རས་ཆུང་ཕུག་ལ་མཇལ་བ།

རི་སྐྱེས་མེ་ཏོག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


        ཡུལ་ལྷ་གཞིས་བདག་འཁྲུགས་པའམ་ཡང་ན་ང་ཚོས་མ་ཡུམ་ནོར་འཛིན་མའི་སྐུ་ལུས་ལ་གཅེས་སྤྲས་ལེགས་པོ་ཞིག་མ་བྱུང་བའི་རྐྱེན་གྱིས་ཡིན་ནམ་ཅི།  གང་ལྟར་འདི་ལོ་ནི་ཆར་ཆུ་ཆེས་དཀོན་པའི་ལོ་ཞིག་ཡིན་ཏེ།  ད་ལྟ།  རང་ཅག་བོད་ཀྱི་གཏམ་དཔེར་དྲུག་པ་ཆར་སྒང་ཆུ་སྒང་ཞེས་སུ་གྲགས་པའི་ནམ་དུས་ལ་སླེབས་ཟིན་ནའང་ད་དུང་ཆར་པ་ཡིད་ཚིམ་པ་ཞིག་གཏན་ནས་འབབ་མ་ཐུབ།   ནམ་མཁའི་ལྷ་མོས་བྱམས་བརྩེའི་སྤྱན་ཟུར་ཡུད་ཙམ་ཞིག་གཡོས་པའི་དྲིན་ལས།  མདང་དགོང་སྟེ།  བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོ།  ནོར་འཛིན་བུ་མོའི་ལུས་ལ་སྦྲང་ཆར་ཟིམ་བུའི་དངོས་གྲུབ་ཅུང་ཟད་ཅིག་ཐོབ་པས་ན།  དེ་རིང་ཞོགས་པ་ནི།  ནམ་མཁའ་སྤྲིན་སྔོན་གྱིས་གང་ཞིང་།  ས་གཞི་སྣུམ་ཐིང་ངེར་གྱུར་ལ།  རི་སྟེང་དུ་སྨུག་པའི་དུམ་བུ་ཁ་ཤས་ད་དུང་ཡང་ཉལ་ནས་འདུག

 

        རས་ཆུང་ཕུག་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་གྲོང་ལྷན་གྱི་ས་ཁོངས་སུ་གཏོགས་ཤིང་།  སྔོན་ཡར་ཀླུང་ཤར་དང་ནུབ་ཅེས་གྲགས་པ་དང་དེང་ཡར་ཀླུང་དང་འཕྱོངས་རྒྱས་ཞེས་སུ་འབོད་པའི་ལུང་གཞུང་གཉིས་ཀྱི་འབྲེལ་མཚམས་སམ་ཡང་ན་ལུང་གཞུང་གཉིས་བར་གྱི་རི་རྒྱུད་ཟད་མཚམས་ཀྱི་ཆེས་སྣེ་མོར་གནས་པའི་རི་བོ་དེའི་ཞབས་སྟེང་ན་ཆགས་ཡོད།

 

        གནའ་བོའི་གྲོང་རྡལ་རྩེད་ཐང་ནས་རས་ཆུང་ཕུག་ལ་བགྲོད་རྒྱུ་ནི་ཤིན་ཏུ་སྟབས་བདེ་བ་ཞིག་ཡིན་ཏེ།  རྩེད་ཐང་གྲོང་རྡལ་ནས་ལམ་ཨང་བཞི་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཁེ་སྨད་གྲོང་ཚོར་སླེབས་ཤིང་།  དེ་ནས་རླངས་འཁོར་ལས་བབས་ཏེ་གྱེན་དུ་གོམ་པ་བརྒྱ་ཕྲག་འགའ་འཛེགས་ན་རས་ཆུང་ཕུག་ཏུ་སླེབས་ཀྱི་ཡོད།  གལ་ཏེ་སྐུ་ཉིད་ལ་སྒེར་བདག་རླངས་འཁོར་ཡོད་ཚེ་དེ་བས་སྟབས་བདེ་བ་སྟེ།  གནའ་བོའི་གྲོང་རྡལ་རྩེད་ཐང་ནས་ཁྲ་འབྲུག་གཙུག་ལག་ཁང་བརྒྱུད་མུ་མཐུད་དེ་ལྷོ་ཕྱོགས་སུ་སྤྱི་ལེ་གཅིག་མིན་ཙམ་སོང་ན་གཡས་ངོས་སུ་ཡོད་པའི་ཁེ་སྨད་གྲོང་ཚོར་འགྲོ་སའི་ལམ་སྣེ་ཟིན་ཞིང་།  ལམ་དེ་ནས་ཞལ་ནུབ་ཕྱོགས་སུ་གཏད་དེ་བསྐྱོད་པ་ན།  ཤར་རྒྱག་དགོན་པའི་རྒྱལ་སྒོའི་གཤམ་བར་རླངས་འཁོར་འགྲོ་ས་ཡོད།  

        ཁོ་བོ་རྩེད་ཐང་དུ་གཞིས་ཆགས་ནས་བགྲང་བྱའི་ཉག་མ་བཅུ་གཅིག་ཙམ་སོང་མོད།  འོན་ཏེ།  སྟོང་བྲེལ་གྱི་ཞགས་ཐག་སྦོམ་པོ་ཞིག་གིས་བཅིངས་པས་ད་ལྟའི་བར་རས་ཆུང་ཕུག་ལ་མཇལ་བའི་སྐལ་བ་མ་ཐོབ།  དེ་རིང་བདག་གིས།  བྲེལ་ཟིང་གི་ཐག་པ་ཡོད་ཚད་དུམ་བུར་བཅད་ནས་རང་གི་བཟའ་ཟླ་དང་བུ་ཆུང་བ་ཁྲིད་དེ་རས་ཆུང་ཕུག་ལ་བསྐྱོད་པ་ཡིན།  ང་ཚོས་ཐོག་མར་ཡུམ་བུ་བླ་སྒང་དུ་སྐྱོད་མཁན་གྱི་ལམ་ཨང་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་པ་དང་།  དེ་ནས་གཞུང་ལམ་གྱི་གཡས་ངོས་སུ་སྒོ་བྱང་ཐོག  བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་གྲོང་ཚོ་ཨང་དང་པོ-ཁེ་གསུམ།  ཞེས་འཁོད་པའི་རྒྱལ་སྒོ་ཆེན་པོ་ཞིག་མཆིས་པ་དེར་སླེབས་རྗེས་རླངས་འཁོར་ལས་བབས་ཏེ་རྐང་པ་ཟུང་གི་འདེགས་འཇོག་ལ་བརྟེན་ནས་ཁེ་གསུམ་གྲོང་ཚོའི་ཕྱོགས་སུ་ཐོན་པ་ཡིན།

 

        ཁེ་གསུམ་གྲོང་ཚོ་ནི།  བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་གྲོང་ཚོ་ཨང་དང་པོ་ཞེས་པའི་མཚན་སྙན་ཡོད་པ་ཞིག་ཡིན་ལ།  ཡང་སྒོས་སུ་ལྷོ་ཁ་ས་ཁུལ་གྱི་སྣོད་བཅུད་དཔལ་ཡོན་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་ཁོངས་ཀྱི་གྲས་ཤིག་ཡིན།  ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གྱི་གཞུང་ལམ་དང་།  གཞུང་ལམ་གཡས་གཡོན་གྱི་གློག་བཞུ།  བོད་ལྷོའི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་།  དེ་བཞིན་གྲོང་མི་རང་ཉིད་ཀྱིས་གཉེར་བའི་ཚར་དུ་དངར་བའི་ཚོང་ཁང་དང་ཟ་ཁང་སོགས་ཀྱིས་དེ་གར་འགྲུལ་བཞུད་བྱེད་མཁན་སྐྱེ་བོ་རྣམས་ཀྱི་འདྲེན་བྱེད་ཟུང་ལ་ཡོངས་རྫོགས་གསར་རྐྱང་གི་ཉམས་སྣང་ཞིག་སྟེར་གྱིན་འདུག  

 

        ཁེ་གསུམ་གྲོང་ཚོ་ནས་ཁ་ལྷོ་རུ་གཏད་དེ་ཁེ་སྨད་གྲོང་ཚོའི་ཕྱོགས་སུ་བསྐྱོད་པའི་ཚེ།  གཡས་གཡོན་གྱི་ཞིང་ཐང་དུ།  བར་གསེང་ལ་སྦྲང་ཆུང་ཡང་འཛུལ་ས་མེད་ཅིང་།  རིང་ཐུང་ནི་སྟག་ཤར་གྱི་མགོ་ཚད་དང་སྙོམས་ལ།  སྐུ་ལུས་སུ་གྲུ་ཙི་ལྗང་གུའི་འོག་འཇུག་མནབས་པ་དང་ཀུན་ནས་མཚུངས་པའི་ཨ་ཤོམ་གྱི་སྡོང་བུས་འབོད་པའི་གཡབ་མོ་ཡང་ཡང་བྱེད་ཀྱིན་འདུག་པ་དང་།  རང་བྱུང་གླ་བའི་ཚལ་དང་མིས་བཟོས་ལྕང་གླིང་ཁྲོད་ནས་སྐབས་སྐབས་སུ་སྤུ་སྡུག་འཇོལ་མོའི་གྲེ་འགྱུར་ལྷང་ལྷང་དུ་འཐེན་པ་དེས།  གདོད་མའི་དུས་ཀྱི་ཡར་ཀླུང་ལྕང་གསེབ་ནི་ངོ་མ་འདི་འདྲ་ཞིག་ཡིན་གྱི་རེད་ཨང་སྙམ་པའི་སྣང་བ་ཞིག་སྟེར་བར་བྱེད།  ཁེ་སྨད་གྲོང་ཚོའི་དབུས་ཀྱི་གཞུང་ལམ་ནས་བལྟས་ཚེ།  རི་ལྡེབས་སུ་འགྱིང་ངེར་གནས་པའི་རས་ཆུང་ཕུག་གི་དགོན་ལ་མཇལ་ཐུབ་ཅིང་།  དེ་ནས་རྐང་ལམ་ཐུང་ངུ་ཞིག་འཛེགས་ནས་སོང་བ་ན།  དེ་མུར་དགོན་པའི་སྒོ་འགྲམ་དུ་འབྱོར།

 

        དེ་གར་ང་ཚོས།  ཐོག་མར་བསང་ཁུང་གི་ནང་དུ་བ་ལུ་དང་ཤུག་ལོ་དུ་མ་སྤུངས་ནས་དུད་པ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་ལྷ་བསང་གཡུ་འབྲུག་འདྲ་བ་ཞིག་བཏང་བ་དང་།  དེ་ནས་རྒྱལ་སྒོ་ནས་འཛུལ་ཏེ་ཤིང་གི་སྒྲོམ་སྐས་ཤིག་འདུག་པ་དེར་འཛེགས་པ་ན།  ད་གཟོད་སྒྲུབ་ཕུག་གི་སྒོ་འགྲམ་དུ་སླེབས།  དེ་རུ་དཀོན་གཉེར་མཇལ་ཞིང་།  དཀོན་གཉེར་དེ་ནི་ཞལ་སངས་ལ་སེམས་རྩ་འཁོལ་བ་ཞིག་འདུག  དཀོན་གཉེར་གྱིས་ཐོག་མར་ང་ཚོ་སྒྲུབ་ཕུག་ཅུང་ཆུང་བ་ཞིག་ཏུ་ཁྲིད་ཅིང་།  ཁོང་གིས།  སྒྲུབ་ཕུག་འདིའི་ནང་སྔར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྒྲུབ་པ་བསྐྱོན་ནས་བཞུགས་མྱོང་།  ཞེས་གསུངས།  སྒྲུབ་ཕུག་དེའི་ནང་གུ་རུ་པདྨ་སམ་བྷ་་དང་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ཁྲུ་གང་ཙམ་པ་གཉིས་བཞུགས་སུ་གསོལ་འདུག་ཅིང་།  དེར་མཇལ་ཁ་དང་བྱིན་རླབས་ཞུས་རྗེས།  དཀོན་གཉེར་གྱིས་ང་ཚོ་སླར་ཡང་སྒོ་གཞན་ཞིག་འདུག་པ་དེའི་ནང་དུ་ཁྲིད་བྱུང་།

 

        དེ་རུ་སླེབས་པ་ན།  ཁོང་གིས།  འདི་ནི་ཡུལ་ཡར་ཀླུང་ཁུལ་དུ་ཡར་ཀླུང་རྟེན་གསུམ།  གནས་གསུམ།  ཕུག་གསུམ་ཞེས་སུ་གྲགས་པའི་གནས་བཟང་རྩ་ཆེན་མང་དག་ཅིག་མཆིས་པའི་ནང་གི་ཕུག་གསུམ་གྱི་ཡ་གྱལ་རས་ཆུང་ཕུག་ཅེས་པ་དེ་ཡིན།  ཞེས་དང་། ཡང་ཁོང་གིས།  ཕུག་པ་འདིར་རས་ཆུང་ཕུག་ཅེས་པའི་མཚན་ཐོགས་དོན་ནི་འདིའི་ནང་ཐོག་མར་རས་ཆུང་གིས་སྒྲུབ་པ་བསྐྱོན་ནས་བཞུགས་པས་ན་རས་ཆུང་ཕུག་ཅེས་ཟེར།  ཞེས་བརྗོད། 

 

        འོ་ན་རས་ཆུང་པ་ཞེས་པ་ཡང་སྙིང་སུ་ཞིག་ཡིན་ནམ།  ཁོང་དུས་ནམ་ཙམ་ལ་ཡུལ་གང་ཞིག་ཏུ་འཁྲུངས་སམ།  ཁོང་སྐྱེས་བུ་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།  ཁོང་ནི།  རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་བཞད་པའི་?་རྗེར་ཉི་མ་ལྟ་བུའི་ཐུགས་སྲས་དྭགས་པོ་ལྷ་རྗེ་དང་།  ཟླ་བ་ལྟ་བུའི་ཐུགས་སྲས་རས་ཆུང་?་རྗེ་གྲགས་ཞེས་པ་གཉིས་བྱུང་བའི་ནང་གི་ཕྱི་མ་དེ་ཡིན་ཞིང་།  ཁོང་གི་རྣམ་ཐར་མདོར་བསྡུས་ཙམ་དུང་དཀར་ཚིག་མཛོད་ཆེན་མོརུ། "རྗེ་འདི་ཉིད་རབ་བྱུང་དང་པོའི་ཤིང་བྱིསྤྱི་ལོ1084ལོར་ལ་སྟོད་གུང་ཐང་དུ་སྐུ་འཁྲུངས།  སྐུ་ཆུང་དུས་ནས་ཀློག་ལེགས་པར་མཁྱེན།  དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་རྗེ་བཙུན་མི་ལ་བསྟེན་ནས་ཆོས་ཀྱི་རྐང་ཚུགས། དགུང་ལོ་བཅོ་ལྔར་ཕེབས་སྐབས་སྐུ་ལ་མཛེ་ནད་ཕོག་པས་རྗེ་བཙུན་གྱི་དྲུང་དུ་མ་བཞུགས་པར་ཁང་སྟོང་རྣམས་སུ་ཉལ་ཞིང་བཞུགས།  དེའི་ཚེ་ཨ་ཙ་ར་གསུམ་བྱུང་ནས་དེ་རྣམས་ཀྱིས་སྙིང་རྗེ་བྱས་ཏེ་རྒྱ་གར་དུ་ཁྲིད་ནས་བླ་མ་བ་ལ་ཙནྡྲ་ལ་གཏུགས།  བ་ལ་ཙནྡྲས་གཏུམ་པོ་ཁྱུང་ཤམ་ཅན་གནང་ནས་བཟླས་པ་བྱས་པས།  རིང་པོ་མ་ལོན་པར་མཛེ་ནད་ལྷག་མ་མེད་པར་སོས།  དེ་ནས་བལ་པོར་ཕེབས་ནས་ཨ་ཏུ་ལ་ད་ཤ་ལ་སོགས་པ་ནས་བདེ་མཆོག་ལ་སོགས་པའི་རྒྱུད་འགའ་རེ་ཡང་གསན།  སླར་རྗེ་བཙུན་གྱི་དྲུང་དུ་འཁོར་བ་ན།  རྗེ་བཙུན་གྱིས་རས་ཆུང་པ་རྒྱ་གར་དུ་ཆོས་སྐོར་ལེན་པར་མངགས།  རས་ཆུང་པས་བླ་མའི་གསུང་ལ་མཉན་ཏེ་སླར་རྒྱ་གར་དུ་བྱོན་ནས་ནཱ་རོ་པ་དང་མཻ་ཏྲི་གཉིས་ཀྱི་དངོས་སློབ་ཏི་ཕུ་བ་ལ་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཆ་ཚང་བ་ཞུས།  གཞན་ཡང་གདམས་པ་མང་དུ་བཙལ་ནས་བླ་མའི་དྲུང་དུ་བྱོན།  ཆོས་སྐོར་དགུ་པོ་ཆ་ཚང་བ་མི་ལར་ཕུལ།  མི་ལས་ངམ་རྫོང་སྟོན་པ་ལ་གནང་།  ངམ་རྫོང་བས་དེ་ལ་ཡིག་སྣ་ཡང་བརྩམས་ཤིང་།  དེ་ནས་མཆེད་པ་ལ་བདེ་མཆོག་སྙན་བརྒྱུད་ཟེར་ཞིང་།  རས་ཆུང་པ་ཉིད་ནས་གཞན་ལ་མཆེད་པ་ལ་རས་ཆུང་སྙན་བརྒྱུད་དུ་གྲགས།  དེ་ལྟར་རས་ཆུང་པས་རྗེ་བཙུན་མི་ལ་བསྟེན་ནས་རྟོགས་པ་ཁྱད་པར་ཅན་བརྙེས།  དེ་ནས་རྗེ་བཙུན་ལ་ཞུས་ནས་དབུས་སུ་བྱོན།  གཉལ་དང་ལོ་རོ་གཉིས་སུ་བཞུགས་ནས་སྒོམ་སྒྲུབ་བྱས་ཏེ་ཉམས་མགུར་མང་པོ་དང་མི་ལ་རས་པའི་རྣམ་ཐར་ཡང་གསུངས།  ཞལ་སློབ་མང་དུ་བསྐྲུན།  མཐར་དགུང་ལོ་བདུན་ཅུ་རྩ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་སྦྲུལསྤྱི་ལོ1161ལོར་སྐུ་གཤེགས་སོ།།  འདི་ཉིད་ལ་སློབ་མ་མང་དུ་ཡོད་པ་ལས།  ཐུགས་ཀྱི་སྲས་བཅུ་གསུམ་ནི།  ལོ་བྱི་མགོ་བ།  གཙང་པ་སུམ་པ།  བྱར་པོ་པར་ཤེར་སྣང་།  ལོ་རོ་གླན་བྱི་མགོ་བ་བླ་མ་སྒོམ་ཆོས།  ལོ་རོ་མི་སྣ་བ་སུམ་སྟོན་ཆོས་དར།  བུར་སྒོམ་ནག་པོ།  ལ་སྟོད་པ་ཟངས་རི་རས་པ།  གཡེ་ཆེན་མོ་བ་འབྲི་སྒོམ་དོན་གྲུབ།  གྲ་ཕྱི་བ་གཉལ་?་རྗེ་འོད།  གཉལ་སྨད་པ་ཅུང་སྟོན་རྒྱན་ནི།  གཉལ་སྨད་པ་ཅུང་སྟོན་རྒྱས་པ།  གཡེ་ཆུང་བ་དགེ་བཤེས་ཁྱུང་པོ་བཅས་བཅུ་གཉིས་ཀྱིས་དབང་ཡང་རྫོགས་ལ།  ཡེ་ཤེས་ཀྱང་ངོས་ཟིན།  ཡར་ལུང་པ་ལྷ་རྗེ་ལྷ་འབར་གྱིས་ནི་དབང་རྫོགས་ཀྱང་ཡེ་ཤེས་ངོས་མ་ཟིན་ཟེར།"ཞེས་འཁོད་ཡོད།

 

        གལ་ཏེ་རས་ཆུང་པའི་རྣམ་ཐར་ཞིབ་ཕྲ་མཁྱེན་འདོད་པ་དག་མཆིས་ཚེ།  གཙང་རོང་སྤྲུལ་སྐུ་པདྨ་མཆོག་ནས་བླ་ན་མེད་པའི་ཐུགས་ཁུར་དང་འཆར་འགོད་མཛད་ཅིང་།  སྤྲོས་པ་ལགས་ནས་རས་ཆུང་པའི་རྣམ་ཐར་ངོ་མཚར་ནོར་བུའི་སྙིང་པོ་དང་རྣམ་མཁྱེན་ཐར་ལམ་གསལ་བར་སྟོན་པའི་མེ་ལོང་ཡེ་ཤེས་ཀྱི་སྣང་བ་ཞེས་པ་སོགས་ཀྱི་སྙིང་པོ་ཁོལ་དུ་ཕྱུངས་ནས་ཚིགས་བཅད་ཀྱི་ལམ་དུ་དྲངས་པ།  ལྷ་རིས་པ་སྐུ་ཞབས་ལེགས་སྨོན་ནས་སྐྱ་རིས་དང་ལྷ་བཟོ་ཀུན་དགའ་སྙིང་པོ་དང་མཁས་གྲུབ་ཉི་མ་སོགས་ཀྱིས་རྡུལ་ཚོན་གྲུབ་པར་བགྱིས་པ།  རྟ་?་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཅིང་ཞང་ཧུང་ཅ་ཞེས་པས་དབྱིན་ཡིག་ཏུ་བསྒྱུར་བ།  སྦྱིན་བདག་ཆོས་ཉིད་ལྷ་མོས་གཙོས་རྒྱ་ཡུལ་གྱི་སློབ་མ་རྣམས་ནས་མཐུན་རྐྱེན་སྦྱར་ཞིང་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་བཅས་ཕྱོགས་སྒོར་མོ་ནས་འབད་པ་རྩལ་དུ་སྤྲུགས་པ་ལས་འཁྲུངས་པའི་དཔེ་དེབརས་ཆུང་?་རྗེ་གྲགས་པའི་རྣམ་ཐར་རིས་སུ་བྲིས་པ་ལྷ་ཡི་ཆརཞེས་པ་ཞིག་འདུག་པ་དེར་གཟིགས་པར་འཚལ།  གང་ལགས་ཤེ་ན།  དཔེ་དེབ་དེ་ནི།  བརྗོད་བྱའི་ནང་དོན་ཁ་གསལ་ཞིང་ཆ་ཚང་བ་གང་ཞིག  རྗོད་བྱེད་སྙན་ཚིག་གི་ལམ་ནས་དྲངས་པས་ཡོན་ཏན་ཅན་རྣམས་མགུ་བ་བསྐྱེད་པ་དང་།  ཡང་དཔེ་དེབ་དེ་ནི།  བརྗོད་བྱའི་ནང་དོན་ཁ་གསལ་ཞིང་ཆ་ཚང་བ་གང་ཞིག  རང་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་རི་མོའི་ལམ་ནས་གློག་བརྙན་བཞིན་དུ་དྲངས་པས་ཡིག་རྨོངས་པ་དག་གིས་ཀྱང་དོན་ཇི་བཞིན་དུ་གོ་ཐུབ་པ།  ཡང་དཔེ་དེབ་དེ་ནི།  བརྗོད་བྱའི་ནང་དོན་ཁ་གསལ་ཞིང་ཆ་ཚང་བ་གང་ཞིག  རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་བརྗོད་པས་མི་རིགས་གཞན་གྱི་ཀློག་མཁན་རྣམས་ཀྱིས་ཀྱང་ནང་དོན་བདེ་བླག་ཏུ་རྟོགས་ནུས་པ་བཅས་མཁས་བླུན་ཀུན་གྱི་འདོད་པ་སྐོང་ནུས་པའི་ཁྱད་ཆོས་ཆེན་པོ་དང་ལྡན་པས་སོ།།

