མཚམས་ལན་རེར། ངའི་ཆུང་བྱིས་པའི་དུས་ཀྱི་སྣང་བརྙན་འགའ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཡིད་ལ་་ལེར་ཤར་འོངས། དེ་ནི་ངའི་ཕ་ཡུལ་ན་ཡོད་པའི་ཆེས་ཁྱད་དུ་འཕགས་པའི་སྨྲ་བསམ་བརྗོད་འདས་ཀྱི་རང་བྱུང་སྣང་ཚུལ་ཞིག་ཡིན་ལ། ཆེས་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དན་རྟགས་རིང་མོ་ཞིག་ཀྱང་ཅི་ལ་མིན་ཨང་། ངེད་ཚང་གི་སྟོན་མཚེར་གཡས་ཕྱོགས་ན་བྲག་རི་མཐོན་པོ་ལྟ་ན་སྡུག་པ་ངོས་ན། གསལ་ལ་མི་གསལ་བའི་རི་མོ་སྣ་ཚོགས་ཁྲ་ལམ་མེར་འབུར་དོད་དུ་འདུག་པ་ཞིག་ཡོད། དེ་ནས་ཡར་ཅུང་ཙམ་སོང་ན་བྲག་རི་དེ་ལས་ཀྱང་མཐོ་བ་ངོས་ན་བྲག་རྩི་ཁ་དོག་དམར་སེར་གྱི་རང་མདངས་འཚེར་བ་ཞིག་གི་ཡང་སྟེང་ན་མི་ཆེན་ཞིག་ཙོག་གེར་འདུག་པ་ལྟ་བུའི་བྲག་གི་བཞུགས་ཁྲི་རང་བྱོན་ཞིག་ཡོད་པའི་མདུན་ན། ངོས་ཧ་ཅང་མཉམ་པའི་བྲག་?་གྲུ་བཞི་ཆེན་པོ་ཞིག་ཡོད་པ་མ་ཟད། དེའི་སྟེང་ན་མིའི་རྐང་རྗེས་དང་ཁྱི་རྗེས། རྟ་རྗེས་གསུམ་འདམ་བག་ནང་ལ་སྤོས་པ་བཞིན་གསལ་ལྷང་ངེར་འདུག་པ་ཞིག་ཡོད། ངོ་མཚར་དཔལ་གྱིས་མིག་དབང་ཅིག་ཅར་དུ་འཕྲོག་པའི་བྲག་རི་དེའི་མིང་ལ་གནས་རི་གེ་སར་བཞུགས་ཁྲི་ཟེར་ཞིང་། དེའི་མདུན་ཕྱོགས་ན་ཆུ་མིག་བརྒྱ་རྩའི་མཆོད་པ་བཤམས་འདྲའི་ནེའུ་གསིང་ལྟ་ན་སྡུག་ཅིང་། དབྱར་གསུམ་དཀར་དམར་མེ་ཏོག་གི་མདངས་ཀྱིས་སུམ་རྩེན་གནས་ལ་སྐྱེངས་པ་སྟེར་བ་ཞིག་ཡོད། དེ་དང་མི་རིང་བའི་མཚམས་ན་དུས་བཞིའི་རང་མདངས་མངོན་པར་འཛིན་པའི་སྤང་རི་ཡིད་དུ་འོང་བ་དེ་འདྲ་མཐོ་རྒྱུ་མེད་ལ་དམའ་རྒྱུ་ཡང་མེད་པ་ཞིག་གི་རྩེ་མོ་ན་བསང་ཁྲི་ཆེན་པོ་ཞིག་མཆིས་ལ། དེའི་ཕྱོགས་བཞི་ན་དར་ཤིང་རིང་པོ་དར་ལྕོག་ཁ་དོག་སྣ་ལྔས་མཛེས་པར་སྤྲས་པ་རེ་བཙུགས་ཡོད་པས་སྤང་རི་ཁེར་རྐྱང་དེར་རྒྱང་རིང་ནས་བལྟས་ཚེ། གླང་ཆེན་ཆུ་འཐུང་ཞིག་གི་རྒྱབ་ལ་འཇའ་ཚོན་སྣ་ལྔའི་དར་འཕྲུ་ཞིག་བཙུགས་པ་དང་གཉིས་སུ་མ་མཆིས་པ་ལྟ་བུའི་ངོ་མཚར་སྣང་བརྙན་ཞིག་མིག་གི་ལོངས་སྤྱོད་དུ་ཤར་འོངས་པ་དེ་ནི་ཡུལ་ཕྱོགས་འདིའི་སྤྱི་བསང་གཏོང་ས་ཡིན་པས། གནས་རི་དེའི་མིང་ལ་དར་ལུང་བསང་རྒན་ཞེས་འབོད། དེའི་གཡས་ཕྱོགས་ན་ལུང་པ་ཕུ་རིང་ཞིང་ཁོད་ཡངས་པ། རྩི་ཤིང་ནགས་ཚལ་གྱི་རྫོང་མཐུག་ཅིང་དྲོད་ཁོལ་འཛོམས་པ། ལུང་མཐིལ་ན་ཆུ་བོ་ཡན་ལག་བརྒྱད་ལྡན་ཆལ་ཆིལ་དུ་འབབ་པ་ཞིག་ཡོད་པའི་མིང་ལ་དར་ལུང་ཟེར་ཞིང་། དེ་དང་ཕྱོགས་སུ་གྱེས་པའི་ལུང་པའི་ངོས་ན་སྤེན་དཀར་སྤེན་ནག་དང་གླང་མ་སོགས་ཀྱི་གཡུ་ལོ་ཐགས་སུ་བཀྲ་བ་མ་ཟད། སུ་རུའི་མེ་ཏོག་གི་མདངས་མཛེས་ཤིང་། དྲི་འཁྱེར་དགའ་མའི་རྒྱུ་ཕྱོགས་དང་བསྟུན་ནས་མ་ལ་ཡ་ཡི་དྲི་ངད་བཞིན་སྨྲ་བསམ་བརྗོད་ཡུལ་ལས་འདས་པའི་བསུང་ངད་ཅིག་མཆེད་འོངས་པའི་ལུང་པ་དེའི་མིང་ལ་མགོན་སྐྱབས་ལུང་པ་ཟེར། ད་དུང་དེ་དང་དེ་ལྟ་བུའི་ལུང་པ་ཆེ་ཆུང་བགྲང་ལས་འདས་པ་ཞིག་ཡོད་མོད། འོན་ཀྱང་ནམ་རྒྱུན་ངའི་ཀུན་རྟོག་མེ་ལོང་གི་ངོས་ལ་ཡང་ཡང་འཁོར་ཡོང་བའི་གཏམ་རྒྱུད་ཀྱི་གཉེན་པོ་དག་ནི་འདི་ཙམ་མོ། །
ཆུང་བྱིས་པའི་དུས་སུ། ང་དང་ངའི་ན་མཉམ་བསམ་མེད་བྱིས་པ་སྣབས་ལུག་དག་གིས་བེའུ་རྣམས་ཆུ་མིག་བརྒྱ་རྩའི་མཆོད་པ་བཤམས་འདྲའི་ནེའུ་གསིང་དཀར་དམར་མེ་ཏོག་ལྡེམ་པའི་ཚལ་དུ་གཏོར་རྗེས། རང་རང་གི་དགའ་མོས་ལྟར་རྩེད་?་སྒྲིག་པའི་སྐབས་ཏག་ཏག་ལ། ལྷ་གཡག་དཀར་པོ་མཁའ་ནས་འགྱིང་བ་ལྟ་བུའི་སྤྲིན་དཀར་གྱི་ཚོམ་བུ་རྣམས་ཆུ་རྡུལ་ཕྲ་མོ་གྲོགས་སུ་བསྡེབས་པའི་ན་བུན་ཐར་ཐོར་དང་ལྷན་དུ་གནས་རི་གེ་སར་བཞུགས་ཁྲིའི་བྲག་རི་ལ་གཡས་སྐོར་བགྱིད་དུས། ལན་རེར་རང་བྱུང་ལྷུན་གྱིས་གྲུབ་པའི་གདུགས་དཀར་བཞིན་སྟེང་ཕྱོགས་སུ་ཕུབ་འདུག་ལ། མཚམས་རེར་དངུལ་དཀར་མདངས་ཀྱིས་མཛེས་པའི་སྐ་རགས་བཞིན་དཀྲིས་འདུག་པ་དེ་ནི་ང་དང་ངའི་ན་མཉམ་བྱིས་པ་དག་གི་གཟུགས་འཛིན་དབང་བོའི་དགའ་སྟོན་འབྱེད་པའི་ལོངས་སྤྱོད་འབའ་ཞིག་ཏུ་གྲུབ་སྟེ། ཀུན་རྟོག་ཡིད་ཀྱི་ཆོམ་པོར་རྒྱུ་བ་ཐེངས་གཅིག་ག་ལ་ཡིན། ཡིན་ནའང་། ང་དང་ངའི་གྲོགས་པོ་ཚོས་དུས་དང་རྣམ་པ་ཀུན་ཏུ་དེའི་ངོ་མཚར་སྟོང་གིས་ཕྱུག་པའི་སྣང་བརྙན་ལ་རྒྱང་ལྟ་བགྱིད་པ་ལས་དེར་འགྲོ་མ་མྱོང་ལ། གནམ་འདེགས་ཀྱི་ཀ་བ་ཞིག་དང་འདྲ་བར་གནམ་ས་གཉིས་ཀྱི་བར་ན་ཀྲོང་ངེར་འགྱིང་བའི་བརྗིད་ཆགས་བྲག་རི་དེའི་ཉེ་སར་འགྲོ་ཡང་མི་ཕོད། ཅིའི་ཕྱིར་ཞེ་ན། དེ་ནི་མགོ་ཡི་ཞྭ་བཞིན་བཀུར་བའི་གནས་རི་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེ་ལ་འགོམ་ཡུག་བཏང་ན་མི་ཕྱུགས་ཀུན་ལ་མི་བདེ་བ་སྣ་ཚོགས་ཤིག་ནད་ཡམས་བཞིན་འབྱུང་ངེས་ཡིན་ཞེས་ལོ་ལོན་རྒན་རབས་དག་གི་ཁ་ན་མ་ཎི་བཞིན་བགྲང་གིན་ཡོད་པས་སོ། །
ཉིན་ཞིག་ང་དང་ན་ཚོད་མཉམ་པའི་བེའུ་རྫི་བྱིས་པ་འགའ་རྩེད་མོར་གཡེང་ནས་ར་སྒོག་ཅེས་པའི་རི་ལ་སྐྱེས་པའི་སྒོག་པའི་རིགས་ཤིག་ཡོད་པ་དེ་འཐུ་བཞིན་བྲག་སྟེང་དེར་འཛེགས་ཏེ་རི་རྩེར་ཕྱིན་ཙ་ན། བྲག་རང་བྱོན་བླ་མའི་བཞུགས་ཁྲི་ལྟ་བུ་དང་མདུན་ཅོག་འདྲ་བ་སོགས་ཡིད་དུ་འོང་བ་མང་པོ་མཐོང་བ་ཙམ་གྱིས་མིག་དབང་ཅིག་ཅར་དུ་འཕྲོག་པའི་བྱིས་པའི་རྩེད་ར་མ་བཞེངས་ལྷུན་གྱིས་གྲུབ་པ་ཞིག་བདོག དེ་དུས་ང་ཚོས་ལ་ལ་ཞིག་རྒྱལ་བོའི་ཚུལ་དུ་ཁྲིར་བཞུགས་ཁུལ་བགྱིས་ཤིང་། ལ་ལ་ཞིག་གིས་བློན་པོའི་ཚུལ་དུ་གསོལ་ཇ་འདྲེན་ཁུལ་བགྱིས་ནས་?་ལེབ་རེ་རེའི་སྟེང་དུ་ས་བླུགས་ཏེ་རྒྱལ་པོར་དྲངས། ཡང་ལ་ལ་ཞིག་གིས་དེ་སྔ་བཏུས་པའི་ར་སྒོག་རྣམས་བྲག་ཐེམ་ཞིག་ལ་བཞག་སྟེ་?་ཟུར་ཁ་ཅན་ཞིག་གིས་གཏུབས་ནས་ཟས་གཡོ་ཁུལ་བགྱིས་པ་སོགས་རྩེད་མོའི་ནང་དུ་མགོ་འཁོར་ནས་དུས་ཡུན་ཅི་ཙམ་འགོར་བའང་མ་ངེས། བར་སྐབས་ཤིག་ལ་བྲག་རིའི་འགབ་ནས་བུད་མེད་ཅིག་གིས་སྐད་འབོད་བྱེད་ཀྱིན་འདུག་པས། ང་ཚོས་ཞིབ་ཏུ་ཉན་རྗེས་དེ་ནི་གཞན་མ་ཡིན་པར་ཁོ་བོའི་ཨ་མའི་སྐད་ཡིན་པ་གསལ་བོར་རྟོགས་སོང་ལ། སྒྲིག་ལམ་ཅི་ཞིག་ལ་འགལ་ཡོད་པ་ཡང་ང་ཚོ་ཚང་མའི་སེམས་ན་ཁྲིགས་ཁྲིགས་ཡིན་པས་རང་སྐྱོན་ངོས་ལེན་བགྱིས་ཏེ་ཚང་མ་རང་རང་ས་ནས་བྲག་གསེང་ལ་འཛུལ་ཏེ་མི་མངོན་པར་བྱས། ཡིན་ན་ཡང་། ཁོ་བོར་མཚོན་ན་སྔ་མོ་ནས་ཨ་མས་མཐོང་སྟེ་མིང་ནས་འབོད་ཀྱིན་ཡོད་པས། མོའི་གམ་དུ་ཡིད་སེམས་སྨྲེང་བཞིན་མི་འགྲོ་ཐབས་མེད་བྱུང་། སྤྱིར་ཡིན་ན། ཁོ་བོས་དོན་ངན་ཅི་ཞིག་བགྱིས་ནའང་། ཨ་མས་ངོ་གདོང་གནག་སྟེ་སྡིགས་མོ་བྱེད་པ་ལས་ཐལ་ལྕག་གིས་ཀྱང་གཞུ་མི་སྲིད་མོད། ཉིན་དེར་ལག་ལ་རྩིད་ཐག་ཁྲ་ཁྲ་ཞིག་བཟུང་སྟེ་གདོང་མདོག་དམར་བོ་ནས་དམར་ནག་ཅིག་ཏུ་གྱུར་འདུག་པའི་བཟོ་ལྟ་བདོག་པ་མ་ཟད། ངག་ནས་ཡང་དང་ཡང་དུ་འདྲེ་རྒན་དང་སྤྲང་རྒན་ཟེར་བཞིན་མགོ་ལུས་མེད་པར་རྩིད་ཐག་གིས་བྲབས་བྱུང་། དེ་ནི་ངའི་མི་ཚེ་ཡི་ཁྲོད་ཀྱི་ཆེས་ནག་ཉེས་ཚབ་པོ་ཆེ་ཞིག་ཡིན་པ་ཉིན་དེ་ནས་བཟུང་ཁོ་བོས་གསལ་བོར་རྟོགས། རེ་ཞིག་ནས་ཨ་མའི་སེམས་ཀྱང་ལྷོད་དུ་བབས་ནས་བཤད་རྒྱུར། གནས་རི་ཁྱད་དུ་འཕགས་པ་འདི་ནི་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱི་བཞུགས་ཁྲི་ཡིན་པ་མ་ཟད། དར་ལུང་བསང་རྒན་ནི་གླིང་དཔའ་བརྟུལ་སུམ་ཅུའི་སྤྱི་བསང་གཏོང་ས་ཡིན་པས། གེ་སར་ནོར་བུའི་གནས་རི་ལ་འགོམ་ཡུག་བཏང་ན་མི་ཕྱུགས་ཀུན་ལ་མི་བདེ་བ་འབྱུང་བས་མ་བཟང་ཟེར་ནས་ཤུག་པ་དང་མནོལ་བསང་འདྲེས་མ་ཞིག་མེ་ཐོག་ཏུ་བཏབ་སྟེ་གནས་རི་ལ་ཤུག་བདུག་བྱེད་བཞིན་ངག་ནས་མཁན་ཤུག་བསང་ལ་བདེན་པ་བདར་བའི་དྲི། ཕྱོགས་སུ་གཏོར་བས་ཡོངས་སུ་དག་གྱུར་ཅིག་ཅེས་གསོལ་བ་འདེབས་ཀྱིན་ཡོད་པས། ངས་ཀྱང་ཨ་མའི་ལད་མོ་བགྱིས་ནས་སེམས་