ལོ་དེའི་དབྱར་ཁར་དགའ་སྐྱོ་ཟུང་འབྲེལ་གྱི་སློབ་གྲྭའི་འཚོ་བར་རྫོགས་ཚིག་བཀོད་དེ་ཕ་ཡུལ་དང་ཁ་ཐག་ཉེ་ཞིང་འཚོ་བའི་གོམས་གཤིས་ཅུང་འདྲ་བའི་རྩྭ་ཐང་སྟེང་དུ་འབྱོར། ལ་ལས་གནམ་སྔོན་མོ་ཐང་ལ་བརྡལ་བ་ལྟར་འཁོད་ཡངས་ཤིང་མུ་མཐའ་མེད་པའི་རྩྭ་ཐང་དེར་རྟ་ནོར་ལུག་སོགས་ཀྱི་སྒོ་ཟོག་མང་ཞིང་། ཤྭ་རྐྱང་གཙོད་སོགས་ཀྱི་རི་སྐྱེས་སྲོག་ཆགས་འབོར་ཆེ་བ་ཕུད། ས་ཁད་མཐོ་ཞིང་གནམ་གཤིས་གྲང་ལ་གསོ་རླུང་ཡང་མི་འདང་བས་མིའི་ཚེ་ཚད་ཐུང་དུ་འགྲོ་བ་དང་། གཟུགས་ཁམས་ལ་ནད་གཞི་ཅི་རིགས་ཕོག་སླ་བ། རྐང་ལག་ཞ་ནས་འཁུམ་ཉེན་ཆེ་ཞེས་གླེང་དུས། འདི་ལས་བཟང་བའི་ས་ཆ་ཞིག་ཏུ་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་ཏུ་འབར་བའི་མེ་ལྕེ་དང་འདྲ་བར་ངའི་གློ་སྙིང་ཡོངས་བསྲེགས་པར་བརྩམས་མོད། ཐལ་བའི་དཀྱིལ་དུ་པགས་གདན་ཧྲུལ་པོའི་སྟེང་ནས་འཚར་ལོངས་བྱུང་བའི་མང་ཚོགས་དཀྱུས་མའི་བུ་ཕྲུག་ཅིག་ལ་གོང་རིམ་གྱི་བཀའ་བཀོད་དང་ལེན་ཞུ་རྒྱུ་ལས་འོས་མེད་ཅིང་། ལོ་མང་སློབ་སྦྱོང་བྱས་པའི་འབྲས་བུ་སྨིན་ལ་ཉེ་བའི་མཚམས་སུ་ཁོར་ཡུག་ལེགས་ཉེས་དང་། ས་ཁད་མཐོ་དམན། ས་ཐག་ཉེ་འགྱངས་ལ་བལྟས་ནས་ལྟོ་ཕོར་གཅོག་ག་ལ་རུང་། དེ་ལས་ལྡོག་སྟེ། ལས་བགོས་རྒྱབ་ཡུལ་གྱི་ས་ཆ་དེ་ཅི་འདྲའི་སྐྱོ་པོ་ཞིག་ཡིན་རུང་། སློབ་ཞོར་གྱི་ཁྱིམ་ཚང་དགེ་རྒན་བྱེད་པར་བསྐྱོད་པ་དང་། གཟའ་མཇུག་ཚེས་རིམ་བཞིན་ཞོར་ལས་ཙག་ཙིག་ལ་འདུར་བ། དྲིན་ཕ་མས་ཉེ་སར་ཞུ་བ་འཐེན་ཞིང་འགྱངས་སར་ཁག་ཐེག་བྱས་ཏེ་གཞན་ངོ་བརྡུངས་པའི་བུ་ལོན་གྱི་ཁ་གྲངས་མང་དུ་འགྲོ་བར་བསམས་ན་ཅི་ཡང་མི་སྐྱོན་སྙམ་བཞིན་ལམ་དུ་ཆས།
ད་ཆ་ཕྱིར་བསམ་གཞིག་གཏོང་སྐབས། ལོ་དེར་བདམས་པའི་ལམ་བུ་ནི་བདག་གི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཆེས་བཟང་ཤོས་ཐེབས་པའི་གདམ་ག་ཞིག་ཡིན་ལ། རི་མ་ཐང་རྒོད་ལྟ་བུའི་བསམ་བློའི་ཞིང་སར་ས་རྒོད་སློག་ཅིང་?