 

        རས་ཆུང་ཕུག་ཅེས་པའི་སྒྲུབ་ཕུག་དེ་ནི།  རས་ཆུང་པའི་སྒྲུབ་ཕུག་ལྟེ་བར་བྱས་ཏེ་མཐའ་གཞན་ནས་རྩིག་པ་བསླངས་པའི་སྟེང་དུ་ཐོག་བཀབ་པ་ཞིག་སྟེ།  དེ་ཡང་ཕུ་རུ་བྲག་ཕུག་དང་མདའ་རུ་ཁང་པ་ཡིན་པའི་རང་ཅག་གི་གནས་ཆེན་གཞན་དུ་མཆིས་པའི་སྒྲུབ་ཕུག་དེ་དག་དང་ཁྱད་པར་ཆེར་མི་འདུག  

 

        དཀོན་གཉེར་གྱིས།  ཕུག་པ་འདིའི་ནང་རས་ཆུང་པས་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས་ལྷ་མོ་དབྱངས་ཅན་མ་དངོས་སུ་ཞལ་གཟིགས་ནས་རས་ཆུང་པ་ལ་སྐུ་ཡི་དངོས་གྲུབ་ཐོབ་ཅིང་།  དེའི་རྐྱེན་གྱིས་རས་ཆུང་པ་དེ་ཉིད་སྐུ་འབྲས་ཤིན་ཏུ་མཚར་བ་ཞིག་ཡོད་ལུགས་གསུངས་བྱུང་།  

 

        དེའི་ཚེ་དམངས་ཁྲོད་ཀྱི་ཤོད་རྒྱུན་འདི་འདྲ་ཞིག་ཡོད་པ་དེ་ཁོ་བོའི་ཡིད་ལ་གློག་བརྙན་སྟོན་པ་བཞིན་དུ་ལམ་ལམ་ཤར་བྱུང་བ་སྟེ།  དེ་ཡང་།  སྔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་དེ་ཉིད་སྒྲུབ་པ་ན་བཞུགས་བཞིན་ཡོད་པའི་ཚེ།  རས་ཆུང་པས་ཁོང་ལ་སྒྲུབ་གཡོག་ཧུར་ཐག་ཞུས་ཤིང་།  ནམ་ཞིག་རས་ཆུང་པས་རང་ཉིད་དབུས་སུ་བཞུད་འདུན་ཡོད་ཚུལ་བླ་མར་ཞུས་པ་ན།  བླ་མས་ཐོག་མར་ཞལ་བཞེས་གཏན་ནས་མ་གནང་།  འོན་ཀྱང་རས་ཆུང་གིས་ཨུ་ཚུགས་མཐར་ནན་ཞུས་པས།  བླ་མའི་ཞལ་ནས།  འོ་ན་བུ་ཁྱོད་ཅིས་ཀྱང་དབུས་སུ་བཞུད་ན།  ངའི་སྐད་ཆ་འདི་རྣམས་སྙིང་གི་གཏིང་དུ་ཉར་ནས་དེ་དང་འགལ་བའི་ལས་གཏན་ནས་མ་བྱེད་ཅིག  དེ་ཡང་།  བུ་ཁྱོད་གང་དུ་སླེབས་ཀྱང་ཁྱིམ་ཚང་གི་ཐེམ་པ་གཏན་ནས་འགོམ་མི་ཉན་ལ།  ད་དུང་བུ་ཁྱོད་གང་དུ་སླེབས་ཀྱང་གདུང་དང་ལྕམ་གྱི་འོག་ཏུ་གཏན་ནས་ཉལ་མི་རུང་།  ཞེས་གསུངས།  རས་ཆུང་གིས་བླ་མའི་བཀའ་བཞིན་བསྒྲུབ་རྒྱུའི་ཁས་ལེན་ཞུས་རྗེས་དབུས་སུ་བཞུད།  ཁོང་གིས་ཐོག་མར་སྐྱིད་ཤོད་ཀྱི་བཀའ་གདམས་པའི་དགོན་པ་རྣམས་ལ་བྱོན་པ་དང་།  དེ་རྗེས་ཡར་ཀླུང་དུ་ཕེབས།  ཉིན་ཞིག་རས་ཆུང་གིས་རྩེད་ཐང་གྲོང་གི་ཁྱིམ་ཚང་ཆེན་པོ་ཞིག་གི་སྒོ་ཁར་ཌཱ་མ་རུ་དཀྲོལ་ནས་མགུར་བླངས་ཏེ་བསོད་སྙོམས་མཛད་པ་ན།  ཞལ་ཏ་མ་ཞིག་དེ་གར་བ་འཇོ་བཞིན་ཡོད་ཅིང་།  ཌཱ་མ་རུ་དཀྲོལ་བའི་སྐད་ཀྱིས་བ་འདྲོགས་ཏེ་འོ་མ་ས་ལ་བོ་སྟབས།  དོན་དེ་ཞལ་ཏ་མས་དཔོན་པོར་སྙན་སེང་ཞུས།  དེའི་ཚེ་དཔོན་པོའི་སྲས་མོ་འཛོམས་པ་སྐྱིད་ཅེས་པ་དེ་ཁོང་ཁྲོའི་ངང་ཕྱིར་དོན་ཡོང་ཞིང་།  མོས་རས་ཆུང་སྐུ་འབྲས་ཤིན་ཏུ་མཚར་པོ་ཡོད་པ་དེ་མཐོང་བས་དེ་མུར་མོའི་ཡིད་དབང་ཡོངས་སུ་འཕྲོག་སྟེ་རས་ཆུང་ལ་མོ་རང་གི་ཁྱིམ་དུ་ཕེབས་རོགས་ཞེས་ཞུས།  རས་ཆུང་གིས་ངས་རང་གི་བླ་མའི་དྲུང་དུ་ཁྱིམ་ཚང་གི་ཐེམ་པ་གཏན་ནས་མི་འགོམ་པ་དང་གདུང་དང་ལྕམ་གྱི་འོག་ཏུ་གཏན་ནས་མི་ཉལ་བའི་གཡར་དམ་བཅས་ཟིན་པས་དེ་འདྲ་གཏན་ནས་མི་ཡོང་ཞེས་གསུངས་པ་ན།  སྲས་མོ་འཛོམས་པ་སྐྱིད་ན་རེ།  དེར་གནད་འགག་གང་ཡང་མེད།  ངས་ཁང་པའི་རྒྱབ་ནས་སྐས་ཀ་འཛུགས་པ་དང་ཐོག་སྟེང་དུ་གུར་ཕུབ་ཆོག་ཟེར་བས།  རས་ཆུང་ཐབས་ཀྱིས་དབུལ་ནས་དེ་ལྟར་ཐོག་སྟེང་དུ་ཕེབས་དགོས་བྱུང་།  དེའི་དགོང་མོ།  སྲས་མོས་རས་ཆུང་ལ་སྣེ་ལེན་གཟབ་ཅིང་རྒྱས་པ་བྱས་ནས་གཡོ་འཕྲུལ་ཇི་ཙམ་བསྟན་ཀྱང་རས་ཆུང་གིས་དཔེ་ཆ་འདོན་པ་ལས་མོར་སྤྱན་ཙམ་ཡང་མ་གཟིགས་པས་མོ་ཕྱིར་མི་ལོག་ཀ་མེད་བྱུང་།  ཉིན་གཉིས་པའི་དགོང་མོར།  མོས་མངོན་སུམ་འཛེམས་མེད་ངང་འདོད་གཏམ་སྨྲ་ཞིང་ཁྱེད་ཀྱིས་ད་ལྟའི་ན་བཟའ་དེ་དག་ཕུད་ནས་འདི་རྣམས་མནབས་དགོས་ཞེས་འཇིག་རྟེན་པའི་གཟབ་གོས་ཆ་ཚང་དང་གསེར་གྱི་རྣ་ལོང་སོགས་ཕུལ་ཡང་རས་ཆུང་པས་ད་དུང་སྤྱན་ཙམ་ཡང་མ་གཟིགས་པས།  ནམ་ཕྱེད་ཙམ་ལ་མོ་རབ་ཏུ་ཁྲོས་ནས།  སང་དགོང་ཁྱེད་ཀྱིས་ང་དང་ལུས་འབྲེལ་མ་བྱས་ན།  ང་ལུང་པ་འདིའི་དཔོན་པོའི་སྲས་མོ་ཡིན་པས།  ཁྱེད་བཟུང་ནས་བཙོན་དུ་འཇུག་ཐག་ཆོད་ཡིན་ཟེར་ནས་ལོག  རས་ཆུང་གི་ཐུགས་ལ།  བླ་མས་ང་རང་དབུས་སུ་མ་འགྲོ་ཞེས་གསུངས་པ་དེ་ཐུགས་མད་པར་འདུག  ད་འདི་གར་བསྡད་ན་བར་ཆད་ཅིག་ཡོང་བ་ཐག་གིས་ཆོད་པས།  དེ་ལས་ཐབས་ཤིག་བཙལ་ནས་བྲོས་རྩིས་བྱས་ན་དགའ་སྙམ་སྟེ།  དེའི་ཞོགས་པ་ཐོ་རེངས་ཙམ་ན།  ཁ་ཁར་དུ་སྐས་ལས་བབས་ཏེ་ཉ་མགོ་གྲུ་ཁའི་ཕྱོགས་སུ་བྲོས།  རས་ཆུང་གྲུ་ཁར་འབྱོར་བ་དང་།  མཉན་དཔོན་བསོད་ནམས་དཔལ་རྒྱས་ཞེས་པ་དེར་གྲུ་གཏོང་རོགས་ཞེས་གསུངས་པ་ན།  མཉན་དཔོན་གྱིས།  སྔ་པོ་འདི་འདྲར་གྲུ་མི་གཏོང་ཟེར།  ཡང་རས་ཆུང་གིས།  ང་རྗེས་འདེད་བྱེད་མཁན་ཡོད་པས་གྲུ་ཞིག་ངེས་པར་གཏོང་རོགས་ཞེས་ཞུ་བ་ཕུལ་བ་ན།  མཉན་དཔོན་གྱིས།  གྲུ་གླ་ཇི་ཙམ་སྤྲོད་དམ་ཟེར།  དེར་རས་ཆུང་གིས་ཌཱ་མ་རུ་དཀྲོལ་བ་དང་བསྡེབས་ནས།  རས་ཆུང་ཆས་གཅིག་ཆས་གཉིས་ཆས་ནས་ཡོང་། །སྟོད་ཀྱི་ལ་ཕྱི་གངས་ནས་ཆས་ནས་ཡོང་། །སྟོད་ཀྱི་ལ་ཕྱི་གངས་ནས་ཡོང་བའི་དུས། །རས་ཆུང་དཔོན་གཡོག་གཉིས་ལ་དབྱེ་བ་མེད། །ལྟོ་ལ་མཉམ་ཟ་གནང་རྒྱུའི་ཞལ་བཞེས་ཡོད། །གོས་ལ་མཉམ་གྱོན་གནང་རྒྱུའི་ཞལ་བཞེས་ཡོད། །ཡར་ཀླུང་སྐྱོར་པོ་གཞུང་ལ་སླེབས་པའི་དུས། །རས་ཆུང་དཔོན་གཡོག་གཉིས་ལ་དབྱེ་བ་བྱུང་། །ལྟོ་ལ་མཉམ་ཟ་མེད་པའི་དབྱེ་བ་བྱུང་། །གོས་ལ་མཉམ་གྱོན་མེད་པའི་དབྱེ་བ་བྱུང་། །རྩེད་ཐང་ཉ་མགོ་གྲུ་ལ་སླེབས་པའི་དུས། །རས་ཆུང་ང་ལ་ཀོ་བ་གཏོང་རོགས་གནང་། །ཀོ་གླ་མེད་པའི་ཀོ་བ་གཏོང་རོགས་གནང་། །ཀོ་གླ་མེད་པའི་ཀོ་བ་བཏང་ཟེར་ན། །ཉ་མགོ་གྲུ་ལ་བསྟོད་ར་ཚིག་གསུམ་འབུལ། །ཞེས་པའི་མགུར་མཛད་པ་ན།  མཉན་དཔོན་གྱིས།  འོ་ན་བསྟོད་པ་ཕུལ་ཅིག་ཟེར།  དེ་ནས་རས་ཆུང་གིས།  དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས། །མཉན་དཔོན་བཀའ་བཞིན་བསྟོད་ར་ཚིག་གསུམ་འབུལ། །ཉ་མགོ་གྲུ་དེ་བླ་མའི་ཆོས་རྭ་འདྲ། །བསོད་ནམས་དཔལ་རྒྱས་རྩ་བའི་བླ་མ་འདྲ། །འགྲུལ་པ་ཚོ་ནི་བཀའ་ཆོས་ཞུ་མཁན་འདྲ། །ཞེས་གསུངས་པ་ན།  མཉན་དཔོན་དགའ་ནས་གྲུ་ལམ་སེང་བཏང་ཆོག་ཟེར།  འོན་ཀྱང་དེ་གར་གྲུ་གཡོག་ཁ་བདེ་ཞིག་ཡོད་པ་དེས།  འོ་ན་ཁྱེད་ཀྱིས་ཉ་མགོ་གྲུ་འདིར་སྨད་ར་ཚིག་གསུམ་གཏོང་དང་ཟེར་བས།  རས་ཆུང་གིས་དེ་མུར་གྲེ་བ་སངས་ཙམ་གནང་སྟེ་སླར་ཡང་ཌཱ་མ་རུ་འཁྲོལ་བཞིན་དུ།  དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས། །མཉན་དཔོན་བཀའ་བཞིན་སྨད་ར་ཚིག་གསུམ་འབུལ། །ཉ་མགོ་གྲུ་དེ་བཤན་པའི་བཤས་རྭ་འདྲ། །བསོད་ནམས་དཔལ་རྒྱས་བཤན་པ་ལག་དམར་འདྲ། །འགྲུལ་པ་ཚོ་ནི་ཤ་ལུག་ཚེ་ཟད་འདྲ། །ཞེས་པའི་མགུར་བླངས་པས།  མཉན་དཔོན་ཁྲོས་ནས་གྲུ་མ་བཏང་།  དེའི་ཚེ་སྲས་མོ་འཛོམས་པ་སྐྱིད་དེའང་རས་ཆུང་རྗེས་འདེད་བྱེད་པར་ཡོང་ནས་ཉེ་སར་སླེབས་ཟིན་པས།  དེ་མ་ཐག་རས་ཆུང་གིས།  རས་ཆུང་ང་ནི་མི་སྡོད་ཆས་ནས་འགྲོ། །རས་ཆུང་ང་ལ་ཀོ་གླ་སྤྲོད་རྒྱུ་མེད། །ཀོ་གདན་གྲུ་བཞི་ཀོ་བའི་ཚུལ་དུ་བྱས། །སྦ་དཀར་ཚིགས་གསུམ་སྐྱ་བའི་ཚུལ་དུ་བྱས། །རས་ཆུང་ང་རས་མཉན་དཔོན་ཚུལ་དུ་བྱས། །སྒྲུབ་པའི་རྐང་དུང་འགྲུལ་པའི་ཚུལ་དུ་བྱས། །ཞེས་པའི་མགུར་མཛད་བཞིན་དུ་རང་གི་རྫུ་འཕྲུལ་ལ་བརྟེན་ནས་ཡར་ཀླུང་གཙང་པོ་བདེ་བླག་ངང་བཅད་པས།  མཉན་དཔོན་དང་གྲུ་གཡོག་ཀུན་ཧ་ལས་ཤིང་འགྱོད་པ་རྟ་ཡིས་མི་ཟིན་པ་སྐྱེས་ནས་རས་ཆུང་ལ་ཕྱག་འཚལ་ཞིང་བཤགས་པ་ཕུལ།  དེ་གར་ཁོང་གིས་ཀོ་གདན་དེ་སྤྲུགས་སྤྲུགས་ལན་གསུམ་གནང་བས་ས་དེར་ཆུ་ཤིང་འོམ་བུ་ཧ་ཅང་མང་པོ་སྐྱེས་སྐད་ལ།  དུས་དེང་སང་ཡང་དེ་གར་ཆུ་ཤིང་འོམ་བུའི་ཚལ་ཞིག་འདྲེན་བྱེད་ཀྱི་ལམ་དུ་མངོན་སུམ་དུ་མཇལ་རྒྱུ་ཡོད་དོ།།

