་གི་གཡས་ངོས་ལམ་ཟུར་དུ་གནས་པའི་ཆང་ཁང་དེ་ནི། བཀྲ་རྒྱལ་རྒྱུན་དུ་ཆང་རག་འཐུང་བར་འགྲོ་ཐེངས་མང་བའི་ཆང་ཁང་ཞིག་རེད། དེ་ཉིན་དགོང་དྲོ་བཀྲ་རྒྱལ་སྔར་རྒྱུན་བཞིན་ལྷག་སྒྲོལ་ཆང་ཁང་ནང་སྦི་རག་འཐུང་གིན་ཡོད། དེ་ཉིན་ཆང་ཁང་ནང་བཀྲ་རྒྱལ་ནི་སླེབས་སྔ་ཤོས་ཀྱི་སྐུ་མགྲོན་གྱི་གྲས་ཏེ། དགོང་དྲོ་ཆུ་ཚོད་བཞི་པ་ལྔ་པའི་མཚམས་སུ་སླེབས་པས་དེ་དུས་ཆང་ཁང་ནང་སྐུ་མགྲོན་གཉིས་གསུམ་ཞིག་ལས་མི་འདུག མི་རིང་བར་སྐུ་མགྲོན་རིམ་པས་མང་དུ་སོང་ཞིང་། དགོང་དྲོའི་ཆུ་ཚོད་དྲུག་པ་བདུན་པའི་མཚམས་ལ་སླེབས་དུས། ཆང་ཁང་ནང་དུ་སླེབས་པའི་སྐུ་མགྲོན་ཇེ་མང་དུ་སོང་སྟེ་ཡུན་རིང་མ་སོང་བར་ཆང་ཁང་དུ་མགྲོན་པོས་ཁེངས། མགྲོན་པོ་དེ་དག་གི་ཁྲོད་དུ་ཆང་འཐུང་མཁན་དང་། སྦི་རག་འཐུང་མཁན། རྒྱ་རག་དཀར་པོ་འཐུང་མཁན་ཡོད་པ་མ་ཟད། ལ་ལས་ཤོ་རྩེད་རྩེ་བ་དང་། འགའ་རེས་ཆང་རག་འཐུང་ཞོར་རང་རང་གི་རྒྱུན་ལྡན་ལས་ཀ་དང་ཁྱིམ་ཚང་གི་གནས་ཚུལ། དེ་བཞིན་དུད་ཚང་གཞན་གྱི་དངོས་ལུགས་གནས་སྟངས་ཐད་ལ་ཁ་བརྡ་སོགས་རྒྱུན་ལྡན་ལྟར་ཟང་ཟིང་འཁྲུག་ཆའི་རྣམ་པས་ཁེངས།
བཀྲ་རྒྱལ་ནི་ཆང་ཁང་གི་གཡས་ངོས་སྒེའུ་ཁུང་འཁྲིས་སུ་བསྡད་དེ་སྦི་རག་འཐུང་གིན་ཡོད། དེ་ནི་ཁོ་རང་ཆང་ཁང་འདིར་ཐེངས་དང་པོར་ཡོང་དུས་ཀྱི་སྡོད་གནས་ཏེ། དུས་དེ་ནས་བཟུང་ད་བར་མི་ལོ་མི་ཉུང་བ་ཞིག་སོང་ཡང་བཀྲ་རྒྱལ་གྱི་གོམས་གཤིས་དེ་རང་བཞིན་གྱིས། ཆང་ཁང་དེར་ཡོང་སྟེ་འདུག་སྟེགས་དེའི་ཐོག་སྐུ་མགྲོན་གཞན་མེད་ཕྱིར་དེ་གར་སྡོད་པར་བྱེད། དེ་ལའང་གནས་ལུགས་རྒྱུ་མཚན་ཡོད་དེ། སྡོད་གནས་དེ་སྒེའུ་ཁུང་དང་ཐག་ཉེ་བས་ནམ་ཞག་རྒྱུན་དུ་དཀར་ཆ་དོད་པ་དང་། སྒེའུ་ཁུང་བརྒྱུད་ཕྱིའི་གཞུང་ལམ་ཐོག་ཡར་འགྲོ་མར་འགྲོའི་འགྲུལ་པ་རྣམས་གསལ་པོར་མཐོང་ཐུབ་ཅིང་། དགུན་དུས་གྲང་ངར་ཆེ་བའི་སྐབས་མེ་གཏོང་དུས་ལྕགས་ཐབ་དང་ཐག་ཉེ་ཞིང་ཉིན་གུང་ཡོལ་ཙམ་ནས་དགོང་དྲོ་ཉི་མ་མ་བཞུད་ཀྱི་བར་སྒེའུ་ཁུང་ནས་ཉི་འོད་འཕྲོས་ཏེ་དྲོ་པོ་ཡོད་པས་རེད།
དགོང་དྲོ་ཆུ་ཚོད་དགུ་པའི་མཚམས་སུ་སླེབས་དུས། བཀྲ་རྒྱལ་མདུན་གྱི་སྦག་ཅོག་སྟེང་དུ་ལྷ་སའི་སྦི་རག་གི་ལྕགས་དམ་སྟོང་པ་མི་ཉུང་བ་ཞིག་དང་། སྟབས་ཐུག་གི་ཤོག་ཕོར་སྟོང་པ་ཆེན་པོ་ཞིག་བཞག་ཡོད་ཅིང་། བཀྲ་རྒྱལ་གྱི་ངང་ཚུལ་ལ་བལྟས་ན་ཅུང་བཟི་འདུག ཁོས་ད་དུང་ཞབས་ཞུ་མར་སྦི་རག་དགོས་ཚུལ་གླེང་བར་བྱེད།
དེ་ལྟར་འཁྲུག་ཆ་ཆེ་བའི་ངང་དུ་དུས་ཚོད་མང་པོ་ཞིག་རིམ་གྱིས་འདས། མཚན་མོའི་ཆུ་ཚོད་དང་པོ་ཙམ་ཟིན་དུས་ཆང་ཁང་ནང་གི་སྐུ་མགྲོན་གཞན་རྣམས་
རེ་རེ་བཞིན་རང་ཁྱིམ་དུ་ལོག་ཟིན་ཅིང་། དུས་ཚོད་ཕྱི་བས་ལོ་ན་སུམ་ཅུའི་གཡས་གཡོན་གྱི་ཞབས་ཞུ་མ་དེ་གཉིས་ཀྱིས་བརྙན་འཕྲིན་གྱི་མདུན་དུ་བསྡད་དེ་བརྙན་འཕྲིན་ལ་ལྟ་ཁུལ་བྱས་ཀྱང་། བརྙན་འཕྲིན་བལྟ་བའི་འདུན་པ་མེད་པར་ཨ་སྟོང་དང་གཉིད་ལྕོག་ཡང་ཡང་བྱེད་ཅིང་། ཉིན་མོ་ཟ་ཁང་གི་ཕྱོགས་ག་ས་གང་དང་ལྷག་པར་དུ་ཅོག་ཙེའི་ཐོག་ནག་ཟིང་ཟིང་དུ་འཕུར་བའི་སྦྲང་མ་དག་ཀྱང་རང་རང་གི་གནས་གང་ཞིག་ཏུ་ལོག་ཟིན་པ་ལྟར་ཉུང་ཉུང་ལས་མི་འདུག ཞབས་ཞུ་མ་དེ་གཉིས་ཀྱང་དུབ་སྟེ་ངལ་གསོ་རྒྱག་འདོད་དང་གཉིད་འདོད་ཀྱིས། རེས་མོས་སུ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་ཨ་སྟོང་གཉིད་ལྕོག་དང་བཅས་བཀྲ་རྒྱལ་གྱི་ཕྱོགས་སུ་མིག་བལྟ་ཡང་ཡང་བྱེད་ཞོར་ལག་གི་ཆུ་ཚོད་ལ་ལྟ་ཙམ་ལྟ་ཙམ་བྱེད་ལུགས་ལ་བལྟས་ན། ད་ནི་དུས་ཚོད་ཕྱི་པོ་ཆགས་ཏེ་ལོག་རན་འདུག་ཅེས་ལྐོག་བརྡ་བཏང་བའི་དོན་དུ་སྣང་མོད། བཀྲ་རྒྱལ་ནི་མཚན་མོ་འདི་དང་ཆང་ཁང་འདི་ནི་ཁོ་རང་གཅིག་པར་དབང་བའམ། རང་གི་ཁང་ཁྱིམ་ལྟར་མགོ་བོ་ཕྱོགས་གཅིག་ཏུ་གུག་པའི་ཐོག མིག་སེར་ཁ་ཙམ་ཞིག་གདངས་ཏེ་དལ་དལ་ལྷོད་ལྷོད་ངང་མུ་མཐུད་སྦི་རག་འཐུང་གིན་དོན་གང་ཞིག་གི་ཐད་ཆིག་ལབ་མང་པོ་རྒྱག་བཞིན་པ་ལས། ཞབས་ཞུ་མའི་ཕྱོགས་ལ་སྣང་བ་གཏན་ནས་བྱུང་མེད། ད་ཆ་ཁོ་རང་གི་ངོས་ནས་བཤད་ན་བསམ་རྒྱུ་སྦི་རག་དང་དྲན་རྒྱུ་སྦི་རག་ལས་མེད་པས། ཞབས་ཞུ་མའི་ཕྱོགས་ལ་སྣང་བ་བྱུང་བའི་དབང་དུ་བཏང་ཡང་། སྦི་རག་གིས་ཁོའི་འདོད་བློ་ཡོངས་སུ་མ་ཚིམ་གྱི་བར་དུ་སུ་དང་གང་གི་ཕྱོགས་ལའང་དོ་སྣང་བྱེད་མི་སྲིད་ལ་སེམས་ཁུར་ནི་དེ་བས་ཀྱང་བྱེད་ག་ལ་སྲིད།
ཞབས་ཞུ་མས་བཀྲ་རྒྱལ་གྱི་ཞིབ་ཕྲའི་གནས་ཚུལ་གསལ་པོ་མི་ཤེས་མོད། ལོ་ཤས་གོང་ཁོའི་རོགས་པ་ཞིག་གིས་ཁོ་རང་ཆང་ཁང་དེའི་ནང་དུ་ཁྲིད་དེ་དགོང་དྲོ་ཕྱི་པོའི་བར་ཆང་འཐུང་སྟེ་བསྡད་པའི་ཉིན་དེ་ནས་བཟུང་། ཁོ་རང་ཆང་ཁང་དེའི་ནང་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་ཁོ་རང་དང་ཆང་ཁང་གི་སྦྱིན་བདག དེ་བཞིན་སྐུ་མགྲོན་གཞན་གྱི་བར་རིམ་པས་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་རྗེས་ཁོའི་མིང་ལ་བཀྲ་རྒྱལ་ཟེར་པ་ཤེས་པས། ད་ཆ་ཞབས་ཞུ་མས་ཁོ་ལ་ཨ་བཀྲ་རྒྱལ་ཞེས་འབོད་ཅིང་། ཕན་ཚུན་བར་ལ་འབྲེལ་འདྲིས་ཆེ་བའི་སྣང་བ་ཞིག་སྦྱིན་འོང་།