་ཧྲུག་བསལ་ནས་བརླན་ཆུ་འདྲེན་པའི་བརྒྱུད་རིམ་ཞིག་དང་། མི་ཚེའི་མཐར་གཏུགས་ཀྱི་འབད་འཐབ་དམིགས་ཡུལ་དེའི་ཁ་ཕྱོགས་རྙེད་པའི་ལམ་བུ་ཞིག་ཀྱང་ཡིན། ལོ་ངོ་འདི་དག་གི་རིང་། ས་མ་འདྲིས་བྱང་ཐང་སྐྱ་མོ། འདྲིས་ཚར་ན་རང་གི་ཕ་ཡུལ། ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི། འདྲིས་ཚར་ན་རང་གི་སྒོ་ཁྱི། ཞེས་པ་ལྟར་སྟོད་ནག་ཚང་ནོར་གྱི་ཕ་སར་འབོད་པའི་ཡུལ་གྲུ་འདི་ནས་ཞག་གྲངས་ཟླ་ལ་བསྐྱལ་ཅིང་། ཟླ་གྲངས་ལོ་ལ་བསྐྱལ་ནས་རིན་ཆེན་གསེར་ནག་ལས་ལྷག་པའི་གཞོན་དུས་ཀྱི་ལང་ཚོ་ཡུལ་ལུང་འདིར་ཐིམས། རྒྱང་རིང་གི་ཕ་མ་སྤུན་མཆེད་དྲན་པའི་སེམས་སྡུག་གི་མིག་ཆུ་རྩྭ་ཐང་འདིའི་ཕང་བ་རུ་ལྷུང་ཡོད་ལ། ཡིད་དང་སེམས་ཀྱིས་བསྐྱངས་པའི་དཀའ་སྡུག་གི་རྔུལ་ཆུ་ཡང་འདི་གར་མི་འཐོར་བ་ག་ལ་སྲིད། དེ་བས་ཀྱང་ཡིད་དགའ་ཞིང་། བློ་བདེ་བ་ཞིག་ནི་སྙིང་ཁོང་རུས་པའི་གཏིང་ནས་བ?ལ་བའི་དགའ་ཞེན་ཞིག་གིས་ཕུགས་ཀྱི་གཏད་སོ་ཞིག་གམ་ཡང་ན་རང་ཉིད་ཀྱི་སེམས་པ་མནལ་ལ་ཕབ་ནས་འཇུ་འདོད་ཅིང་། སྤྲོ་བ་ཆེས་ཆེར་འཕེལ་ཐུབ་པའི་བྱ་བ་ཞིག་ཕ་ཁུ་མ་སྲུ་རིང་དུ་གྱེས་པའི་གཞན་ཡུལ་འདི་ནས་རྙེད་ཡོང་བསམ་པ་སྣང་བའི་ཡིད་ལའང་མེད།
དོན་དངོས་ཀྱི་འཚོ་བར་རྒྱུས་མངའ་གཏིང་ཟབ་ལོན་རྗེས། བྱང་ཐང་མི་མེད་ལུང་སྟོང་དུ་གྲགས་པའི་འཇིགས་ཡེར་ཞིང་སྐྲག་སྣང་ཆེ་བའི་རྩྭ་ཐང་དེར་གནའ་སྔ་མོ་ནས་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་མྱོང་བའི་ཞབས་རྗེས་གང་སར་མཐོང་རྒྱུ་ཡོད་ཅིང་། ?་ཆས་གསར་རྙིང་དང་། གདོད་མའི་ཤེས་རིག་མཚོན་པའི་བྲག་རིས་སོགས་གནའ་ཤུལ་མང་ལ། མི་རབས་ནས་མི་རབས་བར་འཚར་ལོངས་བྱུང་བའི་ཡུལ་མི་ཚོའི་ནང་བསམ་པའི་བློ་རིག་དང་། ཕྱི་དངོས་པོའི་འཚོ་བ་ནི་དེ་བས་ཀྱང་ངོ་མཚར་གྱིས་ཕྱུག་པ་ཞིག་ཡིན་པ་གཞི་ནས་རྟོགས།
རེད་ལགས། ད་ཆ་བགྲང་བྱ་བཅུ་གྲངས་གཤིབས་འདྲིས་བྱུང་བའི་རི་ལུང་འདི་ནས་གྱེས་ཕྱག་ཕུལ་ཟིན་རུང་། རི་ཆུ་སྟོང་གིས་ཆོད་པའི་བར་ཐག་གིས་བདག་གི་སེམས་དབུས་སུ་ལྷམ་མེར་གསལ་བའི་བག་ཆགས་ཀྱི་རི་མོ་བསུབ་ཐབས་མེད་ལ། ལོ་ཟླའི་དུས་ཀྱི་འཁོར་ལོ་ག་ཚོད་བསྐོར་ཡང་། བྱིའུ་ཕྲུག་ཐང་གྱར་ཞིག་ནས་གཤོག་ཟུང་གི་གཉོམ་ལག་མ་རྒྱས་པར་གཉོར་སྐྱོང་བྱས་པའི་བཀའ་དྲིན་ནི་དེ་བས་ཀྱང་ག་ལ་བརྗེད་སྲིད། རྟ་བདུན་དབང་པོ་ཤར་ཕྱོགས་ལྷུན་པོའི་རྩེ་ནས་འཛུམ་གྱིས་འཕགས་ཤིང་ཡངས་པའི་ས་གཞིའི་སྟེང་དུ་གསེར་མདོག་གི་འོད་མདངས་སྲབ་མོ་ཞིག་དལ་བུས་བྱུག་པའི་ཚེ་ན། དྭངས་གྲུང་གྲུང་དུ་ལྡེམ་པའི་རྩྭ་ཡི་ཉག་མ་རེ་རེས་མགོ་བོ་དགྱེ་ནས་ཉི་མའི་ཕྱོགས་སུ་གཡོ་བ་ནི། བྱིས་པ་ཞིག་གིས་ཨ་མའི་སྤང་དུ་མཚན་གང་འཇམ་པོའི་གཉིད་ལ་རོལ་ཏེ། སྤྲོ་སྣང་ལྡན་པའི་ཉིན་གུང་གཞོན་གསར་བསུ་བའི་རྐྱོང་ཤད་བྱེད་པ་ལྟར་སྣང་ལ། རྩྭ་ཡི་ཉག་མ་ཁྲི་མ་འབུམ་གྱིས་གྲུབ་པའི་རི་ལུང་ཀུན། གཡུ་ཡི་དར་གོས་ཐང་ལ་བཀྲམ་པ་ལྟར་སྔར་ན་མེད་པའི་གསོན་ཤུགས་རྒྱས་ཤིང་། ཁོད་ཡངས་ལ་ཁམས་གཙང་བའི་ལྷིང་འཇགས་ཡིད་འོང་གི་ཞིང་ཁམས་འདིའི་དཀྱིལ་སྙིང་ན། སྟག་ཤར་པའི་སོར་རྩེས་བསྒྲིམས་ཤིང་དམན་བུ་མོས་བསྣལ་སྐས་བརྩེགས་པའི་བློ་གྲོས་ཀྱི་ཉིང་བཅུད་དེ། གཉན་ཆེན་ཐང་ལྷའི་ལྷ་གཡག་དཀར་པོའི་སྦོ་རྩིད་དང་གནམ་མཚོ་ཕྱུག་མོའི་འབྲི་མོ་ཟེར་ཁྲའི་སྐེ་ཁུལ་གྱིས་བཏགས་པའི་མཐིང་སྨུག་སྦྲ་ནག་འགྱིངས་ངེར་གནས་ཤིང་། དེའི་དགུང་ཁ་ནས་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་སྔོན་པོ་དེ་ཉིད་ཉི་ཟེར་གྱི་རྟ་ལ་བཞོན་ནས་དགུང་སྔོན་དབྱིངས་སུ་ཡལ་འགྲོ་བ་ནི། སྟེང་ཕྱོགས་ལྷ་ཡི་ཡུལ་དུ་ཕུལ་བའི་བསང་དུད་ཅིག་དང་ཨ་ན་མ་ན་རེད། ད་དུང་སྦྲ་ནག་གི་ཉེ་འདབས་སུ། ནག་ཆུང་ནོར་གྱི་ཚོགས་རྣམས་སྐྱུག་ལྡད་ཡོམ་ཡོམ་ངང་འཇམ་ཅག་གེར་ལྷས་ཀྱི་རྡང་ལ་འཁོད་ཅིང་། གཡང་དཀར་མ་མོའི་ཚོགས་ཀྱང་སྟོན་གྱི་སྤྲིན་དཀར་དུམ་བུ་ཐང་ལ་བཏིང་བ་ལྟར་དཀར་ཉིལ་ལེར་གནས་ལ། མི་རིང་བའི་ས་ཆ་ཞིག་ནས་འདོ་བ་རྟ་ཕོའི་འཚེར་སྒྲ་ཞིག་བར་མཚམས་མེད་པར་གྲགས་ཡོང་། རེད་ལགས། འདི་ནི་སྒྱུ་རྩལ་མཁན་པོའི་སྨུག་རྩེས་བཞེངས་པའི་དག་ཞིང་གི་དོ་ཟླ་མིན་ལ། མི་སེམས་ལྷོད་ལ་ཕབ་ཅིང་བག་ཡངས་ཀྱི་བདེ་ལ་འགོད་པའི་ལོངས་སྤྱོད་ཅིག་ཅི་ལ་མིན། ད་དུང་ལྷག་བསམ་དུང་ལས་དཀར་ཞིང་ངང་རྒྱུད་ཆུ་ལས་རིང་བ། གང་བསམ་ངག་ནས་བརྗོད་ཅིང་སེམས་ཁོང་མདའ་ལྟར་དྲང་པའི་ཨ་ཁུ་ཨ་ཞང་ཚོ་དང་། གཤིས་རྒྱུད་བལ་ལས་འཇམ་ཞིང་། ཐབ་ཆུ་བལ་ལས་མཁས་པའི་ཨ་ནེ་ཨ་སྲུ་ཚོ། དེ་དག་ཡོད་ཚོད་ངས་རྩྭ་ཐང་ཡང་ཡང་དྲན་པའི་རྒྱུ་མཚན་ཉག་ཅིག་ཡིན།
རྩྭ་ཐང་ཡ། རྩྭ་ཐང་། ངས་ཁྱོད་ཉིད་ཡང་ཡང་དྲན་པའི་རྒྱུ་མཚན་འདི་ཙམ་གྱིས་ག་ལ་ཚད་དེ་ཚད་མི་སྲིད། གལ་ཏེ་རི་མགོའི་བྲག་གསེང་གང་སར་ཁ་ཐོར་ཡ་ཐོར་དུ་ཁུ་སིམ་མེར་གནས་པའི་གནའ་ཤུལ་དག་བདག་གི་བསམ་གཞིགས་ཀྱི་རྟ་ཕོ་དམ་པོར་བཀྱིག་པའི་རྟོད་ཐག་དེ་ཡིན་ཚེ། རྫ་རྩེ་གཡའ་རྩེར་བཞད་པའི་གངས་ལྷ་མེ་ཏོག་ལྟར་ལྷམ་ལྷམ་དུ་འཚེར་བའི་ཤེས་རིག་གི་བཀྲག་མདངས་རེ་རེ་ནི་ངས་བཟོས་ནས་ངོམས་རྒྱུ་མེད་པའི་རྟོད་རྩྭ་འབོལ་པོ་དེ་དང་། བཏུང་ནས་རྫོགས་རྒྱུ་མེད་པའི་དྭངས་གཙང་གི་རྫ་ཆུ་བསིལ་མ་དེ་ཡིན། གལ་ཏེ་མ་རྒྱུ་མཁྲེགས་ཤིང་གཡས་གཡོན་གྲུ་ཟུར་གང་སར་ཤུར་ཁ་བཏོན་ཏེ། རྩེ་མོ་སྙུང་སྙུང་སུ་བཅོས་པའི་མཛུབ་མོ་ཙམ་གྱི་རྡེའུ་མདའ་རྩེའི་གཟུགས་དེ་དག་མིག་མཐོང་ལག་ཟིན་གྱི་རྒྱུ་ཞིག་མིན་ཚེ། ད་ཆ་མི་ལོ་ཁྲི་ཕྲག་གཞལ་བའི་ལོ་རྒྱུས་ཀྱི་དཔང་པོ་སྟེ། གདོད་མའི་དུས་ནས་གནའ་མི་འཚོ་སྡོད་བྱས་མྱོང་བའི་ཞབས་རྗེས་དག་ཆུ་ནང་གི་རྐང་རྗེས་ཇི་བཞིན་སྔ་ས་ནས་ཡལ་ཟིན། གལ་ཏེ་ལྷ་འདྲེས་བྲིས་པར་གྲགས་པའི་འབྲོང་དང་། ཤྭ་བ། མི་སོགས་ཀྱི་བྲག་རིས་དེ་དག་སྔར་རྒྱུན་བཞིན་སུས་ཀྱང་དོ་སྣང་མ་བྱུང་བར་ཁུ་སིམ་མེར་ལུས་ཚེ། རྐང་གཉིས་མགོ་ནག་མི་ཡི་ཆེས་གནའ་བོའི་ནང་སེམས་ཀྱི་དད་མོས་དང་ཕྱི་དངོས་པོའི་འཚོ་བར་རྒྱུས་མངའ་ལོན་ཐབས་བྱ་བའི་ཁུངས་སྣེ་ཡོད་མི་སྲིད་ལ། གདོད་མའི་ཤེས་རིག་མཚོན་པར་གྲགས་པའི་རི་མོ་དེ་དག་གིས་ཅི་ཞིག་གསལ་བཤད་བྱ་ཐུབ་རྒྱུར་དེ་བས་ཀྱང་ཡིད་འཇོག་བྱ་མི་སྲིད། གལ་ཏེ་བྲག་གསེང་གང་སར་གནས་པའི་རྒྱ་ཆེ་ཞིང་སྤུས་ཀ་བཟང་ལ་གཡང་གཟར་ཆེ་རུང་རྩིག་གཞི་བརྟན་པའི་རྩིགས་ཤུལ་དེ་དག་མིག་གི་མཐོང་ཆོས་སུ་མ་གྱུར་ཚེ། འཕྲུལ་ཆས་དང་། སྐས་འཛེགས། དཔྱང་ཐག་སོགས་ཀྱི་ལག་ཆས་དབེན་པའི་ཕ་མེས་ཡང་མེས་ཚོའི་བློ་སྤོབས་དང་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ཇི་ལྟ་བུ་ཞིག་ཡིན་མིན་ལ་བསམ་གཞིགས་བྱ་མི་ཐུབ་ཅིང་། སྔར་རྒྱུན་བཞིན་ཟེར་སྒྲོས་ཙམ་ལས། འདི་ཚོའི་བདག་པོ་སུ་ཞིག་ཡིན་མིན་ལ་དོགས་སློང་བྱ་མི་སྲིད་ལ། ཚོ་པའི་མིང་ལ་ཅི་ཞིག་ཟེར་ཞིང་། ཚོ་པ་གང་འདྲ་ཞིག་བྱུང་མྱོང་མིན་ལ་དེ་བས་ཀྱང་ཚོད་དཔག་བྱ་མི་སྲིད།