 

        དེ་ནས་དཀོན་གཉེར་གྱིས།  སྒྲུབ་ཕུག་དེའི་གཡས་ཀྱི་བྲག་ངོས་ན་ཕྱག་གིས་བསྟན་ནས།  འདི་ནི་འཕགས་པའི་གནས་བརྟན་བཅུ་དྲུག་གི་རང་བྱོན་ཡིན།  ཞེས་དང་།  ཡང་ཞབས་ཆགས་ཀྱི་དབྱིབས་དང་འདྲ་བའི་?་ཞིག་འདུག་པ་དེར་མཛུབ་མོ་བཙུགས་ནས།  འདི་ནི་རས་ཆུང་པའི་ཞབས་ཆགས་ཀྱི་རང་བྱོན་ཡིན།  ཞེས་གསུངས།  

 

        སྒྲུབ་ཕུག་གི་ནང་དུ་དབུ་ན་ཐོད་སྐམ་གྱི་ཕྲེང་བས་བརྒྱན་ཞིང་།  ཕྱག་གཡས་ལ་?་རྗེ་དང་ཕྱག་གཡོན་ལ་ཁ་??་ཀ་འཛིན་པའི་གཙང་སྨྱོན་ཧེ་རུ་ཀའི་སྐུ་བརྙན་མི་ཚད་ཙམ་ཞིག་འདུག་པ་དེ་ནི་མར་མེའི་འོད་མདངས་ལམ་ལམ་དུ་འབར་བའི་ཁྲོད་ན་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་འདུག 

 

        སྐུ་འདི་མཇལ་བ་དང་དེ་མུར་ཁོ་བོའི་རྣམ་ཤེས་ཀྱི་བྱེའུ་ཆུང་དེ་ཡང་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མི་ལ་རས་པའི་རྣམ་ཐར་གྱི་ཕྱོགས་སུ་འཁོར་སོང་།  "…  …ངའི་རུས་ཁྱུང་པོ།  རིགས་ཇོ་སྲས།  ང་རང་མི་ལ་རས་པ།  དང་པོ་ནི་ལས་ནག་པོ་ཡང་བྱས།  བར་དུ་དཀར་པོ་ཡང་བྱས།  ད་ལྟ་ལས་དཀར་ནག་གཉིས་ཀ་དང་བྲལ་ཞིང་།  ལས་ཀྱི་གཞི་ཟད་པས་མ་འོངས་པ་ན་བྱེད་པར་མི་འགྱུར་བ་ཞིག་ཡིན་…  …"ཞེས་དང་།  "…  …ངེད་མ་སྨད་སོ་སོར་གྱེས་པ་ལས།  ང་ཨ་མ་ལ་སེམས་འཕྲེང་དྲགས་ཏེ།  ཡང་ཡང་ཕྱི་མིག་ལྟ་བ་དང་མཆི་མ་མང་པོ་ཤོར།  ཨ་མ་ཡང་ང་བུ་གཅིག་པོ་ལ་སེམས་འཕྲེང་བས།  ངེད་རྣམས་མཐོང་མཐོང་གི་བར་དུ་ང་ལ་མིག་ཅེ་རེ་ངུ་ཞིང་བསྡད་འདུག་པ་ལ་ང་ཡང་ཨ་མ་དང་ཡུད་ཙམ་ཞིག་འཕྲད་པ་ལ་ཕྱིར་ལོག་གམ་ལོག་གམ་སྙམ་པའི་སེམས་ཤིན་ཏུ་འཕྲེང་བ་ཞིག་བྱུང་སྟེ།  ངེད་མ་སྨད་ཕྱིས་མི་འཕྲད་པ་དེ་སེམས་ཀྱིས་ཚོར་བ་ཡིན་པར་འདུག  …  …"

        འདི་ནི།  གཙང་སྨྱོན་གྱིས་མཛད་པའི་མི་ལའི་རྣམ་ཐར་ཏེ།  འཛམ་གླིང་རྩོམ་རིག་སྐར་ཚོགས་ཁྲོད་ཀྱི་སྙན་གྲགས་ཀྱི་གཟི་བྱིན་ལམ་ལམ་དུ་འབར་བའི་ཉི་མ་ཡིན།  འདི་ནི།  གཙང་སྨྱོན་གྱིས་མཛད་པའི་མི་ལའི་རྣམ་ཐར་ཏེ།  བྱུང་རིམ་ཞིབ་ཆ་ཆེ་ལ་གཏན་ཚིགས་ཀྱིས་ཕྱུག་པ་མ་ཟད་ཡིད་འགུག་གི་ནུས་པ་ཆེས་ཆེར་མངའ་བའི་བོད་པའི་གནའ་རྩོམ་ཞིག  འདི་ནི།  གཙང་སྨྱོན་གྱིས་མཛད་པའི་མི་ལའི་རྣམ་ཐར་ཏེ།  རྗེ་བཙུན་དང་རས་ཆུང་ཟུང་ཕན་ཚུན་དྲི་བ་དྲིས་ལན་གྱི་ཚུལ་དུ་མཛད་པའི་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་གྲགས་རྩོམ་ཞིག  འདི་ནི།  …  …

 

        གཙང་སྨྱོན་ཧེ་རུ་ཀ  རུས་པའི་རྒྱན་ཅན།  སངས་རྒྱས་རྒྱལ་མཚན།  ཨ་ཧོ།  ཁྱེད་ཀྱིས་འཛམ་བུའི་གླིང་འདིར་འདི་ལྟའི་ནོར་མཆོག་ཅིག་ཤུལ་དུ་བཞག་ཨང་།  ཁྱེད་ཀྱིས་ངེད་ཅག་ཕྱི་རབས་པ་རྣམས་ལ་ཇི་ཙམ་སྤྱད་པ་དེ་ཙམ་གྱིས་ཇེ་ཞིམ་ཇེ་ཞིམ་དུ་འགྲོ་བའི་ཟས་མཆོག་གི་སྟོན་མོ་ཞིག་བཤམས་ཨང་།

 

        དཀོན་གཉེར་གྱིས།  རས་ཆུང་ཕུག་ཅེས་པ་འདིར་ཐོག་མར་རས་ཆུང་?་རྗེ་གྲགས་པ་མཆོག་གིས་སྒྲུབ་པ་བསྐྱོན་ནས་བཞུགས་སའི་ཕུག་པ་འདི་ཁོ་ན་ལས་མེད་པ་ལ།  ཕྱིས་སུ་གཙང་སྨྱོན་ཧེ་རུ་ཀ་འདིར་ཕེབས་ནས་གནས་འདི་བཀའ་དྲིན་ཆེན་པོས་བསྐྱངས་པས་རིམ་གྱིས་རིམ་གྱིས་དགོན་པར་གྱུར་ཞིང་།  གཙང་སྨྱོན་ཧེ་རུ་ཀ་ཁོང་ཡང་མཐར་གནས་འདིར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ཡིན་ཞེས་གསུངས།

 

        དཀོན་གཉེར་གྱི་གནས་བཤད་དེས་ཁོ་བོ་མནོ་བསམ་གྱི་ཀློང་ལས་དཀྲོགས་ཤིང་།  ཡང་དར་ཅིག་སོང་རྗེས་ཡིད་ལ།  གནས་འདི་ནི་རས་ཆུང་པས་ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ནས་དབྱངས་ཅན་མས་ཁོང་ལ་སྐུ་ཡི་དངོས་གྲུབ་གནང་ས་ཞིག་ཡིན་པ་དང་།  ཡང་གནས་འདི་ནི་གྲགས་པ་འཛམ་གླིང་ན་འབར་བའིརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུརཞེས་པ་བརྩམས་ཤིང་བསྒྲིགས་པའི་སྦྱོར་བ་ལྷུ་རུ་ལེན་མཁན་གྱི་མི་བུ་རླབས་ཆེན་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱི་མཛད་འཕྲིན་གྱི་མཚོ་མོ་རྒྱས་ས་ཡིན་པས།  གནས་འདི་ནི་གནས་རང་ག་བ་ཞིག་གཏན་ནས་མིན།  གནས་འདི་རུ་དབྱངས་ཅན་མ་བྱོན་མྱོང་ལ།  གང་ལྟར་གནས་འདི་རུ་གཙང་སྨྱོན་ཁོང་བཞུགས་མྱོང་བས།  འདིར་བྱིན་རླབས་ཀྱི་ཚན་ཁ་མེད་ན་གཞན་གང་དུ་ཡོད།  དེས་ན། རང་ཉིད་ལའང་དབྱངས་ཅན་མས་ཞལ་མ་གཟིགས་ཀྱང་རྨི་ལམ་དུ་བྱོན་ཏེ་རང་གི་སེམས་ཁམས་ཡིག་ཐོག་ཏུ་འགོད་མཁན་ཞིག་ལ་འགྱུར་བར་བྱིན་རླབས་རྟ་རྔ་ཙམ་ཞིག་གནང་ན་ཅི་མ་རུང་སྙམ་པའི་སྨོན་པ་དང་ཧམ་སེམས་འདྲེས་མ་ཞིག་གིས་དྲངས་ནས།  ཁོ་བོས་ཀྱང་གསོལ་འདེབས་གཞན་མ་ཤེས་ནའང་།  རྗེ་བློ་བཟང་གྲགས་པས་མཛད་པའི་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་མ་ཞེས་པ་དེ་ལན་གཅིག་འདོན་པར་ཐལ།

 