ལོ་ཤས་གོང་བཀྲ་རྒྱལ་ཐོག་མར་ཆང་ཁང་དེའི་ནང་ཆང་འཐུང་བར་ཡོང་དུས། མ་གཞི་ཆང་ཁང་ནང་སྦི་རག་དང་། ནས་ཆང་། ཨ་རག་གཞན་དག དེ་མིན་འཐུང་བྱ་མངར་མོའི་རིགས་ཀྱང་མི་ཉུང་བ་ཞིག་ཡོད་མོད། བཀྲ་རྒྱལ་གྱིས་ནས་ཆང་ཁོ་ན་ལས་སྦི་རག་དང་ཨ་རག་གཞན་དང་དེ་མིན་གྱི་འཐུང་བྱ་མངར་མོའི་རིགས་ཁ་ལ་མི་ལེན། ཆང་འཐུང་དུས་འཐུང་ཚོད་རན་པ་དང་། ཁ་བུག་ཅུང་དོག་པས་ཆང་ཁང་ནང་གི་སྐུ་མགྲོན་གཞན་ལྟར་སྨྲ་བ་བདེ་པོས་འདོད་ཆགས་ཀྱི་གཏམ་གླེང་བྱེད་རྒྱུར་གཏན་ནས་མི་དགའ་བ་མ་ཟད། གཞན་སྐུ་མགྲོན་ཚོས་ཕོ་མོའི་བར་གྱི་འདོད་གཏམ་དམར་རྗེན་རྗེན་ལ་སྨྲ་དུས། བཀྲ་རྒྱལ་ནི་ངོ་ཚ་སྨིན་པའི་ན་ཆུང་བུད་མེད་ཅིག་དང་འདྲ་བར་ངོ་གདོང་རབ་ཏུ་སྨིན་པའི་ཀུ་ཤུའི་མདོག་ལྟར་དམར་རྐྱང་ལ་གྱུར་ཏེ་དུད་པ་སོགས་གཡོལ་གང་ཐུབ་བྱེད། དེ་དུས་ཁོས་ཆང་བཏུངས་ཏེ་མ་བཟི་གོང་ནས་ཁྱིམ་དུ་ལོག་འགྲོ་བས། མ་གཞི་ཞབས་ཞུ་མ་དེ་དག་ཀྱང་གཅིག་ནས་ལང་ཚོ་སྨིན་པ་དང་། གཉིས་ནས་སྐུ་མགྲོན་ཚོའི་ཁམས་དང་མོས་པ་དང་བསྟུན་ཏེ་ཚོང་དོན་དར་ཞིང་རྒྱས་ནས་ཡོང་འབབ་མང་ཙམ་ཡོང་ཆེད། སྐུ་མགྲོན་ཚོ་དང་མཉམ་དུ་འདོད་གཏམ་གླེང་རྒྱུར་གོམས་མོད། ཡིན་ནའང་ཁོ་ཚོའི་སེམས་ཀྱི་གཏིང་དུ་བཀྲ་རྒྱལ་ནི་སྐུ་མགྲོན་གཞན་དང་མི་འདྲ་བར་འདོད་ཏམ་གླེང་རྒྱུར་མི་དགའ་ཞིང་། ཆང་འཐུང་ཚོད་རན་པས་བློ་ལ་འགྲོ་བའི་ཕོ་གཞོན་ཞིག་ཏུ་སྣང་བའི་བག་ཆགས་ཟབ་མོས། བཀྲ་རྒྱལ་ལ་དམར་རྗེན་རྗེན་གྱི་འདོད་གཏམ་གླེང་མི་ཕོད།
ལོ་ཤས་སོང་བའི་ད་ལྟའི་དུས། བཀྲ་རྒྱལ་ནི་ཁོ་རང་གི་ལོ་ཚོད་ལས་འདས་པའི་རྒས་ཉམས་ཀྱིས་ཕྱུག་པ་སྟེ། ངོ་གདོང་ལ་གཉེར་རིས་དང་། མགོ་ཐོག་ཏུ་སྐྲ་དཀར་གྱི་མགྲོན་པོ་མང་པོ་ཐོན་པའི་ཐོག ངོ་གདོང་ནག་ཅིང་གྱོན་གོས་རྣམས་དྲེག་པས་འོད་འཚེར་ཞིང་ལྷག་པར་དུ་སྟོད་གོས་དམར་པོ་དེ་ཚིལ་དྲེག་གི་རྐྱེན་པས། མཚན་དུས་ཀྱི་ཐོག་མ་གཞི་ནས་དཀར་ཆ་ཞན་པའི་ཆང་ཁང་འདིའི་ནང་སྟོད་གོས་དེའི་ཐོག་མའི་རང་མདོག་གང་ཡིན་གསལ་པོ་ཞིག་ཤེས་པར་དཀའ། དེ་ཙམ་མ་ཟད་མ་གཞི་ནས་སྨྲ་བ་ཉུང་བའི་བཀྲ་རྒྱལ། ད་ལྟའི་ཆར་དེ་བས་ཀྱང་སྨྲ་རྒྱུ་མེད་པར་?་ཕོག་པའི་བྱིའུ་ཞིག་དང་འདྲ་བར་ཆང་ཁང་གི་ཁུག་ཀྱོག་དེར་སྦི་རག་འཐུང་བཞིན་ཁ་ཁུ་སིམ་པོར་ཡོད་པས། རྒྱུས་མེད་ཀྱི་མི་སུ་འདྲ་ཞིག་གིས་བལྟས་ཀྱང་བཀྲ་རྒྱལ་ནི་སེམས་སྡུག་གིས་མནར་བའི་རྒད་པོ་ཞིག་དང་ཀུན་ནས་མཚུངས།
བར་སྐབས་ཤིག་བཀྲ་རྒྱལ་ཆང་ཁང་དུ་ཡོང་རྒྱུ་ཇེ་ཉུང་དུ་སོང་ཞིང་། ཉེ་དུས་ཁོ་པ་ཆང་ཁང་ནང་དུ་ཡོང་རྒྱུ་གློ་བུར་དགུན་ཆུ་བཞིན་དུ་ཆད་པས། ཁོ་དང་འབྲེལ་འདྲིས་ཆེ་བའི་སྐུ་མགྲོན་ཚོས་རྒྱུན་ལྡན་གྱི་གཏམ་གླེང་གི་བར་གསེང་དུ་སྐབས་རེ"དེང་དུས་བཀྲ་རྒྱལ་གང་དུ་སོང་བ་ཡིན་ནམ། མ་མཐོང་བར་ཡུན་རིང་སོང"ཟེར་ནས་གླེང་སློང་བྱེད་སྲིད། ཁ་སང་དེ་རིང་ཁོ་སླར་ཡང་ཆང་ཁང་ནང་ཡོང་དུས། སྔོན་དང་མི་འདྲ་བར་སྨྲ་བ་ཇེ་ཉུང་དང་སྦི་རག་འཐུང་ཚད་ཇེ་མང་ལ་སོང་། དེ་ལྟར་སྔར་མེད་རྒས་ཉམས་དེའི་ཐོག་སྐབས་སྐབས་ལ་ལྐུགས་པས་ལྷ་མཐོང་བ་ལྟར་ཧོན་ཐོར་རེར་སྡོད་པས། ཚུལ་དེ་མཐོང་དུས་མི་སུ་འདྲ་ཞིག་ཡིན་ནའང་ཁོ་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་པའི་སེམས་ཁུར་བྱེད་ཀྱང་དེ་ལྟར་འདྲི་ག་ལ་ཕོད།
ད་ནི་དུས་ཚོད་ཕྱི་བས་བཀྲ་རྒྱལ་ལ་ལོག་རན་འདུག་ཅེས་བཤད་འདོད་ཀྱང་། ཁོ་ནི་ལོ་མང་རིང་གི་སྐུ་མགྲོན་རྙིང་པ་ཞིག་ཡིན་པའི་ཐོག ཕན་ཚུན་བར་ལ་ཅུང་འབྲེལ་འདྲིས་ཆེ་ཞིང་ད་ནི་བཀྲ་རྒྱལ་བཟི་སྟེ་ཡོད་པའི་ཁར་ཁོའི་བྱ་སྤྱོད་མང་པོ་ཞིག་དེ་སྔ་དང་གཏན་ནས་མི་འདྲ་བས། ཞབས་ཞུ་མ་གཉིས་ནས་ཁོ་ལ་གང་ཡང་བཤད་མ་ཕོད་པར་མ་འདོད་བཞིན་དུ་བཀྲ་རྒྱལ་ནས་རང་འགུལ་གྱིས་ལོག་རྒྱུར་ངང་སྒུག་བྱེད་རྒྱུ་ལས་ཐབས་མེད།
མཚན་མོའི་ཆུ་ཚོད་གཉིས་པའི་མཚམས་སུ་སླེབས་དུས། བཀྲ་རྒྱལ་གྱིས་ཁོ་རང་ལ་ཁྱིམ་ཞིག་ཡོད་པ་དང་། ཁོ་རང་མཚན་གང་ཆང་ཁང་ནང་དུ་བསྡད་ན་མི་རུང་བར་རང་གི་ཁྱིམ་དེར་ལོག་དགོས་པ་དྲན་པ་ལྟར། ག་ལེར་གདན་ལས་ལངས་རྗེས། འཁྱར་འཁྱོར་ངང་ཨམ་ཕྲག་བསྔོགས་ཏེ་སྦི་རག་དང་སྟབས་ཐུག་གི་རིན་རྩིས་བརྒྱབ་རྗེས་སྒོ་ལས་དོན་ཏེ་རང་ཁྱིམ་གྱི་ཕྱོགས་སུ་ལོག
ཞབས་ཞུ་མ་གཉིས་ནས་བཀྲ་རྒྱལ་མང་པོ་བཟི་སྟེ་གོམ་པ་བརྟན་པོ་མི་ཚུགས་པ་མཐོང་དུས"ཨ་བཀྲ་རྒྱལ། ནང་ལ་ལོག་ཐུབ་པ་འདུག་གམ། ད་ག་ལེར་ཕྱིན་ན་མ་གཏོགས་ཐང་ལ་འགྱེལ་ངེས"ཞེས་སེམས་ཁུར་གྱི་ཚུལ་དུ་སྨྲས།
བཀྲ་རྒྱལ་འཁྱར་འཁྱོར་ངང་མུ་མཐུད་མདུན་དུ་སྙེག་གིན་ཕྱི་མིག་ཙམ་ཡང་མེད་པར་ལག་གཡུག་གི་ཐོག་མགོ་བོ་ཕྲེད་དུ་གཡུག་བཞིན"སྣང་དག་ཡོད་པ་མ་རེད། ང་ནང་ལ་ཏག་ཏག་ལོག་འགྲོ་གི་རེད།……"ཟེར་ནས་སོང་།
ཞབས་ཞུ་མ་གཉིས་ཀྱིས་བཀྲ་རྒྱལ་གྱི་རྗེས་ལ་རེ་ཞིག་བལྟས་ཏེ་ཁོ་ཆང་ཁང་དང་ཅུང་ཐག་རིང་སར་སླེབས་རྗེས། དོན་ཆེན་གང་ཞིག་གྲུབ་སོང་བ་ལྟར་ཨ་སྟོང་དང་བཅས་རྐྱོང་ཤད་རེ་བྱས་རྗེས་ཧར་སྒྲ་དང་བཅས་ཆང་ཁང་གི་སྒོ་བརྒྱབ། མག་མོག་ཁྲོམ་ལམ་གྱི་གློག་འོད་འོག་བུད་མེད་ཁྲོམ་གཞུང་དེ་དེ་བས་ཀྱང་ཁ་ཁུ་སིམ་པའི་ཚུལ་དུ་གནས།
མ་གཞི་གྲོང་ཁྱེར་དེ་ནི་འཁྲུག་ཆ་ཧ་ཅང་དོད་པའི་གནས་ཤིག་ཡིན་མོད། དེའང་དུས་ཚོད་དབང་གིས་ད་གཟོད་གཡས་གཡོན་གྱི་ཟ་ཁང་དང་། ཚོང་ཁང་། ཇ་ཁང་དང་ཆང་ཁང་སོགས་ཀྱི་སྒོ་མོ་སྔ་ས་ནས་གཏན་ཟིན་པས། དུས་རྒྱུན་འཁྲུག་ཆ་ཤིན་ཏུ་དོད་པའི་བུད་མེད་ཁྲོམ་གཞུང་དེ་ཡང་ངལ་དུབ་ཀྱིས་མནར་བའི་སྐྱེ་བོ་གང་ཞིག་གཉིད་ལ་རོལ་བའམ། སྨྲ་བ་ཉུང་ལ་རང་མདོག་རྦད་དེ་ཤོར་བའི་བཀྲ་རྒྱལ་དང་གཉིས་སུ་མ་མཆིས།