མ་གཞི་ད་བར་ཁུ་སིམ་མེར་གནས་པའི་གནའ་ཤུལ་དག་སྔར་རྒྱུན་བཞིན་ལོ་རྒྱུས་ཀྱི་གསང་བ་དུ་མ་རུམ་ལ་བཅུག་སྟེ་དུས་ཀྱི་བར་སྟོང་དཀྱིལ་དུ་གོ་མེད་ཚོར་མེད་ངང་གནས་ཡོད་ལ། ད་བར་ལོ་ངོ་ཇི་ཙམ་སོང་བའི་ལོ་རྒྱུས་དང་། གནའ་མིའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ངམ་དད་འདུན་མོས་གུས་སོགས་ཇི་ལྟར་མཚོན་ལུགས་ཀྱི་འགྲེལ་བཤད་གསལ་པོ་ཞིག་སྐྱོན་མཁན་མེད་ཁར། ཐ་ན་འདི་དག་གི་བདག་པོ་སུ་འདྲ་ཞིག་ཡིན་ཞིང་། དེའི་དར་རྒུད་ཆགས་འཇིག་གང་འདྲ་བྱུང་མིན་ལ་ཡང་འོལ་ཚོད་ཀྱི་ངག་རྒྱུན་ཙམ་ལས་ཚིག་ཐག་ཆོད་པའི་སྡོམ་ཚིག་ཅིག་འགོད་མཁན་དཀོན་མོད། འཛམ་གླིང་ཤེས་རིག་འབར་གས་ཀྱི་དུས་སྐབས་འདི་ན། གངས་རླུང་ཁྲོད་དུ་འགྱིང་ངེར་གནས་པའི་ལོ་རྒྱུས་ཀྱི་དཔང་པོ་འདི་ཚོའི་གསང་བ་བསྔོག་རྒྱུ་དེ་ཆེས་དཀའ་བའི་དོན་ཞིག་ཡེ་ནས་ཡིན་མི་སྲིད།
རེད་ལགས། འདི་ལྟར་ང་ཚོའི་མེས་པོ་ཚོས་ཤིང་གི་རྩོལ་བར་བརྟེན་ནས་མེ་བླངས་པ་དང་། རི་དྭགས་གཡུང་ལ་ཕབ་ནས་སྒོ་ཕྱུགས་སུ་བཏུལ་བ། ?་དང་རུས་པའི་ལག་ཆར་བརྟེན་ནས་ཐོན་སྐྱེད་བྱ་བ། ས་འདམ་གཡོས་ནས་རྫ་ཆས་བཟོ་བ། གཏེར་?་བཞུས་ནས་ལྕགས་རིགས་བཙོ་སྦྱངས་བྱས་པ་སོགས་གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞིན་ལོ་དང་ཟླ་བའི་བཤུལ་ལམ་རིང་པོའི་ནང་། ཉིན་རེ་ནས་ཉིན་རེ་དང་ལོ་རེ་ནས་ལེ་རེ་བཞིན་ལེགས་བཅོས་དང་འཐུས་ཚང་ཡར་རྒྱས་བཏང་མཐར། ཐོན་སྐྱེད་ཀྱི་རྒྱུ་ཆ་དང་ལག་རྩལ། སྤྱོད་ཡུལ་བཅས་རང་གི་ལག་ནས་ཐོན་ཞིང་། རང་མཁོ་རང་སྤྲོད་ཐུབ་པའི་མ་ལག་ཆ་ཚང་ཞིག་གསར་བསྐྲུན་བྱས་ཡོད། དེ་མིན་ན་རྟ་ནོར་ལུག་སོགས་ཀྱི་བདག་པོར་གྱུར་བའི་ཨ་ཁུ་འབྲོག་པ་ཚོས། སྒོ་ཟོག་གི་ཕྱིའི་པགས་པ། སྤུ་རྩིད་དང་། ནང་གི་ཤ་ཁྲག་ཚིལ་སོགས་ཕྱི་ནང་ཡོད་ཚད་བཀོལ་སྤྱོད་གང་ལེགས་བྱས་ཏེ། བལ་རྩིད་འཁེལ་གཡོག་བཏགས་བཙེམས་བྱས་པའི་སྦྲ་དང་། གདང་ཐག་སྐེ་ལུང་། གྱོན་གོས་སྣ་ཚོགས་དང་། ཀོ་ལྤགས་མཉེད་པའི་སློག་པ་དང་། རྟ་སྒྲོ། འབྲེང་ཐག་ལ་སོགས་པ། འབྲི་བཞོ་མདོང་དཀྲོག་བྱས་པའི་དཀར་ཆུའི་ཟས་རིགས། ཐ་ན་རྭ་ཅོ་ཡན་གྱིས་ཨ་རུ་དང་རྙི་སོགས་བཟོས་ཏེ་མི་རབས་ནས་མི་རབས་བར་དང་། དུས་རབས་ནས་དུས་རབས་བར་འཚོ་བ་སྐྱེལ་བཞིན་ཡོང་བའི་བློ་གྲོས་ཀྱི་སྙིང་སྟོབས་ལ་མགོ་བོ་ལྕོག་ལྕོག་གི་བདེན་ཁ་སྟེར་མཁན་སུ་ཞིག་ཡོད་སྲིད།
གཅིག་བྱས་ན་དུས་ཀྱི་དཀྱོག་མཚམས་ཁྲོད་ལག་ལེན་དངོས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པའི་འཚོ་ཐབས་ཁག་གློག་དང་འཕྲུལ་ཆས་ལྟ་བུའི་ལས་ཆོད་ཆེ་ཞིང་། སྟབས་བདེ་ལ་དུས་ཚོད་མྱུར་བ་ཞིག་རྩ་བ་ནས་མིན་ལ། ཕྱི་རབས་ཚོས་སྔ་མ་སྔ་མའི་དཀའ་སྤྱད་སྡུག་རུས་མ་འཁྱོག་པར་རྒྱབ་ཏུ་བསྐྱུར་ཞིང་། ཕྱི་མ་ཕྱི་མ་དང་དུ་བླངས་རུང་དེའི་ལག་ཤེས་ཇི་ཡིན་མ་རྟོགས་པར་བེད་སྤྱོད་ཐུབ་ཙམ་ལས་མེད་ལ། དེ་དག་གི་ཐ་སྙད་དང་མིང་ཚིག་ཁག་ཀྱང་གཅིག་གཅིག་གཉིས་གཉིས་སུ་འབོད་མི་ཐུབ་ཅིང་ངོས་འཛིན་དཀའ་ལ། གསར་དར་ཐ་སྙད་དག་ཀྱང་མ་བྱང་བར་བསམས་ན། ནམ་ཞིག་ཚང་མས་ཚྭ་པའི་སྟག་སྐད་ཅེས་ཚྭ་ལེན་པར་འགྲོ་སྐབས་འགྲུལ་པའི་མཁོ་ཆས་ཚང་མར་རྣམ་ཀུན་གྱི་འབོད་སྟངས་མིན་པའི་མིང་གཞན་ཞིག་འབོད་རྒྱུ་ཡོད་པར་ཡིད་ཆེས་ཐོབ་མི་ཐུབ་ལ། འདོད་རྒྱལ་དང་རྗེས་གྲུབ་གང་ཞིག་ཡིན་རུང་། མེས་པོས་བཏགས་པའི་ས་སྐྱེས་?་སྐྱེས་ཀྱི་མིང་བརྡའི་ཆུ་རྒྱུན་རིང་མོ་དུས་ཀྱི་བྱེ་མའི་དཀྱིལ་དུ་སིམ་མི་ཡོང་ངམ་སྙམ་པའི་སེམས་ཚེགས་ཤིག་གིས་བློ་སེམས་ཡུལ་ཡུལ་པོར་འགྱུར་འགྲོ་བའང་རྫུན་དུ་མིན། འོན་ཀྱང་། རྒྱུ་སྤུས་དག་ལ་སྲ་ཞིང་ཐང་བས་ལུས་ཀྱི་དྲོད་གྲང་སྙོམས་པ་དང་། ཟས་ཀྱི་རོ་བཅུད་འཛོམས་པ། ཁོར་ཡུག་ལ་གཏོར་སྐྱོན་དང་སྦགས་བཙོག་གི་ཞོར་སྐྱོན་མེད་པའི་མེས་པོའི་འཚོ་སྡོད་ཡོ་བྱད་རྣམས་ཚན་རིག་དང་ཆ་འཕྲིན་གྱིས་མིའི་རིགས་ལ་ཞབས་ཞུ་ལྷད་མེད་སྒྲུབ་པའི་དུས་སྐབས་འདིར། ཆ་བསྡུ་ཡ་བསྡུ་བྱས་ནས་རྟེན་རྫས་གཤམས་མཛོད་ཁང་དུ་འགྲེམས་སྟོན་བྱེད་པ་དང་། ཐོན་སྐྱེད་མ་ལག་དང་བརྒྱུད་རིམ་ཁག་ཇི་མ་ཇི་བཞིན་ཡིག་ཐོག་དང་། བརྙན་གཟུགས་སུ་ཕབ་ནས་ཉར་ཚགས་བྱེད་བཞིན་ཡོད་ལ། ཕུལ་བྱུང་ལག་ཤེས་ཁག་ཅིག་སྔ་ས་ནས་གསོན་ཤུགས་གསར་པ་རྒྱས་ཏེ་དར་སྤེལ་འགྲོ་བཞིན་པ་ནི་དགའ་བ་འོས་པ་ཞིག་ཅི་ལ་མིན།