ལ་རང་ཉིད་ཤེས་མེད་ཚོར་མེད་ངང་བྱིས་པ་སྣབས་ལུག་དེ་དག་དང་འགྲོགས་ནས་བྱ་བ་མི་ལེགས་པ་ཞིག་བགྱིས་པ་དེར་ཕངས་སེམས་དང་ནོངས་འགྱོད་ཚད་མེད་ཅིག་སྐྱེ་གིན་ཞེ་བསམ་པའི་གཏིང་ནས་རང་གི་ཉེས་པ་ལ་འགྱོད་བཤགས་བྱས། དུས་དེ་ནས་བཟུང་། ངས་གེ་སར་བཞུགས་ཁྲི་ཞེས་པའི་གནས་རི་ཁྱད་དུ་འཕགས་པ་དེ་སེང་ཆེན་ནོར་བུ་དགྲ་འདུལ་དང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་པ་དང་། ད་དུང་དེ་ལས་ལྷག་པའི་གླིང་རྗེ་གེ་སར་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་ཀྱང་ལོ་ལོན་རྒན་པོ་དག་གི་ངག་ལས་ཐོས་བྱུང་། དེ་ནི། གླིང་རྗེ་གེ་སར་འཁྲུངས་མ་ཐག་ཨ་ཁུ་ཁྲོ་ཐུང་གི་མཆོད་གནས་སྒོམ་པ་རཱ་ཛའི་བྱ་ནག་སྤུན་གསུམ་བཏུལ་ཞིང་། སྒོམ་པ་རཱ་ཛ་དམ་ལ་བཏགས་པ་ཐོས་པས། སྲིད་པ་ཁོག་མོ་རོག་རྫོང་ནས་གདོང་མ་བཞིའི་དཔོན་པོ་ཁྲོ་རྒྱལ་གྱིས་ཇོ་རུ་འདྲེ་དང་འགོག་མོ་འདྲེ་མོ་རེད། འདྲེ་ཕྲུག་འདི་མ་བུ་གཉིས་ཀ་གླིང་གི་ལྷ་གྲལ་ནས་ཕུད་དགོས་ཞེས་བཀའ་བཙན་པོ་གནམ་ལྕགས་ཐོག་འདྲ་བ་ཕབ་སྟེ་མགོ་དགྱེ་དབང་དང་གཏམ་བཤད་དབང་མེད་པར་རྨ་སྨད་དུ་བརྫངས། དེ་དུས་རྨ་སྨད་ནི་འདྲེ་སྲིན་པོ་གཉིས་ཀྱི་འདུ་ར་དང་བཙན་མ་མོ་གཉིས་ཀྱི་འགྲིམ་ལམ། ཧོར་ཨ་ཡན་ཇག་པའི་སྐུང་ལུང་ཡིན་པས། འདྲེ་སྲིན་རྣམས་ཀྱི་འདུ་ར་བཤིག བཙན་དང་མ་མོའི་འགྲིམ་ལམ་བཀག ཧོར་ཨ་ཡན་ཇག་པ་ཡེ་མེད་བཟོས་ཤིང་རྨ་སྨད་གཡུ་ལུང་སུམ་མདོ། ཡང་སྨད་དར་གྱི་བཞི་མདོའི་རྨ་གཡང་གྲོ་མའི་མཚེར་ས་བཟུང་ནས་རྨ་ཁོག་གི་ས་བདག་ཆུ་བདག་ཏུ་གྱུར་བའི་བར་སྐབས་ཤིག་ལ། གླིང་སྟོད་སྨད་བར་གསུམ་ཀུན་ལ་ཁངས་ཆག་ར་ཚེ་ཚེ་དང་ལུག་གཡང་དཀར་གྱིས་གཟན་རྩྭ་རེག་མི་བཏུབ་ཅིང་། རྟ་འདོ་བས་འཐུང་ཆུ་མི་ལོན་པ་ཞིག་བབས་བྱུང་བས། ཁུ་བོ་སྤྱི་དཔོན་རྒྱལ་པོ་དང་བློན་ཆེན་འདན་མ་བྱང་ཁྲ་སོགས་