བཀྲ་རྒྱལ་གྱི་མིང་ཆ་ཚང་ལ་བཀྲ་ཤིས་རྒྱལ་པོ་ཟེར་མོད། སྙིགས་དུས་སུ་འབོད་པའི་ད་ལྟའི་དུས་འདིར་མི་ཚང་མ་བྲེལ་ཟིང་དང་སྟབས་བདེའི་དབང་དུ་སོང་སྟེ། མི་ཞིག་གི་མིང་ཡང་སྟབས་བདེར་འབོད་རྒྱུར་གོམས་པ་བཞིན། མི་ཚོས་བཀྲ་ཤིས་རྒྱལ་པོ་ཞེས་ཁོ་ལ་ཕ་མས་བཏགས་པའི་མིང་དེ་ནས་ཡིག་འབྲུ་གཉིས་རང་དགར་དོར་ཏེ་བཀྲ་རྒྱལ་ཞེས་འབོད།
བཀྲ་རྒྱལ་གྱི་ཕ་ཡུལ་ནི་ཤངས་ཡུལ་རྩེ་གདོང་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ནས་ཡིན་ཞིང་། ཁོའི་ལྟེ་ཁྲག་འཕོ་བའི་གནས་དེར་དགའ་བའི་འཛུམ་དང་། སྡུག་པའི་མཆི་མ། ད་དུང་མཛེས་པའི་རྨི་ལམ་སོགས་མདོར་ན་ཁོའི་ཆུང་དུས་ཀྱི་དྲན་ཤེས་མང་དག་ཅིག་ཕ་ཡུལ་གྱི་རིའམ་བྲག་ལ་བརྐོས་པའི་རི་མོ་ཇི་བཞིན་ཁྲ་ལྷམ་མེར་ལུས་ནས་ཡོད།
ཕོ་དར་མའི་དུས་ལ་སླེབས་པའི་བཀྲ་རྒྱལ་གྱི་ངོས་ནས་བཤད་ན། མི་ཚེ་ནི་མེ་ཏོག་ཅིག་བཞད་པའི་བརྒྱུད་རིམ་དང་ཤིན་ཏུ་ནས་མཚུངས་ཏེ། ནམ་ཟླའི་འགྱུར་བག་ཆེ་བའི་མི་ཚེའི་ལམ་བུའི་ཐོག བཀྲ་རྒྱལ་གྱི་བསམ་པའི་ཞིང་ས་ཡངས་པོར་དཔྱིད་ཀྱི་ས་བོན་ལྟ་བུའི་རེ་བའི་མྱུ་གུ་འཁྲུངས་མྱོང་ལ། དབྱར་གྱི་སྤང་ལྗོངས་ལྟ་བུའི་བདེ་སྐྱིད་ཀྱི་མེ་ཏོག་སྣ་ཚོགས་ཀྱང་ལྷམ་མེར་བཞད་ཅིང་། སྟོན་དུས་སུ་རྙིད་བཞིན་སྐམ་འགྲོ་བའི་མེ་ཏོག་གི་འདབ་མ་དང་། གཞན་ཡང་དགུན་དུས་སུ་གྲང་ངར་ཁྲོད་རིམ་གྱིས་འཁྱག་འགྲོ་པའི་མེ་ཏོག་གི་རྩ་བ་ཇི་བཞིན། མངར་སྐྱུར་གྱི་ཚོར་སྣང་སྣ་ཚོགས་ཤིག་བརྒྱུད་མྱོང།
རྩེ་གདོང་ཞེས་པའི་གྲོང་ཚོ་ཆུང་ཆུང་དེར་བཀྲ་ཤིས་རྒྱལ་པོར་འབོད་པའི་བྱིས་པ་ཆུང་ཆུང་དེ་བཙས་པའི་ལོ་དེ་ནི། བསྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དལ་མོར་ལྡང་སྟེ་ལོ་ཤས་སོང་བའི་དབྱར་དུས་ཤིག་རེད། ཁོ་རང་ནི་ཁོའི་ཕ་མ་གཉིས་ཀྱི་ཕྲུ་གུ་དང་པོ་དེ་ཡིན་པའི་ཐོག་ཚེ་སྔོན་ཚོགས་དང་བསོད་ནམས་བསགས་ཤིང་སྨོན་ལམ་གྲུབ་སྟེ་སྐྱེ་བ་ཕོ་ལུས་སུ་བླངས་པས། ཁོའི་ཕ་མ་གཉིས་ཙམ་མ་ཟད་སྤོ་བོ་ལགས་དང་རྨོ་བོ་ལགས་དེ་བཞིན་ནང་མི་གཞན་ཀུན་ཀྱང་ཤིན་ཏུ་དགའ་སྟེ། མི་ཚེ་གང་པོར་བགེགས་དང་བར་ཆད་མེད་པར་བཀྲ་ཤིས་བདེ་ལེགས་དང་། དབང་ཐང་ལོངས་སྤྱོད་ཡུལ་གྱི་རྒྱལ་པོ་ཇི་བཞིན་ཡོང་བའི་གསོལ་བ་སྨོན་ལམ་གྱི་ཚུལ་དུ། ཁོའི་མིང་ལའང་བཀྲ་ཤིས་རྒྱལ་པོ་ཞེས་སུ་བཏགས།
མ་གཞི་སྐབས་དེའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཚོ་བའི་གནས་བབ་ཅུང་ཞན་མོད། བཀྲ་རྒྱལ་ཁྱིམ་ཚང་ནང་གི་ཕྲུ་གུ་བུ་གཅིག་པོ་དེ་ཡིན་པའི་དབང་གིས། ཕ་མ་གཉིས་པོས་ཁོ་ལ་བརྩེ་བ་བྱམས་སྐྱོང་ཆེ་བ་མ་ཟད། ལྷག་པར་དུ་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་ཁོ་ལ་དེ་བས་ཀྱང་བྱམས་སྐྱོང་ཚད་མེད་ཀྱིས་ལག་ཏུ་བླངས་ན་བཞུར་དོགས་དང་། ས་ལ་བཞག་ན་འཁྱག་དོགས་ཀྱིས་རང་རང་གི་ཁ་ནས་བསྲི་བའི་ཞིམ་ཟས་ཁམ་གང་དོ་དང་། དངུལ་སྒོར་ཟུར་སྐར་མ་རེ་རེ། དེ་བཞིན་གཞན་གྱིས་བྱིན་པའི་དཀར་ར་དང་བྱིལ་?ག་ཙམ་ཡང་རང་གིས་ཟ་མི་ཕོད་པར་རེ་རེ་བཞིན་དུ་བསགས་ཏེ་བཀྲ་རྒྱལ་ལ་སྦྱིན་ཞིང་། རང་གཤིས་གྱོང་བའི་བཀྲ་རྒྱལ་ནས་བྱ་ངན་དང་སྤྱོད་ལོག་རེ་བྱེད་དུས། ཁོའི་ཕ་མ་གཉིས་མ་བཟོད་པར་བཀྲ་རྒྱལ་ལ་གཤེ་གཤེ་དང་ཉེས་རྡུང་གཏོང་སྐབས། སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་ཡིད་ཤིན་ཏུ་ནས་མི་དགའ་བར། ཁ་གཉེར་གཉེར་དང་སྨིན་མ་ཟེམ་ཟེམ་ངང་བཀྲ་རྒྱལ་རང་གི་འཁྲིས་སུ་འཐེན་ཏེ། ཁ་རྒྱུན་ལྟ་བུའི་གཏམ་རྙིང་སྟེ། "ཕྲུ་གུ་ཆུང་ཆུང་འདི་འདྲ་ཞིག་ལ་སྡུག་སྦྱོང་མནར་གཅོད་འདི་འདྲ་བཏང་ནས་ཅི་བྱེད། བུ་འདི་ད་ལྟ་བསམ་ཤེས་མི་ཐུབ་པའི་ཕྲུ་གུ་ཆུང་ཆུང་ཞིག་རེད། ཁྱེད་ཚོ་ཕྲུ་གུ་བྱེད་མྱོང་མེད་པའམ་ཡང་ན་ཕྲུ་གུའི་སྐབས་སུ་འཚུབ་པོ་བྱེད་མྱོང་མེད་པ་ཞིག་ཨེ་ཡིན།"ཟེར་ངེས་ལ། བཀྲ་རྒྱལ་ནས་ཀྱང་དེའི་བློ་ཤེད་ཀྱིས་རང་གི་བྱ་སྤྱོད་ལ་ཚོད་འཛིན་མེད་པར་མུ་མཐུད་རང་སྣང་གང་འདོད་བྱེད།
ཡིན་ནའང་བཀྲ་རྒྱལ་ནི་བློ་རིག་བཀྲ་བའི་བྱིས་པ་ཞིག་ཡིན་པས། སློབ་གྲྭར་སོང་བ་ནས་བཟུང་། དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སློབ་ཚན་ཁག་དུས་ཐོག་ཏུ་ཁོང་དུ་ཆུད་ཐུབ་པ་མ་ཟད། ཡིག་རྒྱུགས་སྐབས་སུ་འཛིན་གྲྭའི་ནང་གི་སྐར་གྲངས་མཐོ་གྲས་སུ་སླེབས་པས། དགེ་རྒན་དང་ཕ་མ་ཚང་མ་ཡིད་ཤིན་ཏུ་དགའ་ཞིང་། དགེ་རྒན་རྣམ་པས་ཁོ་ལ་དེ་བས་ཀྱང་དགའ་མོས་ཆེན་པོས། འཛིན་གྲྭའི་ནང་གི་སློབ་ཕྲུག་ཚོར་སློབ་སྦྱོང་ཐད་བཀྲ་རྒྱལ་ལ་མིག་དཔེ་བལྟ་དགོས་ཞེས་གསུང་། དེ་དུས་བཀྲ་རྒྱལ་གྱི་སེམས་ནང་སྨྲ་བརྗོད་ལས་འདས་པའི་སྤོབས་པ་དང་དགའ་སྣང་ཞིག་ཡོང་གི་ཡོད།
ཟླ་ཤས་རིང་གི་སློབ་ཁྲིད་བྱས་པ་བརྒྱུད། དེ་ཉིན་དབྱར་དུས་ཀྱི་གུང་གསེང་བཞག་པའི་ཉིན་དེར་སླེབས། ཉིན་གུང་གི་མཚམས་སུ་བཀྲ་རྒྱལ་སློབ་གྲྭའི་རྒྱ་སྒོ་ཆེན་པོ་དེའི་འཁྲིས་སུ་ལངས་ཤིང་། ལག་ཏུ་སློབ་དུས་དེར་ཐོབ་པའི་གཟེངས་བསྟོད་ཤོག་བྱང་ཞིག་དང་། འབྲི་དེབ་དང་ཞ་སྨྱུག་འགའ་ཐོགས་ཏེ་སེམས་དགའ་ལྷང་ལྷང་དང་བཞིན་འཛུམ་འཚེར་འཚེར་ངང་ཁོ་རང་གིས་ཨ་ཕས་བསུ་བ་ཡོང་རྒྱུར་སྒུག་སྟེ་ཡོད། དེའི་ཚེ་ན་བཀྲ་རྒྱལ་གྱི་མིག་ལམ་དུ་ད་གིན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག སློབ་གཙོས་གཟེངས་བསྟོད་བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱི་མིང་ཐོ་རེ་རེ་བཞིན་ཁྱབ་བསྒྲགས་དང་སྦྲགས། གཟེངས་བསྟོད་བྱ་དགའ་ཐོབ་པའི་སློབ་མ་ཚོས་སྡིངས་ཆའི་ཐོག་ཏུ་སོང་སྟེ་དགེ་རྒན་གྱི་ལག་ནས་གཟེངས་བསྟོད་ཤོག་བྱང་དང་། དེབ་སྨྱུག་སོགས་པའི་གཟིགས་བཟོས་བླངས་ཤིང་། སློབ་སྤྱིས་ཁོ་ཚོར་བསྔགས་བརྗོད་དང་སྦྲགས། སློབ་གྲྭ་ཡོངས་ཀྱི་སློབ་མ་ཀུན་གྱིས་གཟེངས་བསྟོད་བྱ་དགའ་ཐོབ་མཁན་གྱི་སློབ་མ་ཚོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བའི་ཚུལ་དང་། སློབ་མ་གཞན་རྣམས་ཀྱིས་བཀྲ་རྒྱལ་དང་བཅས་པའི་གཟེངས་བསྟོད་བྱ་དགའ་ཐོབ་པའི་སློབ་མ་ཚོར་ཡིད་སྨོན་གྱི་མིག་མདའ་ཡང་ཡང་འཕེན་པའི་ཚུལ་དེ་དྲན་དུས། བཀྲ་རྒྱལ་གྱི་སེམས་པ་དབྱར་གཞུང་དེའི་ནམ་མཁའ་དང་སྤང་ཐང་བཞིན་དུ་ཡངས་སངས་སེ་དང་བདེ་ལྷང་ངེའི་ཐོག ང་རྒྱལ་དང་སྤོབས་པ་ཞིག་གིས་ཁེངས་ཏེ་ཡོད།
དེ་ནས་མི་རིང་བར་ཨ་ཕ་དགྲ་འདུལ་ཤིང་རྟ་འཁོར་ལོ་ཞིག་ལ་བསྡད་དེ་ཁོའི་འགྲམ་དུ་སླེབས་པ་དང་ཤིང་རྟ་འཁོར་ལོའི་ཁ་བཀག ཨ་ཕ་མཐོང་མ་ཐག་བཀྲ་རྒྱལ་གྱིས་ཨ་ཕའི་ཕྱོགས་སུ་རྒྱུགས་ཏེ་ལག་ཏུ་ཐོགས་པའི་གཟེངས་བསྟོད་ཤོག་བྱང་དང་། དེབ་སྨྱུག་དེ་དག་ཨ་ཕའི་མིག་མདུན་དུ་འཕྱར་འཕྱར་གྱིས་ངོམ་བཟོ་བྱས། བཀྲ་རྒྱལ་ལ་ཐོབ་པའི་གཟེངས་རྟགས་དེ་དག་མཐོང་བ་ན་ཨ་ཕ་དགའ་སྟེ་འཛུམ་དམུལ་དམུལ་ངང་བཀྲ་རྒྱལ་པང་དུ་བླངས་ནས"གྱོང་པོ་བྱུང་། དངོས་གནས་གྱོང་པོ་བྱུང་། ང་དགྲ་འདུལ་གྱི་བུ་ཡིན་རིན་ཆོག་འདུག"ཟེར་བཞིན་ཁོའི་མགོ་བོར་བྱིལ་བྱིལ་འགའ་བྱས་རྗེས་པང་ལ་བླངས་ཏེ། བཀྲ་རྒྱལ་ཤིང་རྟ་འཁོར་ལོའི་ནང་དུ་བཞག་རྗེས་ལག་གི་རྟ་ལྕག་འཕྱར་ཏེ་ཕ་བུ་གཉིས་དགའ་སྤྲོའི་གཏམ་གླེང་ཁྲོད་རང་ཁྱིམ་ཕྱོགས་སུ་ལོག
"བུ་བཀྲ་ཤིས་རྒྱལ་པོ། ད་རེས་ཁྱེད་རང་བྱ་དགའ་རིམ་པ་ག་ཚོད་རེད་འདུག་གམ"ཨ་ཕ་དགྲ་འདུལ་གྱིས་ཤིང་རྟ་འཁོར་ལོ་གཏོང་གིན་བཀྲ་རྒྱལ་གྱི་ཕྱོགས་ལ་བལྟས་ཏེ་དེ་ལྟར་དྲིས།
"ང་ཚོའི་འཛིན་གྲྭའི་ནང་གི་ཨང་དང་པོ་དང་། སློབ་གྲྭ་ཡོངས་ཀྱི་ཨང་གསུམ་པ་རེད་འདུག"བཀྲ་རྒྱལ་གྱིས་སྤོབས་པ་དང་བཅས་དེ་ལྟར་སྨྲས་ཏེ། མུ་མཐུད་ཨ་ཕའི་བསྔགས་བརྗོད་བྱས།
"ཁྱེད་རང་གིས་སློབ་གྲྭ་ཡོངས་ཀྱི་ཨང་དང་པོ་ལེན་མི་ཐུབ་པ་གང་ཡིན"ཟེར། མ་གཞི་ཕ་དགྲ་འདུལ་གྱིས་འདི་ལྟར་བརྗོད་ཀྱང་། དོན་དངོས་ཐོག་ཁོ་པ་རང་ཉིད་ནས་འཛིན་གྲྭའི་ཨང་དང་པོ་ནས་སློབ་གྲྭ་ཡོངས་ཀྱི་ཨང་དང་པོའི་བར་ལ་ཁྱད་པར་ཇི་ཙམ་དང་། སློབ་གྲྭ་ཡོངས་ཀྱི་ཨང་དང་པོ་ལེན་རྒྱུར་དཀའ་ངལ་ཇི་འདྲ་ཡོད་མེད་གཏན་ནས་མི་ཤེས་ལ། བུ་བཀྲ་ཤིས་རྒྱལ་པོ་ནས་སློབ་གྲྭ་ཡོངས་ཀྱི་ཨང་དང་པོ་ལེན་མི་ཐུབ་པར་འཁང་རའི་བསམ་པ་གཏན་ནས་མེད་པར། ཡོད་པ་ནི་སེམས་གཏིང་གི་དགའ་སྣང་དང་སྤོབས་པ་རེད། བུ་རེ་བ་ཅན་ལ་རེ་བཞག་དང་། གོས་རི་མོ་ཅན་ལ་རྒྱང་བལྟས་ཟེར་བའི་དཔེ་ལྟར། ཕ་དགྲ་འདུལ་གྱིས་ངོས་ནས་བཤད་ན་མ་གཞི་ཁྱིམ་ཚང་གི་འཚོ་བའི་གནས་བབ་དེ་ཙམ་མི་ལེགས་པར་གྲོང་ཚོའི་ནང་གི་མི་གཞན་ལ་ངོམ་རྒྱུ་གང་ཡང་མེད་མོད། ཡིན་ནའང་བུ་བཀྲ་ཤིས་རྒྱལ་པོ་སློབ་གྲྭར་སོང་བ་ནས་བཟུང་། གྲོང་ཚོའི་ནང་སྔར་དང་མི་འདྲ་བར་ཁྱིམ་ཚང་གཞན་ལ་མེད་པའི་ངོམ་རྒྱུ་ཞིག་ཡོད་པ་ནི་བུ་བཀྲ་ཤིས་རྒྱལ་པོའི་སློབ་སྦྱོང་གི་སྦྱངས་འབྲས་རེད།
ནམ་རྒྱུན་གྲོང་ཚོའི་ནང་གི་གྲོང་མི་ཕན་ཚུན་བར་ཕྲུ་གུའི་སློབ་སྦྱོང་གི་སྐོར་ལ་གླེང་མོལ་བྱེད་སྐབས། ཕ་དགྲ་འདུལ་གྱིས་སྤོབས་པ་དང་དགའ་སྤྲོ་ཆེན་པོས་རང་གི་བུ་བཀྲ་ཤིས་རྒྱལ་པོའི་སློབ་སྦྱོང་གི་སྦྱངས་འབྲས་གླེང་རྒྱུར་དགའ་ལ། མི་གཞན་སུ་དང་གང་གི་མདུན་དུའང་རང་གི་བུ་ནི་ནོར་བུ་ཞིག་ལྟར་ངོམ་པར་བྱེད། དེ་ལྟར་ནམ་རྒྱུན་བུ་བཀྲཤིས་རྒྱལ་པོས་ནང་མི་ཀུན་ལ་དགའ་སྤྲོ་དང་སྤོབས་སེམས་ཙམ་མ་ཟད། འབྱུང་འགྱུར་ཁྱིམ་ཚང་དེའི་འཚོ་བའི་ཐད་རེ་བ་ཆེན་པོ་ཞིག་ཀྱང་བྱིན།
དེ་ལྟར་སློབ་ཆུང་གི་དུས། བཀྲ་རྒྱལ་ནི་འཆར་ཅན་བཞིན་ལོ་ལྟར་བཟང་པོ་གསུམ་ལྡན་གྱི་སློབ་མ་ཞིག་ཡིན་པས། ཁོའི་ཕ་མ་དང་བཅས་པའི་ནང་མི་ཀུན་གྱིས་སྔ་ཕྱི་བར་གསུམ་དུ་བཀྲ་རྒྱལ་གྱི་སློབ་སྦྱོང་ཐད་སེམས་ཁྲལ་གཏན་ནས་བྱས་མ་མྱོང་ལ། ཁོས་སློབ་དུས་རེ་རེ་བཞིན་བླངས་པའི་གཟེངས་བསྟོད་ཤོག་བྱང་གིས། ངོས་དེ་ཙམ་མི་སྙོམས་པའི་ཁྱིམ་གྱི་གྱང་ངོས་གཅིག་གི་ཕྱེད་ཙམ་བཀང་བས། དེ་ནི་བཀྲ་རྒྱལ་གྱི་ངོས་ནས་གཟི་བརྗིད་ཙམ་མ་ཟད། གཞན་སྤོ་བོ་ལགས་རྨོ་བོ་ལགས་དང་ཕ་མ་གཉིས་ཀྱིས་མི་གཞན་ལ་ངོམ་བྱེད་ཀྱི་ཁྱིམ་ཚང་དེའི་ནང་གི་རྒྱུ་ནོར་གཅིག་པུ་དེ་རེད། དེ་ལྟར་བཀྲ་རྒྱལ་སློབ་ཆུང་ཐོན་པའི་ལོ་དེར་འཛིན་གྲྭའི་ནང་གི་སྐར་གྲངས་མཐོ་ཤོས་ཀྱི་ཐོག་ནས་བདེ་བླག་ངང་རྫོང་སློབ་འབྲིང་དུ་ཚུད་པས། བཀྲ་རྒྱལ་ཁོ་རང་ཙམ་མ་ཟད་དགྲ་འདུལ་ཚང་གི་གཟི་བརྗིད་ཅིག་ཏུ་གྱུར་ཞིང་། གཏམ་བཟང་དེ་གྲོང་ཚོ་དང་ཤང་དེ་ཡོངས་ལའང་རླུང་ལྟར་གྲགས།