རེད་དེ། གལ་ཏེ་བློ་རིག་རྣམ་པར་བཀྲ་ཞིང་འཆར་ཡན་གྱིས་ཕྱུག་ལ་བློས་བསླངས་ཀྱི་སྒྱུ་རྩལ་ཆེས་ཕུན་སུམ་ཚོགས་པའི་མེས་པོ་ཚོ་མེད་ཚེ། རང་ཉིད་འཚོ་སྡོད་བྱ་ཡུལ་གྱི་རི་བོའམ་མཚོ་མོ་དག་ལ་མིང་རེ་བཏགས་རྗེས། ཕོ་མོའི་དབྱེ་བ་ཕྱེས་ནས་ལ་ལ་དཔའ་རྩལ་འགྲན་ཟླ་བྲལ་བའི་དཔའ་བོ་ཞིག་གི་གཟུགས་སུ་བསྐྲུན་པ་དང་། ལ་ལ་ལྟ་བས་མི་ངོམས་པའི་མཛེས་མ་ཡིད་དུ་འོང་བ་ཞིག་གི་གཟུགས་སུ་བསྐྲུན་པ། ལ་ལ་དྲན་རྒྱུ་རྒོད་ཅིང་རིག་པ་སྤྱང་ལ་ཐབས་དང་ཤེས་རབ་ལྡན་པའི་མི་སྣ་ཞིག་གི་གཟུགས་སུ་བསྐྲུན་རྗེས་ལོ་རྒྱུས་དང་སྦྲེལ་བའི་གཏམ་རྒྱུད་གསོན་ཉམས་ལྡན་ཞིང་། རྙོག་འཛིང་ཆེ་ལ་ངོ་མཚར་གྱིས་ཕྱུག་པ་འདི་དག་གསར་རྩོམ་བྱེད་མཁན་ཡོད་མི་སྲིད་ལ། འཆར་ཡན་དང་སྒྱུ་རྩལ་གྱིས་ཕྱུག་པའི་སྒྲུང་གཏམ་སྙན་པོ་དེ་ཚོར་ཉན་པའི་གོ་སྐབས་ནི་དེ་བས་ཀྱང་ག་ལ་ཡོད་སྲིད། གལ་ཏེ་སྲིད་པ་འཇིག་རྟེན་ཆགས་པའི་གླུ་ཆེན་དང་ཕོ་མོའི་བརྩེ་དུང་མཚོན་པའི་མཛའ་གླུ། ཁ་ཤགས་རྩེད་མཚར་འགྲན་པའི་མཆོར་གླུ་སོགས་ཀྱི་གླུ་སྣ་མི་གཅིག་བརྒྱ་དང་བརྒྱད་ཅུ་མེད་ཚེ། སྙན་ངག་པ་ཅི་འདྲ་ཞིག་ཡིན་རུང་དོ་ཟླ་བྲལ་བའི་གནའ་བོའི་སྙན་ངག་མཁན་གྱི་ཆོ་ལོ་དེ་སུ་ལ་འདོགས། གལ་ཏེ་ཚྭ་ལེན་པའི་ཚྭ་གླུ་དང་། བལ་འབྲེག་པའི་བལ་གླུ། འབྲི་འཇོ་བའི་འཇོ་གླུ། རྩྭ་བརྔ་བའི་རྩྭ་གླུ། ཞོ་དཀྲོག་པའི་ཞོ་གླུ་སོགས་ངལ་རྩོལ་སྣ་ཁ་རེ་རེར་གླུ་གཞས་མི་འདྲ་བ་རེ་རེའི་འགྱུར་ཁུག་མཐོན་པོའི་དབྱངས་སུ་གྱེར་མཁན་མེད་ཚེ། དཀའ་ཚེགས་ཆེ་བའི་ངལ་རྩོལ་གང་དེ། རྩེད་མཚར་དང་རྩལ་རྩེད་འགྲན་པ་ལྟར་དགའ་བདེའི་སྣང་བ་ཞིག་ལ་ཇི་ལྟར་རོལ་ཐུབ། གལ་ཏེ་དཔེ་དོན་འབྲེལ་ཆགས་ཤིང་ནང་དོན་ཟབ་པའི་གཏམ་དཔེ་དཔེ་འཇོག་སྨྲ་མཁན་གྱི་སྨྲ་སྒོ་དེ་ལྷོག་ལྷོག་ཏུ་འཕྱུར་བའི་ཆུ་མིག་ལྟར་ཞིག་མེད་ཚེ། ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་ཚྭ་མ་བཏབ་པའི་ཟ་མ་བཞིན་དུ་ཅང་ཅང་ཞིག་ལས་མེད་ལ། དོན་གྱི་འབྲས་བུ་ལག་ཏུ་ལོན་མིན་ཡང་ཐེ་ཚོམ་གྱི་གནས་སུ་འགྱུར་ངེས། གལ་ཏེ་རིག་པ་མྱུར་ཞིང་རང་སར་གསར་རྩོམ་ཐུབ་པའི་བློ་རིག་པ་ཅན་གྱི་སྐྱིད་ཟུར་ལགས་ལྟ་བུ་འབའ་ཞིག་མིན་ཚེ། སྐྱིད་བག་སྟོན་བྱེད་ཉིན་གྱི་གཉེན་དཔོན་དེ་ལྐུགས་པ་ཡིན་ལ། རྟ་འདོ་བ་བང་རྩལ་འགྲན་ཉིན་གྱི་རྟ་རྒྱུག་དེ་བོང་རྒྱུག་དང་། ཤོ་ཁྲ་རིལ་རྩེ་ཉིན་གྱི་ཤོ་པ་དེའང་ངག་བསྡམ་པ་མིན་ན་ཅི་ཞིག་ཡིན། གལ་ཏེ་བློ་དང་རིག་པ་བསྡུར་བའི་རྩེད་འཇོ་འདྲ་མིན་སྣ་ཚོགས་གསར་རྩོམ་དང་ལག་བརྒྱུད་བྱ་མཁན་ཞིག་མེད་ཚེ། ད་གཟོད་གྱ་ནོམ་པའི་བསམ་པའི་རྒྱགས་ཕྱེ་འདི་ཚོས་སྐྱེ་བོའི་བློ་ཁ་བསྐོང་མི་ཐུབ་ལ་གཞན་ཡིད་འགུག་པའི་ནུས་པ་ནི་དེ་བས་ཀྱང་ག་ལ་ཡོད་སྲིད།
རེད་ལགས། གཅིག་བྱས་ན། བརྙན་འཕྲིན་དང་། དྲ་བ། འཕྲིན་ཕྲན་སོགས་གསར་དར་གྱི་རོལ་རྩེད་སྣ་མང་ཅན་གྱིས་གནམ་ས་འགེབས་པའི་དུས་ཀྱི་འགྱུར་ཁུག་ཁྲོད། མེས་པོའི་རྣམ་དཔྱོད་ལས་འཁྲུངས་པའི་ཤེས་རིག་འདི་དག་རེ་ཞིག་བག་ཡངས་ཤིང་ཁུ་སིམ་མེར་རྩྭ་ཐང་གི་གྲུ་ཟུར་ཞིག་ཏུ་ཁེར་རྐྱང་དུ་གྱར་ནས་ཚང་མས་འཕྱར་རྒྱུའི་དར་དང་། ངོམ་རྒྱུའི་སོ་དེ་མིན་པ་རྫུན་དུ་མིན་ཡང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡང་ནས་ཡང་དུ་བཙོ་སྦྱངས་དང་ཞུན་བརྡར་བཏང་བའི་རིག་པའི་ཉིང་བཅུད་འདི་དག གང་ཟག་སུ་འདྲ་ཞིག་གིས་རང་སྣང་གང་དྲན་ངང་རིག་པས་ཁུངས་སྐྱེལ་རྒྱུ་མེད་ཅིང་དོན་དངོས་ཀྱིས་ར་སྤྲོད་མི་ཐུབ་པའི་ལབ་?ལ་ཞིག་མིན་པས་ན། སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་དར་སྤེལ་ཤུགས་ཆེ་གཏོང་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་བཟང་འདིར། ང་ཚོའི་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་འདི་ཚོར། ཚན་རྩལ་གྱི་གོ་ཆ་གསར་པ་རེ་སྤྲས་ཏེ་དཔྱིད་ཀྱི་མྱུ་གུ་དང་འདྲ་བར་གསོན་ཤུགས་གསར་པ་ཞིག་རྒྱས་ནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐེ་ཚོམ་མི་དགོས་སྙམ་བཞིན་ཡིད་སེམས་སྤྲོ་བས་བརྟས་ཏེ་བདག་གི་བློ་ཁ་ཡོངས་སུ་རྫོགས་སོ།།
ལྷུག་རྩོམ་འདིའི་རྩོམ་སྒྲིག་འགན་འཁུར་བ་བསྟན་པ་ཡར་རྒྱས་ཡིན།