        གཙང་སྨྱོན་གྱིས་མཛད་པའི་མི་ལ་རས་པའི་རྣམ་ཐར་དེ་ཉིད་རང་རེའི་བོད་ཡིག་ཙམ་མ་ཟད།  ད་དུང་སོག་པོའི་ཡི་གེ་དང་།  རྒྱ་ཡིག  ཧྥ་རན་སིའི་ཡི་གེ།  རི་པིན་གྱི་ཡི་གེ།  དབྱིན་ཇིའི་ཡི་གེ་སོགས་ལ་བསྒྱུར་བས་ན།  དེ་ཉིད་བལྟ་ཀློག་བྱས་མྱོང་མཁན་གྱི་སྐྱེ་བོ་ནི་གང་གའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་ཡོད་མོད།  འོན་ཏེ།  རྣམ་ཐར་དེ་མཛད་པ་པོའི་ཞིབ་ཕྲའི་ལོ་རྒྱུས་ཤེས་རྟོགས་ཐུབ་མཁན་དེ་འདྲའི་མང་པོ་ཡོད་པའི་ངེས་པ་མེད་པས།  ཁོང་གི་རྣམ་ཐར་མདོར་བསྡུས་ཙམ་ངོ་སྤྲོད་ཞུས་ན།  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་ཁྱབ་བདག་?་རྗེ་སེམས་དཔའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་དགེ་ལྡན་བསྟན་པའི་མཛེས་རྒྱནཞེས་པ་ལས།  "འཁྲུངས་ཡུལ་གཙང་མྱང་སྟོད་སྟག་ཚལ་དུ་མྱང་རལ་པ་ཅན་དང་།  ཉི་མ་འོད་ཟེར་སོགས་ཀྱི་བརྒྱུད་པ་ཡབ་སྔགས་འཆང་སངས་རྒྱས་དཔལ་ལྡན་དང་།  ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ་ཨངྒི་ར་ཞེས་པ་ཆུ་ཕོ་སྤྲེལ་ལ་སྐུ་འཁྲུངས།  དགུང་ལོ་བདུན་གྱི་དུས་མཁན་ཆེན་ཀུན་དགའ་སངས་རྒྱས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་སངས་རྒྱས་རྒྱལ་མཚན་ཞེས་མཚན་གསོལ།  ངེས་འབྱུང་དང་སྐྱོ་ཤས་ཆེ་བས་སྒྲུབ་པ་འབའ་ཞིག་བྱེད་པའི་ཐུགས་གཏད་ཀྱིས་དགུང་ལོ་བཅུ་གསུམ་ཐོག་ལ་ཕྱི་གངས་ཀྱི་ར་བར་བསྒོམ་དུ་འགྲོ་གསུང་འབྱོན་པར་ཆས་ཀྱང་ཡབ་ཡུམ་གྱིས་མ་བཏང་བས་དགུང་ལོ་བཅུ་བདུན་བར་ཡུལ་དུ་བཞུགས་ནས་ཡུམ་གྱི་པོ་ཏི་དགུ་ཚང་མ་ཐུགས་ལ་བཟུང་།  བཅོ་བརྒྱད་དུས་དངོས་ཉམས་ཅི་རིགས་པར་མཁའ་འགྲོ་མས་ཙ་རིར་འབྱོན་པར་བསྐུལ་བས།  བྲོས་སྟབས་ཀྱིས་བྱོན་ནས་ལ་ཐོག་ཟུར་མཁར་དུ་ཨ་བོ་ཆོས་རྗེའི་རྩར་བཞུགས།  དེར་ས་ར་ཧའི་རྣམ་འཕྲུལ་རྗེ་བཙུན་ཤ་ར་རབ་འབྱམས་པ་སངས་རྒྱས་སེང་གེ་དང་མཇལ།  ཞལ་མཐོང་ཙམ་གྱིས་སྣང་བ་འགྱུར་ཏེ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས།  རི་ཆོས་སྐོར་གསུམ།  ཐར་གྲུ་སྐོར་གསུམ།  ནཱ་རོ་ཆོས་དྲུག་བརྒྱུད་ལུགས་མི་འདྲ་བ་འགའ།  ཕྱག་རྒྱ་ཆེན་པོ་ལྔ་ལྡན།  ལྷན་ཅིག་སྐྱེས་སྦྱོར།  དོ་ཧ་སྐོར་གསུམ་དང་མཛད་དྲུག་རོ་སྙོམས་སོགས་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕལ་ཆེར་གྱི་ལུང་གསན།  རྗེ་བཙུན་མ་ལྷན་ཅིག་སྐྱེས་མའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་མི་བསྐྱོད་?་རྗེ་ཞེས་བཏགས།  ཕྱག་ཆེན་ཡི་གེ་བཞི་པའི་དམར་ཁྲིད་ཁྱད་ཆོས་ཀྱི་ངོ་སྤྲོད་དང་བཅས་པ་གསན་ནས་ཐུགས་ཉམས་སུ་བཞེས་པས་མཉམ་བཞག་གི་རྟོགས་པ་སྔར་གྱི་དེ་ལས་འཕར་རྒྱུ་མི་འདུག་ཀྱང་།  རྗེས་ཐོབ་ལ་བོགས་དང་རྩལ་མང་དུ་ཐོན།  ཁྱད་པར་མཚན་མོའི་ཐུགས་དམ་འོད་གསལ་འབའ་ཞིག་ཏུ་སོང་།  དེ་ནས་ཆོས་དྲུག་གི་དམར་ཁྲིད་གསན་ནས་བསྐྱངས་པས།  ཞག་བཅོ་ལྔ་ཙམ་ན་མནལ་ལམ་དུ།  བླ་མའི་གསང་ཡུམ་ལ་རོལ་ནས་འདྲེན་མཛད་པས་ཡུམ་མདའ་འཕེན་ཚད་ཙམ་དུ་འདྲུད་ཐུབ་པ་རྨིས།  སད་པ་ན་གསང་གནས་སྦྲིབས་སུ་ནུབ་ནས་ཞག་བརྒྱད་ཀྱི་བར་དུ་མ་ཐོན་ཞིང་།  དེ་ནས་ཀྱང་རྒྱུན་དུ་ཕལ་ཆེར་སྦྲིབས་སུ་ནུབ་པ་བྱུང་།  བྱིན་རླབས་བླ་མའི་གཏུམ་མོ་སྒོམ་སྐབས་བདེ་དྲོད་རང་འབར་དུ་སོང་།  རྩ་ཐིག་རླུང་ལ་གནད་དུ་བསྣུན་པས་རྩ་ཕྲན་རྣམས་ཀྱི་མདུད་པ་གྲོལ་ནས་དེར་ཐིག་ལེ་དང་རླུང་སེམས་འདུས་པས་རྩ་རླུང་ཐིག་ལེའི་ཟུག་དང་གཟིགས་སྣང་དང་རྟགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་།  དེ་ནས་ཀྱང་གཏུམ་མོ་ལ་རྩལ་ཐོན་ནས་རོ་རྐྱང་གི་རླུང་དབུ་མར་ཐིམ་པའི་རྫོགས་རིམ་གྱི་རྟོགས་པའི་ཀློང་བ?ལ།  འོད་གསལ་གྱི་ངང་ནས་སངས་རྒྱས་ཀྱི་ཞིང་ཉུལ་བ་དང་རྫུ་འཕྲུལ་གྱི་བཀོད་པ་སྟོན་པ་སོགས་སྤྲུལ་བསྒྱུར་སྣ་ཚོགས་དང་།  དངོས་སུ་ཡང་ཡུལ་ཉི་ཤུ་དང་དུར་ཁྲོད་བརྒྱད་སོགས་སུ་ཕེབས་པས་སྟོར་ནས་མིས་མི་རྙེད་པ་ལན་དུ་མར་བྱུང་།  རྐྱེན་བཟང་ངན་ཐམས་ཅད་ལ་ཉམ་ང་དང་ཁུ་འཁྲིག་མེད་པར་ཐོག་རྫིས་དང་རོ་སྙོམས་ཁོ་ན་མཛད།  དེ་ནས་བླ་མས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས།  ལྷ་བཅུ་གསུམ་མ།  ལྷ་ལྔ་ལྷན་སྐྱེས་རྣམས་དང་།  ?་རྗེ་ཕག་མོའི་སིནྡྷུ་རའི་དཀྱིལ་འཁོར་དུ་ལྷ་མོ་བཅོ་ལྔ་མ།  བདུན་མ།  ལྔ་མ།  ལྷན་སྐྱེས་མ་རྣམས་དང་།  ལུས་ཀྱི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བཞི་རྣམས་རྫོགས་པར་བསྐུར་ནས།  དཔལ་འཁོར་ལོ་སྡོམ་པའི་རྒྱུད་དང་མན་ངག་ཡོངས་སུ་རྫོགས་པ་དང་།  ཁྱད་པར་དུ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་རྣམས་མནོག་ཆོས་སུ་གནང་ནས།  ད་གཞན་དུ་སོང་ལ་བརྟག་གཉིས་སོགས་རྒྱུད་སྡེའི་སློབ་གཉེར་མཐར་ཕྱིན་གྱིས།  དེ་ནས་ཚེ་འདི་ལ་ཕྱི་མིག་མ་ལྟ།  དམན་པའི་ས་ཟུངས།  ཧྲུལ་པོའི་གོས་གྱོན།  གྱོང་ལྟོ་གོས་གཏམ་གསུམ་ལ་ཐོང་།  རིའི་བུ་གྱིས།  ན་བུན་གོས་སུ་གྱོན།  བརྟུལ་ཞུགས་ཀྱི་སྤྱོད་པས་ཡུལ་སྣང་ལམ་དུ་ཁྱེར།  ཉམ་ང་ལ་ཐོག་རྫིས་གྱིས།  འཇིག་རྟེན་ཆོས་བརྒྱད་བློས་ཐོངས་ལ་ཙ་རི་ཙ་གོང་།  ལ་ཕྱི་ཆུ་བར།  གངས་ཏེ་སི་དང་རྫོང་དྲུག་སོགས་བཀའ་བརྒྱུད་ཀྱི་གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་ཚུགས་ལ་བསྟན་འགྲོའི་དོན་གྱིས་ཤིག་གསུངས།  དེ་ཐུགས་ལ་བཞག་ནས་རྒྱུད་སྡེའི་སློབ་གཉེར་བྱེད་པར་དཔལ་འཁོར་ཆོས་སྡེར་བྱོན་ནས་གུར་པ་གྲྭ་ཚང་ལ་ཞུགས།  གཡུ་ལུང་པ་ཡོན་ཏན་རྒྱ་མཚོའི་དྲུང་ནས་ས་ལུགས་ཀྱི་དགྱེས་?ར།  གུར་རིགས་བསྡུས།  ?་རྗེ་ཕུར་པ་སོགས་ཀྱི་དབང་རྒྱུད་བརྟག་གཉིས་?་རྗེ་གུར།  སམྦྷུ་ཊ་རྣམས་ལ་རྒྱ་འགྲེལ་དང་བོད་འགྲེལ་གྱི་སྟེང་ནས་བཤད་པ་མཐའ་ཆོད་པ་གསན།  གཞན་ཡང་སློབ་དཔོན་ཀུན་དགའ་ཉི་མ།  པཎ་ཆེན་དོན་གྲུབ་གྲགས་པ་སོགས་ལ་གསང་སྔགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ་བསྐྱེད་རྫོགས་ཀྱི་གདམས་པ།  གར་ཐིག་དབྱངས་སོགས་ཀྱི་ཕྱག་ལེན་མང་དུ་གསན་ནོ།།  དེ་ནས་བླ་མའི་བཀའ་བཞིན་ཙ་རི་ལ་བསྒོམ་དུ་འགྲོ་དགོངས་ནས་བྱོན།  ཟུར་མཁར་དུ་དྲང་སྲོང་མཉམ་ཉིད་?་རྗེ་ལས་ཆོས་འགའ་ཞིག་གསན།  སྐུ་ཚེ་སྔ་མ་ནས་ས་ལམ་གྱི་རྟོགས་པ་བགྲོད་ཟིན་པས་ཚེ་འདིར་འབད་རྩོལ་ཆེར་མ་དགོས་པར་གྲུབ་པའི་གོ་འཕང་མཐོན་པོར་མངའ་བ་ངེས་ཏེ་དུས་འདི་ནས་བཟུང་ཕལ་ཆེར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད།  གངས་ཏེ་སི།  ཙ་རི།  ལ་ཕྱི་ཆུ་བར།  བལ་ཡུལ་སོགས་གནས་ངེས་མེད་དུ་བྱོན།  འཁོར་ལོ་བདེ་མཆོག་དང་དགྱེས་?ར་སོགས་ཡི་དམ་གྱི་ལྷ་དུ་མའི་ཞལ་མངོན་སུམ་དུ་གཟིགས།  ཆ་ལུགས་ཀྱང་སྐབས་འགའ་ཞིག་ཏུ་སྐུ་གཅེར་བུ་ལ་མིའི་གཡང་གཞི་ཁྲག་ཅན་གསོལ།  རྒྱུ་རློན་གྱིས་ག་ཤ་དང་གདུ་བུ་བྱས།  མི་ཐོད་རློན་པར་ཀླད་པ་དང་རྒྱུ་མ་སོགས་རྩིབས་མས་དཀྲུགས་ཏེ་གསོལ།  ཕལ་ཆེར་ཧེ་རུ་ཀའི་ཆ་བྱད་རུས་རྒྱན་དང་།  ཐོད་པ།  རྐང་གླིང་།  ཁ་??་རྣམས་འཆང་ཞིང་དུར་ཁྲོད་དང་གྲོང་གསེབ་ངེས་མེད་དུ་བྱོན་ནས་ཐ་མལ་གྱི་བློར་མི་ཆུད་པའི་ཐོ་ཅོའི་སྤྱོད་པ་སྣ་ཚོགས་མཛད་པས་གཙང་སྨྱོན་ཞེས་གྲགས།  སྐྱེ་བོ་མི་བསྲུན་པ་འགའ་ཞིག་གིས་སྐུ་ལ་མཐོ་འཚམ་པས་མདའ་མདུང་རལ་གྲི་སོགས་ཀྱིས་ལན་བརྒྱ་ཕྲག་ཏུ་བསྣུན་ཀྱང་བྲག་ལ་ཁུ་ཚུར་བརྡེག་པ་དང་མཚུངས་པར་ཅུང་ཟད་ཀྱང་མི་གནོད་པ་དང་།  དེར་མ་ཟད་མེ་འབར་བའི་ནང་དུ་བཅུག་སྟེ་ཡུན་རིང་པོར་བསྲེགས་པ་དང་ཕྱག་ཞབས་རྣམས་བཅིངས་ནས་ཆུ་ཆེན་པོ་ལ་སྐྱུར་བ་དང་།  གངས་ཀྱི་སེང་བར་དུ་འཕངས་པ་སོགས་བྱས་ཀྱང་གནོད་པ་ཅི་ཡང་མེད་པ་དང་།  ཀླ་ཀློ་འགའ་ཞིག་གིས་དབུ་དང་ཕྱག་ཞབས་སོ་སོར་ཕྲལ་སྐུ་དུམ་བུར་བསིལ་ནས་རྒྱང་རིང་པོར་སྐྱུར་ཀྱང་དེ་མ་ཐག་སྐུ་གཟུགས་སྔ་མ་བཞིན་གྱུར་ཏེ་བཞད་མོ་མཛད་པ་སོགས་དཔག་པར་དཀའ་བའི་རྫུ་འཕྲུལ་མང་དུ་བསྟན་པས་གྲུབ་ཐོབ་ཀྱི་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར།  གཞན་ཡང་ནད་དང་གདོན་གྱིས་ཉེན་པའི་སེམས་ཅན་མང་པོ་སྡུག་བསྔལ་ལས་ཐར་པར་བྱས་པ་དང་།  ཕན་ཚུན་འཐབ་རྩོད་ཀྱི་གཡུལ་འགྱེད་པ་རྫུ་འཕྲུལ་གྱིས་འདུམ་པར་བྱས་པ་དང་།  དུར་ཁྲོད་ཀྱི་རོ་ལངས་དང་།  འབྱུང་པོ་མ་རུངས་པ་དུ་མ་བཏུལ་ཏེ་དམ་ལ་བཏགས་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཤིན་ཏུ་མང་།  མཛད་པ་ཕྱག་རྗེས་ཀྱང་།  བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་ཞིག་གསོས་དང་།  གྲུབ་གནས་མང་པོར་བཀའ་བརྒྱུད་ཀྱི་སྒྲུབ་སྡེ་བཙུགས་པ་དང་།  སྙན་བརྒྱུད་གླེགས་བམ་དུ་བཀོད་པ་པོ་ཏི་བཅུ་གསུམ་ལ་ཞུ་དག་གཙང་མ་དང་།  རྗེ་བཙུན་མི་ལའི་རྣམ་ཐར་ལྗགས་རྩོམ་མཛད་ཅིང་།  ཉམས་མགུར་ཕྱོགས་གཅིག་ཏུ་བསྒྲིགས་པ་པར་དུ་བརྐོས་པ་དང་།  སྐལ་ལྡན་དུ་མ་ལ་གནང་བའི་ཞལ་གདམས་མགུར་མའི་སྐོར་དང་།  སྙན་བརྒྱུད་ཀྱི་གདམས་པའི་ཡིག་ཆ་ཐོར་བུ་སོགས་བསྟན་རྒྱུན་ལ་ཕན་པའི་གསུང་རྩོམ་ཡང་མང་ཙམ་ཡོད་པ་འདུག  སྔ་ཕྱི་དུ་མར་བཀའ་བརྒྱུད་ཀྱི་ཆོས་དང་གང་ཟག་ལ་རྒོལ་བ་རྩོམ་པའི་རྟོག་གེ་བ་མང་པོ་ཡང་ལུང་དང་རིགས་པ་དང་གཏན་ཚིགས་ཀྱི་སྒོ་ནས་སྤོབས་པ་རྨེག་མེད་དུ་བཅོམ།  ཕྱི་རོལ་དུ་སྣང་བ་ཐམས་ཅད་ཟིལ་གྱིས་གནོན་པའི་གྲུབ་ཐོབ་གངས་ཀྱི་སེང་གེ་ལྟ་བུའི་བརྟུལ་ཞུགས་ལ་གནས་ཀྱང་།  ཐུགས་རྒྱུད་བྱམས་སྙིང་རྗེའི་གཞན་དབང་ཁོ་ནར་གྱུར་པས།  སེམས་ཅན་ཕོངས་པ་དང་སྡུག་བསྔལ་བ་དང་སྡིག་པའི་ལས་ཚབས་ཆེན་པོ་གསོག་པ་དག་གཟིགས་པ་དང་གསན་པ་ཙམ་གྱིས་མི་བཟོད་པའི་སྤྱན་ཆབ་འབྱིན་ཅིང་དེ་ལ་གཙོ་བོར་དམིགས་ནས་ཐུགས་དམ་གནད་དུ་སྨིན་པ་གནང་བ་ཞིག་ཡོད་ལ།  གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་ལས་འབྲས་ལ་བརྩི་འཇོག་ཆེ་བས་དགེ་སྡིག་ཆུང་ངུ་ཙམ་ཡང་ཁྱད་དུ་མི་གསོད་ཅིང་།  སློབ་མ་རྣམས་ལ་ཡང་ཚུལ་དེ་ཁོ་ན་འདོམས་པར་མཛད།  བྱིན་རླབས་ཀྱི་ཚན་ཁ་ཆེ་བས་གར་བཞུགས་གར་ཕེབས་ཀྱི་གནས་ཐམས་ཅད་བཀྲ་ཤིས་ཤིང་ཁྱད་པར་དུ་ཁྲིད་བཏབ་པའི་སློབ་མ་ལ་རྟོགས་པ་མི་སྐྱེ་བ་མེད།  རྒན་ཞུགས་ལོ་བདུན་ཅུ་བརྒལ་བ་ཞིག་ལ་ཁྲིད་གནང་ནས་བསྐྱངས་པས་ཕྱག་ཆེན་གྱི་རྟོགས་པ་སྐྱེས་ཏེ་ཉམས་འབུལ་དུ་བྱུང་བས་ཆོས་བྱེད་ཀྱི་མིག་ལྟོས་ལ་ཕན་པ་བྱུང་།  དེའི་དབང་གིས་དབུས་གཙང་ཁམས་སོགས་ནས་སློབ་མ་གྲངས་ཀྱིས་མི་ཆོད་པ་འདུས་ཤིང་ཡོངས་སུ་གྲགས་པའང་ཐུགས་སྲས་ཞེ་དགུ་དང་།  ཐུན་མོང་མ་ཡིན་པའི་ཐུགས་སྲས་བརྒྱད།  བླ་ཆེན་བླ་ཆུང་དྲུག་ཅུ།  རྟོགས་ལྡན་ཉེར་བརྒྱད།  སྟོན་སྒོམ་ཉི་ཤུ།  གྲུབ་ཆེན་བཅོ་བརྒྱད།  རྟོགས་ལྡན་བདུན་བརྒྱ་དང་སུམ་ཅུ་རྩ་བདུན།  རྣལ་འབྱོར་མ་སྲིང་བཞི་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ནོ།  །མཐར་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་མོ་ཡོས་ཀྱི་ལོར་རས་ཆུང་ཕུག་ཏུ་ཡ་མཚན་པའི་ལྟས་དུ་མ་དང་བཅས་མྱ་ངན་ལས་འདའ་བའི་ཚུལ་བསྟན།  སྐུ་གདུང་ཞུགས་སུ་ཕུལ་བས་ལྷ་སྐུ་དང་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན་པ་སློབ་མ་རྣམས་ཀྱིས་དད་རྟེན་དུ་བགོས།  བུ་སློབ་རྣམས་ཀྱིས་གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།"ཞེས་གསུངས་ཡོད།

 

        རས་ཆུང་ཕུག་ཅེས་པའི་སྒྲུབ་ཕུག་ལྟེ་བ་དེའི་གཡོན་ངོས་ཀྱི་མཆོད་གཤོམས་ནང་།  གུ་རུ་རིན་པོ་ཆེ་དང་།  མི་ལ་རས་པ།  རས་ཆུང་པ།  ཉེ་གནས་རིན་ཆེན་གྲགས་པ།  གཙང་སྨྱོན་ཧེ་རུ་ཀ་སོགས་ཀྱི་སྐུ་བརྙན་མི་ཚད་མ་འགའ་བཞུགས་སུ་གསོལ་འདུག

 

        མཆོད་མཇལ་ཟིན་རྟིང་།  སེམས་རྩ་འཁོལ་བའི་དཀོན་གཉེར་དེས་ངེད་ཅག་ཁོང་གི་ཤག་ཏུ་ཁྲིད་ནས་གསོལ་ཇ་མངར་མོ་བླུགས་བྱུང་ཞིང་།  ཁོང་དང་ཅི་འཕྲོས་མོལ་འཕྲོས་གླེང་བའི་ཞར་དུ་དགོན་པ་དང་འབྲེལ་བའི་གནས་ཚུལ་འགའ་ཤེས་རྟོགས་བྱུང་བ་ལས་དེ་མུར་ཁོ་བོའི་ཡིད་ཀྱི་མཚོ་མོར་དགའ་དང་སྐྱོ་བའི་རླབས་ཕྲེང་དྲག་པོ་ཞིག་དབང་མེད་དུ་འཕྱུར་བྱུང་བ་སྟེ།  དགའ་དོན་ནི།  དགོན་འདབས་བར་རླངས་འཁོར་གྱི་འགྲོ་ལམ་བཟོས་ཡོད་པ་དང་།  དེ་སྔ་ཆུ་ཟོམ་སྒལ་པར་ཁུར་ནས་རི་གཤམ་དུ་བབས་ཏེ་ཆུ་ལེན་པར་འགྲོ་དགོས་པ་དེ་ད་ལྟ་སྒོ་འགྲམ་དུ་རང་འབབ་ཀ་ལ་ནས་ཆུ་བླངས་ན་ཆོག་པ།  ད་དུང་དཀོན་གཉེར་བཞུགས་སའི་ཁང་པ་ནི་དེ་བས་རྒྱ་ཆེ་ཞིང་དཀར་ཆ་དོད་པ་མ་ཟད།  གློག་གི་སྒྲོན་མེས་ཉིན་མཚན་དབྱེ་བ་མི་ཆོད་པའི་ཚོད་དུ་གྱུར་འདུག་པ་དེ་ཡིན།  སྐྱོ་དོན་ནི།  ད་ལྟ་དགོན་པ་འདིར།  ཚེས་བཟང་དུས་བཟང་སོགས་ཀྱི་སྐབས་སྔོན་དགོན་འདིའི་དགེ་འདུན་པ་གནང་མྱོང་ཞིང་ད་ཆ་སྐྱ་བབ་ནས་ཡོད་པའི་སྐུ་ཞབས་འགའ་ཞིག་མཆིས་པ་དེ་དག་གིས་འདིར་འོངས་ནས་ཆོ་ག་ཆོས་སྤྱོད་དག་སྤེལ་བ་ལས།  ནམ་ཞག་རྒྱུན་དུ་དཀོན་གཉེར་གཅིག་པུ་ལས་མེད་པར་བརྟེན།  སླད་དགོན་འདིའི་ཐུན་མོང་མ་ཡིན་པའི་ཆོ་ག་ཆོས་སྤྱོད་ལ་སོགས་པ་རྣམས་མི་སུ་ཞིག་གིས་རྒྱུན་ཇི་ལྟར་འཛིན་ཡོང་ངམ་སྙམ་པའི་སེམས་ཁྲལ་དང་།  ད་དུང་དགོན་འདིའི་མཐའ་འཁོར་དུ་བོང་བུའི་རྣ་བ་རལ་བ་དང་ཀུན་ནས་འདྲ་བའི་གྱང་རོ་མང་དག་ཅིག་འདུག་པ་དེ་ཡིས་ཡིན།  ང་ཚོས་དཀོན་གཉེར་ལ་གྱེས་ཕྱག་ཕུལ་རྗེས།  ཆེད་དུ་གྱང་རལ་དེ་དག་ལ་བལྟ་བར་ཐོན་པ་ན།  ལྷག་མར་ལུས་པའི་གྱང་རོ་སྟེ།  སྲ་ཞིང་མཁྲེགས་ལ་འདྲོངས་ཤིང་འཐེན་ཆ་ལེགས་པའི་?་རྩིག་དེ་དག་དང་།  གཞི་ཁྱོན་ཆེ་བའི་དགོན་ཤུལ་དེ་དག་མཐོང་བ་ན།  ཨ་ཙི།  དགོན་པ་དེ་སྔར་རྒྱ་ཆེ་ཞིང་ཉམས་དོད་པོ་ཅི་འདྲ་ཞིག་ཡོད་པ་རེད་ཨང་།  དེ་དག་ད་ལྟ་མཇལ་རྒྱུ་ཡོད་ན་དགའ་བ་ལ་ཨང་སྙམ་པ་དང་།  དེའི་རྐྱེན་ལས།  ཡིད་ཁམས་སུ་སྔར་གྱི་དགོན་པའི་གནས་ཚུལ་འཁོད་པའི་དཔྱད་གཞིའི་ཡིག་ཆ་ཞིག་གང་དུ་ཡོད་ཀྱང་འཚོལ་བར་འགྲོ་འདོད་ཀྱི་རླུང་བུ་དྲག་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ལྡང་བྱུང་།

 