ཡིན་ནའང་དགྲ་འདུལ་ཚང་གིས་ནོར་བུས་མི་རིང་བར་ནོར་གཅིན་བཏང་སོང་བ་ནི། སློབ་འབྲིང་དུ་སླེབས་རྗེས་དང་ལྷག་པར་དུ་སློབ་འབྲིང་ལོ་རིམ་གཉིས་པ་ནས་བཟུང་། བཀྲ་རྒྱལ་གྱི་སློབ་སྦྱོང་སྦྱངས་འབྲས་མངོན་གསལ་གྱིས་ཇེ་ཞན་དུ་སོང་བས། དགེ་རྒན་གྱིས་ཁོ་རང་ཐེངས་མང་བཙལ་བ་མ་ཟད། ཁོའི་ཕ་མ་གཉིས་ཀྱང་ཐེངས་འགའ་བཙལ་ཏེ་བཀྲ་རྒྱལ་གྱི་སློབ་སྦྱོང་སྦྱངས་འབྲས་ཐད་བྱ་ཕོ་གདང་ལ་འཛེགས་པའི་ཡར་བལྟའི་ཚུལ་མེད་པར། ཞི་མི་སྐས་ཀ་ནས་བབས་པའི་མར་བལྟའི་ཚུལ་དུ་ཇེ་ཞན་ཇེ་སྡུག་ལ་འགྲོ་དགོས་པའི་རྒྱུ་མཚན་དྲིས་ཤིང་། སྦྱངས་འབྲས་ཡག་ཏུ་གཏོང་ཐབས་ཐད་གྲོས་མོལ་ཡང་བྱས།
བཀྲ་རྒྱལ་གྱི་ཕ་མ་གཉིས་ཀྱིས་ཁོའི་དགེ་རྒན་དང་སློབ་གྲོགས་ཚོའི་ས་ནས་ཤེས་རྟོགས་བྱུ་བར་གཞིགས་ན། དེང་སྐབས་བཀྲ་རྒྱལ་ཆང་རག་འཐུང་རྒྱུར་གོམས་པ་མ་ཟད། དུ་བ་འཐེན་ཤེས་པ་དང་དགའ་རོགས་ཀྱང་སྒྲིག་གི་ཡོད་འདུག གཏམ་དེ་བཀྲ་རྒྱལ་ཕ་མ་གཉིས་ཀྱི་ངོས་ནས་བཤད་ན་གནམ་སྔོན་པོའི་ཐོངས་ནས་གློ་བུར་དུ་ཐོག་སྟ་རེ་ཙམ་གྱི་དཔེ་ལྟར། སེམས་པ་སྲེག་པར་བྱེད་པའི་དོན་ཞིག་ཡིན་མོད། གཅིག་ནས་ཁོ་རང་ལོ་ན་ཆུང་བ་དང་། གཉིས་ནས་ཁོ་ལ་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་རྒྱབ་རྩ་བརྟན་པས། ཁོའི་ཕ་མས་བཟོད་པ་ཆེན་པོས་ཁོ་ལ་འཇམ་རྩུབ་གཉིས་ཀྱི་ཐོག་ནས་གོ་སྐོན་སློབ་གསོ་མང་དག་ཅིག་བྱས་ཏེ། ཁོ་རང་ཆུང་དུས་ལྟར་ཕུགས་བསམ་གྱིས་ཕྱུག་པའི་བྱིས་པ་བཟང་པོ་ཞིག་ཏུ་གྱུར་བའི་རེ་བ་གང་ཡོང་བྱས། འོན་ཀྱང་རང་གཤིས་གྱོང་བའི་བཀྲ་རྒྱལ་ནས་ཕ་མ་དང་། དགེ་རྒན། སློབ་གྲོགས་སོགས་ཀྱིས་རང་ཉིད་ལ་བཏང་སྙོམས་དང་དྲང་གཞག་མིན་པའི་ལྟ་ཚུལ་ལོག་འཛིན་གྱིས་རང་གི་མི་གཤིས་ལ་ཕོག་ཐུག་གཏོང་བ་མ་ཟད། རང་གི་ངོ་སོ་ཆུ་ལ་བསྐྱུར་སོང་སྙམ་པའི་གཏི་ཐུག་གི་བསམ་པ་ཞིག་བཅངས་ཏེ། རྟ་ཁ་གཡང་གཅུས་མེད་པར་དེ་ལས་ལྡོག་སྟེ་ཤེས་ཡོན་སྦྱོང་རྒྱུ་དང་། ཀུན་སྤྱོད་སོགས་གང་ཐད་ནས་རྒྱ་ཡན་དུ་བཏང་བས། ཁོ་ལ་ཡར་རྒྱས་ཡོང་རྒྱུ་ལྟ་ཅི་དགེ་སློབ་ཀུན་གྱིས་སྡིགས་མོ་དང་འཕྱ་དམོད་བྱེད་ཡུལ་དུ་གྱུར། ད་ཆ་དགེ་རྒན་རྣམས་ཀྱིས་སློབ་མ་ཚོར"ཁྱེད་ཚོས་བཀྲ་རྒྱལ་ལ་མིག་ལྟོས་གཏན་ནས་བྱེད་མི་རུང་།"ཞེས་ཁ་ཏ་བསླབ་བྱ་བྱེད་པ་ཡིན།
དོན་དེས་ཁོའི་ཕ་མ་གཉིས་ཀྱི་བློ་སེམས་བན་བུན་དང་ཁོ་ལ་བཅངས་པའི་རེ་བ་རྩ་གཏོར་ལ་བཏང་། དེའི་རྐྱེན་པས་བཀྲ་རྒྱལ་གྱི་ཕ་མ་གཉིས་ནས་སྤོ་བོ་རྨོ་བོ་གཉིས་ཀྱིས་བུ་གཅེས་ལང་དུ་བཏང་འདུག་ཅེས་འཁང་ར་བྱེད་པ་དང་། སྤོ་བོ་རྨོ་བོ་གཉིས་ཀྱིས་དགྲ་འདུལ་བཟའ་མི་གཉིས་པོས་རྒན་འཁོགས་དང་བུ་ཕྲུག་ལ་བརྙས་བཅོས་དང་མཐོང་ཆུང་བྱེད་ཀྱི་འདུག་ཅེས། དེ་སྔ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་འདི་བཞིན་ད་ཆ་མི་མཐུན་ཟང་ཟིང་ལ་གྱུར་ཏེ། དེ་སྔ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་དེ་ནས་ད་ཆ་གྲང་སྟོང་སྟོང་གི་སྣང་བ་ཞིག་སྦྱིན་ཞིང་། དེ་སྔ་ཕ་མ་དང་ཁྱིམ་ཚང་གི་གཟི་བརྗིད་དུ་སེམས་པའི་བཀྲ་རྒྱལ་ནི་ད་ཆ་ཁྱིམ་ཚང་གི་རྐང་འདྲེན་ཞིག་ཏུ་གྱུར་བས། གྲོང་ཚོའི་ནང་གི་མི་མང་པོས"དགྲ་འདུལ་ཚང་གི་ནོར་བུ་དེས་ནོར་གཅིན་བཏང་འདུག"ཅེས་འཕྱ་དམོད་ཀྱི་སྐད་ཆ་སྣ་ཚོགས་བཤད་ཀྱིན་ཡོད།
ནམ་རྒྱུན་བཀྲ་རྒྱལ་གྱི་བསམ་པ་ཆང་རག་འཐུང་རྒྱུ་དང་། དུ་བ་འཐེན་རྒྱུ། དེ་མིན་སློབ་གྲྭའི་ནང་གི་མེ་ཏོག་ཏུ་བརྗོད་པའི་བུ་མོ་མཛེས་མ་དེ་ཚོ་དང་དགའ་རོགས་སྒྲིག་རྒྱུ། གཞན་ཡང་ཁོ་རང་དང་འདྲ་བར་དཔའ་བློ་ཁོག་ཆེ་བའི་སློབ་ཕྲུག་བུ་དེ་ཚོའི་བར་འཁྲུག་རྩོད་བཅས་ཀྱི་ཐོག་ཏུ་གནས་པ་ལས་སློབ་སྦྱོང་མི་བྱེད་སྟབས། དམའ་རིམ་སློབ་འབྲིང་ཐོན་པའི་ལོ་དེར། བཀྲ་རྒྱལ་ཡིག་རྒྱུགས་མ་ལོངས་པ་མ་ཟད། སྐར་གྲངས་ཧ་ཅང་དམའ་བས་མཐོ་འབྲིང་ལ་འགྲོ་རྒྱུ་ཉིན་མོའི་རྨི་ལམ་དུ་གྱུར། ཁོའི་ཕ་མ་གཉིས་ཀྱིས་ཁོ་པ་ལོ་གཅིག་མུ་མཐུད་སློབ་གྲྭར་གཏོང་རྩིས་བྱས་ཀྱང་། སློབ་གྲྭའི་དགེ་རྒན་གྱིས་གལ་སྲིད་བཀྲ་རྒྱལ་མུ་མཐུད་སློབ་གྲྭར་ཡོང་ཚེ་སློབ་གྲྭའི་ནང་སྔར་ལོ་བཞིན་དགོས་མེད་ཀྱི་རྙོག་དྲ་མང་པོ་ཞིག་བཟོས་ཏེ། དགེ་རྒན་རྣམས་ཁྱི་ཆུ་ལ་མི་ཐར་བའི་ཚུལ་དུ་ལུས་རྒྱུ་མ་ཟད། སློབ་ཕྲུག་གཞན་གྱི་མིག་ལྟོས་ངན་པར་གྱུར་ཞིང་། སྦྱངས་འབྲས་ཞན་པས་འཛིན་གྲྭ་ཁྱོན་ཡོངས་ཀྱི་རྐང་པ་ནས་འཐེན་ངེས་རེད་ཟེར་ནས་ཁོ་ལོ་གཅིག་མུ་མཐུད་སློབ་གྲྭར་འཇུག་རྒྱུར་ཁས་ལེན་གཏན་ནས་མ་བྱས།
མ་གཞི་ཁོའི་ཕ་མ་གཉིས་རེ་བ་ཆེན་པོས་བཀྲ་རྒྱལ་མུ་མཐུད་སློབ་གྲྭར་གཏོང་ཆེད། ངོ་ཤེས་བརྒྱུད་དེ་སློབ་གྲྭའི་དགེ་རྒན་ཚོར་ཞུ་འབུལ་གང་ཡོང་བྱས་ཀྱང་། དགེ་རྒན་ཚོས་ཐབས་ཤེས་མེད་ཚུལ་གྱིས་དང་ལེན་མ་བྱས་པས། དབང་དང་རྒྱུ་མེད་པའི་ཁོའི་ཕ་མ་གཉིས་ཀྱང་བྱ་ཐབས་ཟད་དེ་བཀྲ་རྒྱལ་ལ་ཁོང་ཁྲོ་དང་འཁང་ར་བྱེད་རྒྱུ་ལས་མ་འདས།
དེར་བརྟེན་བཀྲ་རྒྱལ་གྱིས་ཁོང་ཁྲོ་ཆེན་པོས"མི་ཚེ་སྐྱེལ་བར་ཡིན་གཅིག་མིན་གཅིག་སློབ་གྲྭར་འགྲོ་དགོས་དོན་མི་འདུག གནམ་ཁ་ཕུབ་འདིའི་འོག་ཏུ་མི་ཤིན་ཏུ་མང་པོ་ཞིག་སློབ་གྲྭར་མ་སོང་ཡང་མི་ཚེ་འདྲ་འདྲ་སྐྱེལ་གྱི་ཡོད་པ་མ་ཡིན་ནམ། དགེ་རྒན་ཁྱི་འདྲ་བ་དེ་ཚོས་ངའི་ལྟད་མོ་བལྟ་འདོད་ཀྱང་། ཡང་སྙིང་སུའི་ལྟད་མོ་སུས་བལྟ་མིན་བཤད་ཚོད་ཁག་པོ་རེད། ཁོ་ཚོས་ང་ལོ་གཅིག་མུ་མཐུད་སློབ་གྲྭར་འཇུག་གི་མིན་ཟེར་མོད། དོན་དུ་ང་རང་ཡང་མུ་མཐུད་སློབ་གྲྭར་འགྲོ་འདོད་གཏན་ནས་མེད། ཁོ་ཚོས་ཕེབས་བྱམས་ཁྱེར་ཏེ་ང་བསུ་བར་འོང་ཡང་ང་ནི་གཏན་ནས་འགྲོ་འདོད་མེད།……"ཟེར།
ལོ་དེར་བཀྲ་རྒྱལ་གྱིས་དགེ་རྒན་རྣམ་པའི་བྱ་སྤྱོད་ལ་ཡི་མ་རངས་པར། ཁོང་ཁྲོ་ཆེན་པོས་འབྲུག་སྒྲ་ལྡིར་བ་ལྟ་བུའི་ཁ་གཏམ་མང་དག་ཅིག་བརྗོད་སོང་ལ། ཁོའི་ཕ་མ་གཉིས་ཀྱིས་སེམས་སྡུག་དང་བློ་ཕམ་ཆེན་པོའི་ངང་མིག་ཆུ་མང་པོ་ཞིག་བཏང་མཐར། བཀྲ་རྒྱལ་མུ་མཐུད་དེ་སློབ་གྲྭར་འགྲོ་སྐལ་མེད་པར་རང་ཁྱིམ་དུ་ཞིང་ལས་བྱས་ཏེ་མི་སྡོད་ཀ་མེད་ལ་གྱུར།
ཆུང་ནས་ད་བར་གྱི་མི་ཚེ་སློབ་གྲྭའི་ནང་བསྐྱལ་ཏེ་སྐེད་པ་སྡོང་རྒན་ལྟར་རེངས་པོར་གྱུར་ཟིན་པའི་བཀྲ་རྒྱལ་གྱི་ངོས་ནས་བཤད་ན། སློབ་གྲྭ་དང་བྲལ་ཏེ་ཞིང་ལས་བྱེད་རྒྱུ་ནི་བསམ་ཚོད་ལྟ་བུའི་སླ་བ་ཞིག་གཏན་ནས་མིན་ལ། སྟོན་དུས་ལོ་ཏོག་བརྔ་བསྡུ་དང་གཡུལ་འདོན་རྒྱུ་ནི་ཁོའི་ངོས་ནས་བཤད་ན་དེ་བས་ཀྱང་ཁག་ལ་ཉི་མ་འཁྱོལ་དཀའ་བའི་ལས་ཤིག་ཡིན་པས། དེ་དུས་བཀྲ་རྒྱལ་གྱི་མིག་ལམ་དུ་འདས་སོང་སློབ་གྲྭའི་འཚོ་བ་དང་། དགེ་རྒན་རྣམ་པའི་ཤ་ཚའི་སྙིང་གཏམ་ཡང་ཡང་དྲན་མོད། བྱ་བ་ཐམས་ཅད་རྒྱུགས་ཚར་བའི་རྟ་ཕོ་དང་ཡལ་ཚར་བའི་རྡུལ་གྱི་དཔེ་ཟླར་སོང་སྟེ་ཟློག་ཐབས་མེད་པས་བློ་འགྱོད་ཙམ་ལས་ཅི་ཞིག་ནུས།
ད་ཆ་ཨ་ཕ་དགྲ་འདུལ་དེ་སྔ་དང་མི་འདྲ་བར་ཆང་འཐུང་རྒྱུ་ཇེ་མང་ལ་སོང་ཞིང་། ཆང་བཏུངས་ཏེ་ར་བཟི་དུས་རིམ་བཞིན་དུ་བཀྲ་རྒྱལ་ལ་ཤིན་ཏུ་མ་འདོད་པའི་ངང་གླང་རྒན་གྱི་མིག་འདྲ་བའི་མིག་ལོག་འཛིར་འཛིར་དུ་ལྟ་བ་དང་། མགོ་བོ་འཕྲེད་དུ་གཡུག་སྟེ་བློ་ཕམ་དང་ཁོང་ཁྲོ་ཆེན་པོའི་ངང་"ཁོ་རེ་བཀྲ་ཤིས་རྒྱལ་པོ། བྱ་ཆེན་མང་པོ་འཛོམས་དུས་པུ་ཤུད་ཟེ་པྲོག་སྐམ་ཟེར་བ་དེ་ཁྱོད་རེད་འདུག ཤིང་བཟང་པགས་པའི་འོག་ལ་རུལ་ཟེར་བ་ནི་མི་ཁྱོད་འདྲ་བར་ཟེར་བ་ནི་ལོས་ཡིན། ཁྱོད་ལ་མི་གཞན་ལས་ལྷག་པའི་རིག་པ་ཡག་པོ་ཞིག་ཡོད་ཀྱང་རང་གི་ཀུན་སྤྱོད་ཀྱིས་མ་འདང་བར། རང་གི་མདུན་ལམ་དང་ཕ་མའི་རེ་བ་ཚང་མ་སྟོང་ཟད་ལ་བཏང་སོང་། དེ་དངོས་གནས་ཐབས་སྡུག་གི་བྱ་བ་ཞིག་མ་ཡིན་ནམ"ཞེས་མི་འདོད་པའི་ཟུར་ཟ་དང་འཕྱ་དམོད་མང་དུ་བྱེད།
ཕ་དགྲ་འདུལ་ལའང་ཁག་ཅི་ཡོད། དེ་སྔ་བཀྲ་རྒྱལ་ཟེར་དུས་དགྲ་འདུལ་ཚང་གི་ནོར་བུ་ཞིག་དང་འདྲ་བར་གཞན་ལ་ངོམ་བྱེད་ཀྱི་བུ་དེ། ད་ཆ་ཁོ་ཚང་ལ་འཕྱ་དམོད་དང་དམའ་འབེབས་བྱ་ཡུལ་དུ་གྱུར་ནས། དེང་སྐབས་ཡུལ་མི་ཁྱིམ་མཚེས་ཕན་ཚུན་བར་ཕྲུ་གུའི་སྐོར་གླེང་སློང་བྱེད་རིམ་བཞིན། དགྲ་འདུལ་བཟའ་ཚོ་གཉིས་ཡང་ན་གཡོལ་ནས་འགྲོ་བའམ། ཡང་ན་རྡུང་རྡེག་ཕོག་པའི་ཉེས་ཅན་པ་ཞིག་ལྟར་མགོ་བོ་དུད་དེ་སྡོད་དགོས་པ་མ་ཟད། ཐ་ན་མི་གཞན་གྱིས་ཕྲུ་གུའི་སྐོར་དང་ལྷག་པར་དུ་ཕྲུ་གུའི་སློབ་སྦྱོང་སྐོར་གླེང་སློང་བྱ་རྒྱུར་སེམས་གཏིང་ནས་སྐྲག་སྣང་བྱེད་དགོས་པའི་གནས་སུ་ལྷུང་།
བཀྲ་རྒྱལ་དམའ་རིམ་སློབ་འབྲིང་ནས་མཐོ་རིམ་སློབ་འབྲིང་དུ་ཡིག་རྒྱུགས་མ་འཕྲོད་པར་ཁྱིམ་དུ་ལུས་པ་དེས། ཁྱིམ་མི་ཡོངས་དང་ལྷག་པར་དུ་ཕ་དགྲ་འདུལ་ནི་མི་དམངས་དཀྱིལ་དུ་དམའ་ཕབ་པ་དང་། བྱ་མང་གི་དཀྱིལ་དུ་སྤུ་འཐོག་པའི་དཔེ་ལྟར་རེ་ཞིག་མགོ་བོ་འདེག་རྒྱུ་མེད་པར་གྱུར་བས། དེ་སྔ་འོད་སྣང་དང་རེ་བས་ཁེངས་པའི་ཕ་དགྲ་འདུལ་གྱི་སེམས་པ་དྲོ་སོབ་སོབ་དེ། ད་ལྟ་དགུན་གཞུང་གི་བྱང་ཐང་བཞིན་དུ་གྲང་ཅག་གེ་དང་སྟོང་ལྷང་ངེར་གྱུར་ཏེ། ད་ཆ་ཁོ་ཚང་གི་རེ་བ་ཚང་མ་བཀྲ་རྒྱལ་གྱི་གཅུང་མོ་ཕན་ཐོགས་དང་། མཚམས་གཅོད་གཉིས་ལ་མི་བཅོལ་ཀ་མེད་རེད།
བཀྲ་རྒྱལ་གྱི་དོན་དུ་ལོ་ན་མཐོ་བའི་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་དང་དགྲ་འདུལ་བཟའ་ཚོ་གཉིས་ཀྱི་བར་ལ་རྒྱུན་དུ་ཁ་འཁོན་བར་མེད་འབྱུང་བཞིན་ཡོད་ལ། ལྷག་པར་དུ་དགྲ་འདུལ་ཆང་བཏུངས་ཏེ་ར་བཟི་རྗེས་དེ་བས་ཀྱང་དེ་ལྟར་ཡིན་པས། དེ་སྔ་དྲོ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་ཚང་དེ། ད་ཆ་ཨ་མའི་གྲང་ཤུར་ཤུར་གྱི་རྣམ་འགྱུར་དང་། ཨ་ཕའི་མིག་ལོག་དང་ཟུར་ཟ་འཕྱ་དམོད་འོག་གྲང་ངར་དགུན་གྱི་ནམ་ཟླ་བཞིན་གྲང་ཅག་ཅག་ལ་གྱུར་མོད། སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་ཀྱིས་སྔར་བཞིན་བཀྲ་ཤིས་རྒྱལ་པོ་རང་གི་སྙིང་ལྟར་གཅེས། དེ་སྔ་ལྟར་རེ་བ་ཆེན་པོས་ཁ་ཏ་བསླབ་བྱ་བྱེད་པས། བཀྲ་ཤིས་རྒྱལ་པོའི་ངོས་ནས་བཤད་ན་སྤོ་བོ་ལགས་དང་རྨོ་བོ་ལགས་ནི་སེམས་ཁམས་གསལ་བའི་དཀར་གསལ་ཟླ་བ་དང་། ལུས་སེམས་གཉིས་ལ་དྲོད་སྣང་སྦྱིན་པའི་ཁྲི་གདུགས་ཉི་མ་རེད།
ལོ་དེར་བཀྲ་རྒྱལ་ལ་བྱམས་ཤིང་བརྩེ་བའི་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་པོ་སྔ་ཕྱིར་ཚེ་ལས་འདས། དེ་ནི་བཀྲ་རྒྱལ་གྱི་ངོས་ནས་བཤད་ན་སྙིང་གསོན་པོར་བཏོན་པའམ་གནམ་ས་མགོ་གཏིང་སློག་པ་ལྟ་བུའི་ཕོག་ཐུག་ཆེན་པོ་ཞིག་སྟེ། མ་གཞི་ནས་བདེ་སྐྱིད་ཀྱི་ཚོར་སྣང་རིམ་བཞིན་ཡལ་བའི་ཁྱིམ་ཚང་འདི་བཞིན་སེམས་ཁམས་ལ་མནར་གཅོད་ཆེ་བའི་མུན་བཙོན་ལྟ་བུར་གྱུར། ལྷག་པར་དུ་བཀྲ་རྒྱལ་གྱི་ཁ་ནས་བརྗོད་མི་ནུས་ཀྱང་སེམས་གཏིང་ནས་ཁོའི་ཕ་མ་གཉིས་ལ་མི་འདོད་པའི་གནས་ཤིག་ཡོད་པ་ནི། སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་སྐུ་འཚོ་བཞུགས་སྐབས། ཁོ་གཉིས་རྒན་འཁོགས་གཉིས་ལ་བསམ་ཤེས་དང་གུ་ཡངས་མེད་པར། ཁོ་རང་གཅེས་ལང་དུ་བཏང་བར་ཁ་གཡར་ཏེ་རྒན་འཁོགས་གཉིས་པོར་ཁ་ལན་དང་མི་འདོད་པའི་ཐོག་ནས་ཁོང་གཉིས་པོའི་ཐུགས་སེམས་ཡང་ཡང་དཀྲུགས་པ་དེ་རེད། སྤོ་བོ་ལགས་དང་རྨོ་བོ་ལགས་ཚེ་ལས་འདས་རྗེས། ཁྱིམ་ཚང་དེའི་ནང་བཀྲ་རྒྱལ་གྱི་སེམས་ཀྱི་ཆགས་ས་དང་ཡིད་ཀྱི་བརྟེན་ས་ཅི་ཡང་མེད་པས། ཁྱིམ་དང་འབྲལ་རྒྱུའི་སེམས་བཀོད་ཅི་ཡང་འཐེན་གྱིན་ཡོད།
ལོ་ལྟར་གྲོང་ཚོའི་ནང་གི་ཕོ་གཞོན་མང་པོ་ཞིག་དཔྱིད་དུས་ཀྱི་རྨོ་འདེབས་དང་། སྟོན་དུས་ཀྱི་བརྔ་བསྡུ་གྲུབ་རྗེས་ཕ་ཡུལ་དང་བྲལ་ཏེ་ས་ཕྱོགས་གཞན་ལ་ཡོང་འབབ་གསོག་པར་འགྲོ་སྲོལ་ཞིག་སྔ་མོ་ནས་དར་བ་ལྟར། ལོ་དེའི་དཔྱིད་རྨོད་གྲུབ་རྗེས། བཀྲ་རྒྱལ་ཡང་གྲོང་ཚོའི་ནང་གི་ཕོ་གཞོན་འགའ་དང་མཉམ་དུ་ནག་ཆུར་ཡོང་འབབ་གསོག་པར་སོང་།
བཀྲ་རྒྱལ་གྱི་འགྲོ་རོགས་ཕོ་གཞོན་དེ་རྣམས་ནི་ནག་ཆུར་ལོ་མང་ཡོང་འབབ་གསོག་པར་འགྲོ་མྱོང་བའི་ཁར། དེའི་ནང་གི་མི་མང་པོ་ཞིག་ཤིང་བཟོ་དང་། ?་བཟོ། ལྷ་བྲིས་བ་སྟེ་དགོན་པ་དང་སྡོད་ཁང་སོགས་ལ་ཚོན་དང་རི་མོ་འབྲི་བའི་ལག་རྩལ་ཡོད་མཁན་ཤ་སྟག་ཡིན་སྟབས། ནག་ཆུར་སླེབས་རྗེས་ལས་ཀ་འཚོལ་བདེ་བ་དང་། གླ་ཆའང་མཐོན་པོ་ཡོད་མོད། བཀྲ་རྒྱལ་ལ་གཅིག་ནས་ལག་རྩལ་མེད་པ་དང་། གཉིས་ནས་ས་ལས་?་ལས་ཀྱི་ཉམས་མྱོང་ཅི་ཡང་མེད་ལ། ཆུང་ནས་ད་བར་སློབ་གྲྭར་སོང་སྟེ་སྐེད་པ་རེངས་པོར་གྱུར་ཟིན། དེའི་ཐོག་རྒན་འཁོགས་གཉིས་པོ་འཚོ་བཞུགས་སྐབས་ཁོ་པ་ཁྱིམ་དུ་ཡོད་དུས་ཀྱང་གྲང་དོགས་དང་། ལྟོགས་དོགས། ཁག་དོགས་ཁོ་ན་བྱེད་པ་ལས། ནང་ལས་ཙག་ཙིག་ཙམ་ཡང་བྱེད་དུ་མི་འཇུག་པར་གཅེས་ལང་དུ་ཤོར་ཟིན་མོད། ད་ཆ་གཞན་ཡུལ་འགྲིམས་དུས་གཞན་དང་འདྲ་བར་རང་ནུས་ཡོད་རྒུ་འདོན་དགོས་པ་ལས་དེ་སྔ་ལྟར་ཕར་གཡོལ་ཚུར་གཡོལ་བྱས་ཏེ་སྡོད་ཐབས་ག་ལ་ཡོད། དེ་ལྟར་དཔུང་ས་འོག་ལ་བཅུག་ཅིང་རང་གི་ནུས་ཤུགས་ལ་བརྟེན་དགོས་དུས། མི་ཚེ་འདིར་སྔར་བྱུང་མྱོང་མེད་པའི་དཀའ་སྡུག་མང་དག་ཅིག་མྱང་དགོས་བྱུང་།
བཀྲ་རྒྱལ་ལ་བཟོད་དཀའ་བའི་དཀའ་སྡུག་གིས་མནར་ཏེ་ཡིད་ཐང་རྦད་དེ་ཆད་པའི་དུས་དེར། ལས་རོགས་ཚོའི་རོགས་རམ་འོག དཀའ་དུབ་ཆེ་བའི་ས་?འི་ལས་ཀ་སྤངས་ཏེ་འབྲོག་པ་ཚོའི་སར་ཕྱུགས་རྫི་དང་། དབྱར་རྩྭ་དགུན་འབུ་འཐུ་རོགས་བྱས་ཀྱང་དེ་སྔ་བྱས་མྱོང་མེད་པའི་ལས་དེ་དག་ཀྱང་བསམ་ཚོད་ལྟར་སླ་བ་ཞིག་གཏན་ནས་མེད་པའི་ཁར། ཡོང་འབབ་དམའ་པོ་ལས་མེད་པས་ལས་རོགས་གཞན་ཚོའི་མདུན་དུ་རང་གཉའ་དམའ་བའི་སྣང་བ་ཞིག་ཡོང་གི་ཡོད། དེ་ལྟའི་དུས་སུ་ཁོས་རང་གི་སྤོ་བོ་ལགས་དང་རྨོ་བོ་ད་དུང་སེམས་མཐུན་སློབ་གྲོགས་རྣམས་ཀྱང་ལྷག་པར་དྲན་པ་མ་ཟད། དེ་སྔ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་བཀྱོན་ནམ་ཁ་ཏ་བསླབ་བྱ་དག་གཞི་ནས་རང་ལ་ཤ་ཚའི་སྙིང་གཏམ་དུ་ཤེས་ཤིང་། དེ་སྔ་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་དག་ལ་ལོག་ལྟ་དང་འཁོན་པ་བཟུང་མྱོང་བར་འགྱོད་པ་དྲག་པོ་སྐྱེས།
ད་ནི་ནམ་ཟླ་རིམ་བཞིན་འགྱུར་ཏེ་ལ་ཀླུང་གང་སར་བསིལ་བསིལ་རླུང་བུའི་འོ་དོད་དང་གར་སྟབས་བསྟུན། ས་བབ་མཐོ་སའི་སྤང་རྩྭ་དག་རིམ་བཞིན་སེར་པོར་གྱུར་བ་དེས། མི་ཡུལ་འདིར་སྟོན་ཟླ་ཟེར་བའི་ངུར་སྨྲིག་གོས་རྒྱན་བཀླུབས་པའི་དུས་ཀྱི་མགྲོན་པོ་དེ་ཕེབས་པའི་དུས་ལ་སླེབས་པ་ཤེས། ད་ནི་ཕ་ཡུལ་དུ་སྟོན་བསྡུའི་དུས་ལ་ཉེ་བས། ཕོ་གཞོན་རྣམས་བརྔ་བསྡུའི་ཆེད་ཕ་ཡུལ་ལ་ལོག་རྒྱུའི་སྟ་གོན་ལ་བྲེལ།
ཟླ་ཤས་རིང་རང་ཡུལ་སྤངས་ཏེ་གཞན་ཡུལ་འགྲིམས་པའི་ཁེར་རྐྱང་གི་འཚོ་བའི་ནང་། མ་གཞི་བཀྲ་རྒྱལ་གྱིས་སྔར་མེད་ཀྱི་དཀའ་སྡུག་མང་པོ་ཞིག་མྱངས་ཤིང་། ཡོང་འབབ་ཀྱང་ལས་རོགས་ཚོའི་ཁྲོད་དུ་ཉུང་ཤོས་ཡིན་མོད། ཁོས་དེ་སྔ་སློབ་གྲྭའི་ནང་དང་སློབ་དེབ་ཐོག་ནས་ཤེས་ཐབས་མེད་པའི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་། མི་ཚེའི་གནད་ལུགས་མང་པོ་ཞིག་ཤེས་པའི་ཁར། མཐོང་འདོད་མེད་པའི་ཕ་མ་གཉིས་ཀྱི་ངོ་རིས་དང་། སྡོད་འདོད་མེད་པའི་གྲང་ཅང་ཅང་གི་ཁྱིམ་ཚང་དེ་ལས་བྲལ་ཐུབ་པ་མ་ཟད། ད་དུང་དེ་སྔ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་བསགས་པ་ལྟ་ཅི་མཐོང་ཡང་མ་མྱོང་བའི་སྒོར་ཁྲི་ཙམ་གྱི་ཡོང་འབབ་མང་པོ་འདི་འདྲ་ཨམ་ཕྲག་ནང་གཞུག་རྒྱུ་བྱུང་བ་དེས། ཁོའི་བློ་ཡིད་ཡོངས་སུ་ཚིམས་ཏེ་སེམས་དགའ་ལྷང་ངེར་ཡོད།
བཀྲ་རྒྱལ་དང་ལས་རོགས་ཕོ་གཞོན་རྣམས་ནག་ཆུ་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ། ལྷ་སར་ཉིན་ཞག་གཉིས་རིང་ངལ་གསོ་དང་སྦྲགས་སེ་ར་དང་། འབྲས་སྤུངས། གཙུག་ལག་ཁང་སོགས་དགོན་སྡེ་ཁག་ལ་མཆོད་མཇལ་ཞུས།
དེ་སྔ་བྱམས་བརྩེ་ཅན་གྱི་སྤོ་བོ་ལགས་དང་རྨོ་བོ་ལགས་ལྷ་སར་ཕེབས་ཏེ་ཇོ་བོ་རིན་པོ་ཆེ་མཇལ་འདོད་ཆེན་པོ་བྱེད་པའི་ཚུལ་དེ་དྲན་དུས། བཀྲ་རྒྱལ་གྱི་སེམས་སུ་བཀའ་དྲིན་དང་བྱམས་སེམས་ཆེ་བའི་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་སྐུ་འཚོ་བཞུགས་སྐབས། ང་ལ་སེམས་ཁྲལ་ཁོ་ན་ལས་བཀའ་དྲིན་ཏིལ་འབྲུ་ཙམ་ཡང་གསོལ་རྒྱུ་མ་བྱུང་བས། ད་རེས་ཁོང་གཉིས་པོའི་ཐུགས་འདུན་བཞིན་གཙུག་ལག་ཁང་ལ་གནས་མཇལ་ཡག་པོ་ཞིག་ཞུས་ཏེ། ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཅི་ནས་ཀྱང་ཁོང་གཉིས་ལ་གསོལ་བ་སྨོན་ལམ་ཡག་པོ་ཞིག་གདབ་དགོས་སེམས།