        དེ་ནས་ང་ཚོས་རས་ཆུང་ཕུག་གི་དགོན་འདབས་ཀྱི་རི་ངོས་ནས་རྒྱང་བལྟ་བྱས་པའི་ཚེ།  བྱང་ཕྱོགས་ན།  སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེང་སའི་ཤེལ་བྲག་ལྷུན་པོ་དེ་འགྱིང་ངེར་གནས་ཡོད་པ་དང་།  བྱང་ཤར་མཚམས་ན།  ཕ་སྤྲེལ་རྒན་དང་མ་བྲག་སྲིན་ཟུང་གིས་རང་རིགས་ཀྱི་ས་བོན་ཐོག་མ་འདེབས་སའི་མགོན་པོ་རི་བོ་དེ་ལྷུན་ཆགས་གེར་བཞུགས་པ།  ཤར་གྱི་ཕྱོགས་ན།  གསེར་འོད་ཆེམ་ཆེམ་འཕྲོ་བའི་རྒྱ་ཕིབས་ཀྱི་འོག་ན་འཛུམ་དམུལ་ལེར་བཞུགས་པའི་དཔལ་ཆེན་གཡོ་རུའི་ཁྲ་འབྲུག་དེ་རྨ་བྱའི་སྒྲོ་ལས་མཚར་བ།  ཤར་ལྷོ་ན།  རང་རིགས་ཀྱི་དབུ་འཕང་དགུང་ལ་འདེགས་པའི་མཁར་གྱི་དང་པོ་ཡུམ་བུ་བླ་སྒང་དེ་ཉིད་ཀ་བའི་ཚུལ་དུ་བསྒྲེངས་པ།  ནུབ་བྱང་མཚམས་ན།  ཡར་ཀླུང་རྟེན་གསུམ་གྱི་ཡ་གྱལ་དགོན་ཐང་འབུམ་པ་དེ་ཉིད་བྱིན་ཆགས་གེར་བཞུགས་པ།  ད་དུང་དབུས་སུ་ཡོད་པའི་ཡར་ཀླུང་ཞིང་ཐང་དེ་ནི།  སྨིན་ཟིན་པའི་ལོ་ཏོག་རྣམས་ལ་སེར་མདངས་རྒྱས་པ་དང་འཚར་བཞིན་པའི་ལོ་ཏོག་རྣམས་ལ་གཡུ་ལོ་བཀྲ་བ་སོགས་ངོ་མ་ཁ་དོག་སྣ་ལྔའི་འཇའ་ཚོན་གྱི་རི་མོ་དང་གཉིས་སུ་མེད་པ་ཞིག་འདུག་པས།  ཁོ་བོས་པར་ཆས་ཀྱི་འཕྲུལ་ལ་བརྟེན་ནས་དེ་དག་ནམ་ཡང་མི་ཞིག་པའི་རྟེན་དུ་ཉར་བ་ཡིན།

 

        དེ་ནས་ང་རང་མགོན་པོ་རི་འདབས་སུ་ཡོད་པའི་རང་སྤྱིལ་ཤོག་མང་སྤུངས་ཚལ་དུ་སླེབས་རྗེས།  ད་གིན་དཔྱད་གཞི་འཚོལ་འདོད་ཀྱི་རླུང་བུ་དྲག་པོ་དེས་དེད་ནས་དཔེ་སྒྲོམ་ལས་དཔེ་དེབ་མང་དག་ཅིག་ཨ་སློག་བརྒྱབ་པ་ན།  ཏག་ཏག་ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་ཅེས་པ་དེ་དང་མཇལ་ཞིང་།  གནས་ཡིག་དེའི་ནང་།  "རས་ཆུང་ཕུག་ཏུ་ལྷ་ཁང་གསར་རྒྱག་ཞུས་པ་ཀ་བརྒྱད་མ།  སྒྲུབ་ཕུག་ཤིན་ཏུ་ཉམས་སྐྱིད་དབུས།  གཙང་སྨྱོན་ཧེ་རུ་ཀའི་འདྲ་ཞལ་རྒོད་ཚང་པ་ཕྱི་མས་བཞེངས་པ་མི་ཚད་སྨུག་པོ་ལ་ཐོད་སྒམ་དངུལ་ལས་བརྡུངས་པ།  ?་རྗེ་འཆང་ནས་སྟོད་འབྲུག་བླ་བརྒྱུད་དང་།  རས་ཆུང་སྙན་བརྒྱུད་ཀྱི་རྒྱུད་པ་རྒོད་ཚང་པས་བཞེངས་པའི་ལི་འདྲ་མཐོ་གང་བ་སོ་དགུ།  གཡས་སུ་མི་ལ་དང་།  རས་ཆུང་པ་སྨན་འདམ་བྱིན་ཆགས་ཁྲུ་གང་།  གཡས་སུ་ཉེ་གནས་རིན་ཆེན་གྲགས། གྲུབ་ཐོབ་བཤེས་གཉེན་པ།  གཡོན་དུ་རྒོད་ཚང་པ།  ཕག་གྲུའི་སྤྱན་སྔ་པ་བཅས་མདའ་གང་སྐུ་རྙིང་འཇིམ་ཁྲི་རྒྱབ་ཡོལ་བཅས།  གཡས་སུ་དགུ་པ་དབང་ཕྱུག་?་རྗེ་དར་སྐུ།  རས་ཆུང་སྤྲུལ་སྐུ་འཆི་མེད་དབང་པོ་མི་ཚད་བཅས།  རྒོད་ཚང་སྣ་ཚོགས་རང་གྲོལ་གསེར་སྐུ།  གཙང་པ་རྒྱ་རས་གདུང་རྟེན་ཟངས་གསེར་ཐོག་གཉིས་པ།  རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་གདུང་རྟེན་མདའ་གང་པ།  གཙང་སྨྱོན་ཧེ་རུ་ཀའི་ཕྱག་འཁར་སྔགས་ཀྱི་འཁར་སིལ་ཁ་??་རྩེ་གསུམ་མི་ཚད་ཉམས་མཚར།  རས་ཆུང་ཕྱག་འཁར་རྒྱ་གར་གྱི་རམ་པ་སྟེ་དུར་ཚིགས་ཉེར་བཞི་ལ་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་བཞུགས་པ།  མགོན་ཁང་ཕྱག་བཞི།  ཞིང་སྐྱོང་།  ཚེ་རིང་མ།  རྟ་ནག་དྲེགས་པ་སྡེ་བརྒྱད།  འདུ་ཁང་ཁྱམས་ཀ་བ་ཉེར་ལྔ་པ་ནང་སངས་རྒྱས་སྟོང་བདུན་སྟོང་རི་མོ་རྒྱས།  སྦྲིག་གཙང་ཁང་རྣམ་ཐར་སྒོ་གསུམ་པའི་དབུས་སུ།  ཐུབ་ཆེན་ཟངས་གསེར་གྲུབ་མཆོག་དབང་པོས་བཞེངས་པའི་སྐུ་ཞལ་མཐོ་བཞེངས་ཆེ་ལེགས།  ཉེ་སྲས་བརྒྱད།  སྒོ་སྲུང་གཉིས་བཅས་མི་ཚད་གཉིས་ལྷག་འདམ་སྐུ།  བཀའ་འགྱུར་བཅས།  དབུ་རྩེར་ཀ་བ་བཅུ་དྲུག་སྦྲིག་?་རྗེ་འཆང་།  བདག་མེད་མ།  ཏེ་ལོ།  ནཱ་རོ།  ས་ར་ཧ།  ཀླུ་སྒྲུབ།  མར་པ།  མི་ལ།  དྭགས་པོ་སོགས་གཡས་རས་ཆུང་སྙན་བརྒྱུད།  གཡོན་སྟོད་འབྲུག་བླ་བརྒྱུད་མི་ཚད་ཙམ་གྲུབ་མཆོག་ཛྙ་ནའི་མཚན་གྱི་ཕྱག་བཟོ་འཇིམ་སྐུ་ཤིན་ཏུ་མཚར་བ།  ཁྲི་རྒྱབ་ཡོལ་བཅས་ཁྱོན་སུམ་ཅུ་སོ་བརྒྱད།  ཆོས་རྗེ་གླིང་པ་འཛམ་གླིང་?་རྗེ་དྭགས་ཞུ་ཅན་ཡང་སྣང་།  གཡས་སུ་ལྷ་ཁང་ཀ་བཞི་མར་ཀརྨ་པ་ཞྭ་དམར་ནག་གསུམ་མི་ཚད་འཇིམ།  གྲུབ་མཆོག་དབང་པོ་དང་།  གྲུབ་མཆོག་དཔལ་ལྡན་རྒྱ་མཚོ།  ཀུན་མཁྱེན་ལྔ་པ།  བྱམས་པའི་བཟོ་ཕུད་ཐུབ་དབང་ཟངས་གསེར་མི་ཚད།  བྱང་བདག་རིག་འཛིན་ངག་གི་དབང་པོའི་གདུང་མི་ཚད།  རས་ཆུང་སྤྲུལ་སྐུ་གོང་མ་ངེས་དོན་ཆོས་ཀྱི་རྒྱ་མཚོ།  གངས་རབ་འབྱམས་པ་བཅས་མི་ཚད་འཇིམ།"ཞེས་ཀ་ཐོག་སི་ཏུ་རིན་པོ་ཆེ་གང་ཉིད་གནས་འདིར་ཕེབས་དུས་དགོན་འདིར་ལྷ་ཁང་ཇི་ཙམ་ཡོད་པ་དང་དང་ལྷ་ཁང་དེ་དག་ནང་སྐུ་གསུང་ཐུགས་རྟེན་གང་དང་ཅི་ཞིག་ཡོད་པ་ཁྲ་ལྷམ་མེར་བཀོད་འདུག་གོ།

 

        གོང་གསལ་རས་ཆུང་པ་དང་།  རས་ཆུང་ཕུག  གཙང་སྨྱོན་ཧེ་རུ་ཀ་བཅས་དང་འབྲེལ་བའི་ལོ་རྒྱུས་ཀྱི་བུམ་པ་གས་ཆག་མེད་པ་ཞིག  གཅིག་བྱས་ན།  ད་ལྟ་ཁ་ཤོ་སྣ་རལ་དུ་གྱུར་པའི་གྱང་རོའི་ཁྲོད་ཀྱི་ས་འོག་ན་གཟིམ་ནས་བཞུགས་ཡོད་ཀྱང་སྲིད་ལ། གཅིག་བྱས་ན།  དེ་དག་དང་ལས་འབྲེལ་ཡོད་པའི་སྐྱེས་བུ་ཞིག་གིས་ད་ལྟ་སྒོ་ཀུན་ནས་འཚོལ་ཞིབ་ཀྱི་སྦྱོར་བ་ལྷུ་རུ་ལེན་གྱིན་ཡོད་ཀྱང་སྲིད།  གང་ལྟར་ཁོ་བོས་ནི་ཆག་དུམ་དེ་ཙམ་ལས་མ་རྙེད་དོ། །  

2015ལོའི་ཟླ8ཚེས6ཉིན་བྲིས། 

2017ལོའི་ཟླ3ཚེས22ཉིན་བཅོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1