དེ་ཉིན་བཀྲ་རྒྱལ་གྱིས་རང་གི་ཡོང་འབབ་ཀྱི་ཕུད་དེ་ནས་ཆེད་དུ་མཇལ་དར་དང་མཆོད་མར་ཉོས་ཏེ་གཙུག་ལག་ཁང་དུ་མཆོད་མཇལ་ལ་སོང་། ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་སླེབས་རྗེས་སྐུ་ཕྱག་ཕུལ་བ་དང་། ཇོ་བོ་རིན་པོ་ཆེར་དཀར་གཙང་གི་མཇལ་དར་བསྒྲོན་ཞིང་ཇོ་བོ་རིན་པོ་ཆེའི་སྐུ་མདུན་གྱི་གསེར་ཀོང་ཡང་བརྗེས། དེ་ནས་ཇོ་བོ་རིན་པོ་ཆེའི་བཞུགས་ཁྲིར་ཐོད་པ་གཏུགས་ཤིང་མིག་ཆུ་ཉིལ་ཉིལ་དུ་འཇིག་རྟེན་ཕྱི་མར་གཤེགས་པའི་སྤོ་བོ་ལགས་དང་རྨོ་ལགས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་པའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ་པ་མ་ཟད། གཙུག་ལག་ཁང་གི་མཆོད་མཇལ་ཡོངས་སུ་གྲུབ་རྗེས། ལྷ་སའི་ཁྲོམ་དུ་སོང་ནས་རག་གིས་མཆོད་ཀོང་ཆེན་པོ་གཉིས་ཉོས་ཏེ་ཕ་ཡུལ་དུ་ལོག
རང་ཡུལ་དུ་སླེབས་རྗེས། ཕ་མ་གཉིས་ནས་ཁོའི་ཟླ་ཤས་རིང་གི་ཡོང་འབབ་སྒོར་ཁྲི་ལ་ཉེ་བ་དེ་དག་མཐོང་དུས། དེ་སྔ་ང་ཚོའི་བུ་འདི་མུ་མཐུད་སློབ་གྲྭར་འགྲོ་མི་ཐུབ་པའི་དུས། ད་བར་མི་ལོ་འདི་འདྲའི་མང་པོ་ཞིག་སློབ་གྲྭ་མགོ་རུ་གྱོན་ཏེ་ལས་སྟངས་ཤོར་ཞིང་སྐེད་པའང་རེངས་པོར་གྱུར་ཟིན་སྟབས། ཁོའི་སླད་ཕྱིན་གྱི་མི་ཚེ་ཇི་ལྟར་དུ་སྐྱེལ་རྒྱུ་ཡིན་ནམ་སྙམ་པའི་སེམས་ཁྲལ་ཆེ་ཡང་། ད་ལྟའི་ཆར་མི་གཞན་དང་འདྲ་བར་ཕྱི་ལས་ལ་འགྲོ་ཐུབ་པ་མ་ཟད། ཐེངས་དང་པོར་ཡོང་འབབ་མང་པོ་འདི་འདྲ་ཁྱེར་ཡོང་བས། ད་བྱས་ན་བུའི་སླད་ཕྱིན་གྱི་འཚོ་བའི་ཐད་སེམས་ཁྲལ་བྱེད་དགོས་དོན་མི་འདུག་པ་མ་ཟད། དེ་སྔ་བུའི་དོན་དུ་སེམས་ཁྲལ་མང་པོ་དེ་འདྲ་བྱས་པ་ཆོ་མེད་སྡུག་གྱོང་ལ་སོང་འདུག་བསམས་ཏེ། ཁོ་ལ་འཛིན་པའི་ལྟ་སྟངས་ཀྱང་ཡོངས་སུ་འགྱུར་ཏེ་སྔར་རྫ་རི་ལྟར་འཐིབས་པའི་ཕ་མ་གཉིས་པོའི་བཞིན་ལས། སྤྲིན་བྲལ་ཉི་མ་ལྟ་བུའི་འཛུམ་མདངས་ཕྱུངས་ཤིང་། བར་སྐབས་ཤིག་གི་རིང་ཨ་ཕ་ར་བཟི་རྗེས་བཀྲ་རྒྱལ་གྱི་མིང་ཙམ་ཡང་འབོད་འདོད་མེད་པར"ཁོ་རེ་དང་ཡང་ན། སྐྱག་གཟན"སོགས་བཀྲ་རྒྱལ་མིང་གི་ཚབ་བྱེད་ཀྱང་། ད་ཆ་ཁོའི་མིང་དེ"བུ་དང་བུ"ཡིས་ཚབ་བྱེད།
དེ་ལའང་ཁག་ཅི། སྒོར་ཁྲི་ལ་ཉེ་བའི་ཡོང་འབབ་ནི་དེ་སྔ་ཕྱི་འགྲོའི་ཡོང་འབབ་ཅི་ཡང་མེད་ཅིང་། འཚོ་བར་དཀའ་ངལ་ཆེ་བའི་དགྲ་འདུལ་ཚང་གི་ངོས་ནས་བཤད་ན། མཐོང་དཀོན་པའི་ཡོང་འབབ་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་སྔ་དགྲ་འདུལ་ཚང་གི་གཟི་བརྗིད་དུ་བསྒོམས་ཏེ་གཞན་གྱི་མདུན་དུ་མ་ཎི་འདྲེན་འདྲེན་བྱེད་ཀྱང་། རྗེས་སུ་ཐོག་མའི་རེ་བ་ཐམས་ཅད་རྨེག་མེད་དུ་བཅོམས་ཏེ་ཁོ་ཚང་གི་ཞབས་འདྲེན་དུ་སོང་བས། མི་གཞན་གྱིས་གླེང་སློང་བྱ་རྒྱུར་སྐྲག་ནས་གཡོལ་གང་ཐུབ་བྱེད་པའི་བཀྲ་རྒྱལ་གྱིས། ད་ཆ་སླར་ཡང་ཁྱིམ་ཚང་འདིའི་ཆེད་སྔར་མེད་ཀྱི་ནུས་པ་ཆེན་པོ་བཏོན་ཏེ། སྐབས་ཤིག་རིང་གྲོང་མི་ཁྱིམ་མཚེས་ཚོའི་མདུན་དུ་ངོ་ཚའམ་མཚན་ཤས་སུ་བསམས་ནས་རྒྱ་ལྕང་གི་ཡལ་ག་བཞིན་དུད་དགོས་པའི་དགྲ་འདུལ་གྱི་མགོ་བོ་དེ། གྲོང་མི་ཚོའི་མདུན་དུ་སླར་ཡང་དར་ལྕོག་བཞིན་དུ་འགྲེངས་ཐུབ་པས་ལོས་ཡིན།
དེ་ལྟའི་ངང་དུ་ཕ་མའི་བརྩེ་བ་དང་ཁྱིམ་ཚང་གི་དྲོ་སྐྱིད་ཅི་ཡང་ཚོར་མི་ཐུབ་པའི་ཁྱིམ་ཚང་དེ་ནས། དགུན་གྲོལ་དཔྱིད་ཟླ་ཤར་བ་དང་འདྲ་བའི་དྲོད་སྣང་ཞིག་སླར་ཡང་རིམ་གྱིས་རྒྱས་ཏེ། ཡུན་རིང་གྲང་འཁྱགས་ཀྱིས་བཏུམས་པའི་བཀྲ་རྒྱལ་གྱི་སེམས་ཀྱི་ཞིང་ས་དེ་ལའང་སྐབས་ཤིག་རིང་མྱོང་ཐབས་མེད་པའི་བདེ་སྣང་ཕྲན་བུ་ཐོབ།
གང་ལྟར་ཡང་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱི་བྱམས་བརྩེའི་འཛུམ་མདངས་མཐོང་རྒྱུ་མེད་ལ། རྣ་བར་སྙན་ཞིང་སེམས་ཁམས་བདེ་བའི་བཀའ་མོལ་ཡང་ཐོས་རྒྱུ་མེད་པའི་ཁྱིམ་ཚང་འདི། སྔར་བཞིན་ཁོ་རང་གི་སེམས་ནས་བསམས་པའི་གནས་ཁང་དེ་མིན་པའི་སྣང་བ་ཞིག་གི་ཐོག ཁྱིམ་ནང་ཡོད་དུས་ཁྱིམ་ཚང་གི་གནས་གང་རུང་ཞིག་དང་དངོས་པོ་གང་རུང་ཞིག་གི་ཐོག་ནས་མཚན་མོའི་རྨི་ལམ་བཞིན་དུ་དྲན་སྣང་ལ་ཡང་ཡང་འཁོར་བའི། འཇིག་རྟེན་ཕྱི་མར་གཤེགས་ཟིན་པའི་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱི་འདས་སོང་གི་སྣང་བརྙན་མང་དག་ཅིག་མིག་ལམ་དུ་འཆར་ཞིང་། འདས་སོང་གི་དྲན་སྣང་དེ་དག་བཟོད་པར་དཀའ་བའི་སེམས་ཁམས་ཀྱི་མནར་གཅོད་དྲག་པོ་ཞིག་ཡིན་སྟབས། རྒྱུན་པར་བཀྲ་རྒྱལ་རང་ཁྱིམ་དུ་སྡོད་འདོད་མེད་པར་ཕྱི་ལས་ལ་འགྲོ་རྒྱུར་བྱུང་། དཀའ་སྡུག་ཆེ་བའི་ས་ལས་དང་?་ལས་ལའང་ཅུང་བྱང་པར་གྱུར། ད་དུང་བཀྲ་རྒྱལ་རང་ཁྱིམ་ལ་སྡོད་འདོད་མེད་པར་ཕྱི་ལས་ལ་འགྲོ་རྒྱུར་དགའ་བའི་རྒྱུ་རྐྱེན་གཞན་ཞིག་ནི། ཁྱིམ་ནང་བསྡད་དེ་ནང་ལས་ཙག་ཙིག་བྱེད་དུས། ནང་ལས་ལ་སྟོན་རྒྱུ་མེད་ཟེར་བའི་དཔེ་ལྟར་ནང་ལས་གང་ཚད་བྱས་ཀྱང་ཚར་རྒྱུ་མེད་ལ་སྟོན་རྒྱུའང་མེད་པའི་ཁར། ནང་ལས་བྱས་ཏེ་བསྡད་ཚེ་གྲོང་མི་ཁྱིམ་མཚེས་ཚོའི་མདུན་དུ་རང་གཉའ་དམའ་བའི་སྣང་བ་ཞིག་སྦྱིན་ཞིང་། གྲོང་ཚོའི་ནང་གི་ཕོ་གཞོན་གཞན་དང་འདྲ་བར་ཕྱི་ལས་ལ་སོང་ཚེ། གཅིག་ནས་མང་ཉུང་ལ་མ་བལྟོས་པར་ཡོང་འབབ་ཞིག་ཡོང་གི་ཡོད་པ་དེས་ཁྱིམ་ཚང་གི་འཚོ་བར་ཕན་ཆེ་བའི་ཐོག རང་གི་རིན་ཐང་ཡང་མངོན་ཐུབ་པས་མི་གཞན་གྱི་མདུན་དུ་རང་གི་ལ་རྒྱ་སྲུང་ཐུབ་པའི་ཕོ་ཉམས་ཤིག་མངོན་ཐུབ་པས་རེད།