རྨ་སྨད་ཀྱི་ས་བདག་ཆུ་བདག་ཇོ་རུའི་མདུན་སར་འོངས་ནས་གནས་ཚུལ་རྣམས་རྒྱས་པར་ཞུས་ཤིང་། གླིང་གི་བདེ་སྡུག་ཐད་ལ་མགོན་སྐྱབས་དཔུང་གཉེན་བྱ་དགོས་པའི་རེ་བ་ནན་ཞུ་བྱས། སྐབས་དེར་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིད་ཀྱིས་ཀྱང་དེ་དོན་ཞལ་གྱིས་བཞེས་ཤིང་། བྲག་རང་བྱོན་གྱི་ཁྲིར་བཞུགས་པ་ལ་སོགས་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་པས། གླིང་གི་དཔའ་བརྟུལ་རྣམས་ཀྱིས་ཀྱང་ཁོང་གིས་རྨ་ཁམས་བདེ་ལ་བཀོད་པར་དཔའ་དར་དང་། ཐུན་མིན་གྱི་མཛད་པ་འཕྲིན་ལས་ཀྱིས་ཡིད་མྱོས་ཏེ་མཇལ་དར་སོགས་གྱ་ནོམ་པ་ཞིག་ཕུལ་རྗེས། ཕུ་ནུ་ལྷན་འཛོམས་བྱུང་བའི་རྟེན་འབྲེལ་དུ་སྤྱི་བསང་སྤྲིན་དཀར་འཕྱུར་འདྲ་ཞིག་བཏང་ཟེར་བའི་གཏམ་རྒྱུད་ལས། ས་མིང་དང་རྗེས་ཤུལ་སོགས་མ་འགྱུར་བར་ད་ལྟའི་བར་དུ་གནས་པ་འདིས་ཚང་མར་ར་སྤྲད་འདུག་པས་མི་རབས་རྗེས་མ་ཚོས་ཀྱང་གནས་རི་འདི་མགོ་ཡི་ཞྭ་བཞིན་དུ་བཀུར་དགོས་པ་ལས་སྣང་མེད་དུ་འཇོག་མི་རུང་ཞེས་པའི་ཞལ་གདམས་ཡང་ཡང་ཐོས་མྱོང་། གཏམ་རྒྱུད་དེ་ནི་དངོས་ཡོད་གནས་ཚུལ་གྱི་ངག་རྒྱུན་ཞིག་ཡིན་མིན་གསལ་ཁ་མི་འདུག་མོད། གང་ལྟར་ཁོ་ཚོས་ར་སྤྲད་པ་ལྟར་ན། ཁུ་བོ་སྤྱི་དཔོན་རྒྱལ་པོ་སོགས་གླིང་དཔའ་བརྟུལ་རྣམས་ཀྱིས་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིད་ལ་གླིང་པ་རྣམས་ལ་མགོན་སྐྱབས་དཔུང་གཉེན་བྱེད་དགོས་པའི་སྐྱབས་འཇུག་ཞུ་སའི་ལུང་པའི་མིང་ལ་མགོན་སྐྱབས་ལུང་པ་ཞེས་ཐོགས་པ་དང་། ཇོ་རུས་ཞལ་བཞེས་གནང་ཞིང་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་དེ་བྲག་གི་ཁྲི་སྟེང་ནས་བཞུགས་པའི་མིང་ལ་གེ་སར་བཞུགས་ཁྲི། དཔའ་དར་འཐེན་སའི་ལུང་པའི་མིང་ལ་དཔའ་དར་ལུང་པའམ་དར་ལུང་། ཕུ་ནུ་ལྷན་འཛོམས་བྱུང་བའི་རྟེན་འབྲེལ་གྱིས་སྤྱི་བསང་བཏང་བའི་རི་ལ་བསང་རྒན་ཟེར་བ་ལྟ་བུ་སོགས་མི་རབས་ནས་མི་རབས་ཅི་ཙམ་བརྒྱུད་ཀྱང་ད་དུང་མིང་མ་འགྱུར་བར་ཡོད་པ་ནི་དངོས་གནས་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཡིན་ལ། དེ་ལས་ཀྱང་ཡ་མཚན་པ་ཞིག་ནི། གེ་སར་གྱི་བཞུགས་ཁྲིར་གྲགས་པའི་བྲག་སྟེང་ན་གེ་སར་རྒྱལ་པོའི་ཞབས་རྗེས་དང་འདོ་རྗེ་རྐྱང་རྒོད་གཡེར་བའི་རྨིག་རྗེས། ཁྱི་དང་རའི་རྗེས་ཤུལ་སོགས་འདམ་བག་ནང་ལ་སྤོས་པ་བཞིན་འབུར་དོད་དུ་གསལ་བོར་ཡོད་པ་མ་ཟད། དེ་ནས་ཅུང་ཙམ་མར་བབ་པའི་བྲག་ངོས་ན་གླིང་ཕུ་ནུ་ལྷན་འཛོམས་ཀྱི་སྣང་བརྙན་ཡིན་པར་གྲགས་པའི་གཟུགས་རིས་ཀྱི་རི་མོ་དཔྱོད་པའི་ཡུལ་ལས་འདས་པ་མང་བོར་མཇལ་རྒྱུ་ཡོད། དེ་མིན་གེ་སར་གྱི་བཞུགས་ཁྲིའི་རྒྱབ་ཡོལ་ལྟ་བུའི་བྲག་དང་སྤང་གི་བར་མཚམས་ན་གཤོང་བུ་རས་གུར་ཞིག་དབུབ་ས་ཙམ་གྱི་ཀོང་ཀོང་ཞིག་ཡོད་པ་ནི། ལ་ལས་དེ་དུས་ལྷ་ཀླུ་གཉན་གསུམ་དང་གླིང་དཔའ་བརྟུལ་རྣམས་ཀྱིས་གསེར་དངུལ་སོགས་རིན་པོ་ཆེ་མང་བོའི་འབུལ་རྫས་གྱ་ནོམ་པ་ཞིག་ཇོ་སྐྱིད་དམ་པ་སངས་རྒྱས་ལ་ཕུལ་བ་སས་མ་ཐེག་པའི་ཤུལ་རེད་ཟེར་ལ། ཡང་ལ་ལས་ལྷ་རྟ་རྐྱང་རྒོད་ཉལ་ས་རེད་ཟེར། གོ་ཐོས་ལྟར་ན། ཇོ་རུ་སྔོན་ཆད་གླིང་ན་ཡོད་དུས་རྒོད་མ་བྲོ་ཇོ་མ་ལ་རྟེའུ་སེར་པོ་གསེར་གྱི་སྤུ་རིས་དང་སྔོན་པོ་གཡུ་ཡི་རྔ་རྔོག འདབ་ཆགས་བྱ་ཡི་གཤོག་རྩལ་ཅན་ཞིག་ཡོད་པ་དེ། སྤྲང་པོ་ལ་ཟོག་ཡོད་ན་ཕྱུག་པོ་མཚན་མོར་གཉིད་མི་འོང་ཟེར་བ་ལྟར། ཨ་ཁུ་ཁྲོ་ཐུང་གིས་སྔ་དྲོ་འོངས་ནས་འཕྲོག་རྩིས་དང་ཕྱི་དྲོ་འོངས་ནས་འདེད་རྩིས། དགོང་མོ་འོངས་ནས་རྐུ་རྩིས་བགྱིས་པས་རྟེའུ་ཆུང་གི་མགོ་མ་ཁེབས་པར་ཨ་མྱེས་རྨ་རྒྱལ་ལ་བཅོལ་ནས་རི་རྒྱག་བྱས་ཏེ་གུ་ར་རྫ་ནས་ལོ་གསུམ་དང་ན་དམར་གཞུང་ནས་ལོ་གསུམ། གཡུ་རྩེ་ནང་ནས་ལོ་གསུམ་བསྡད་ཟེར་སྲོལ་ཡོད་པས། ཇོ་རུ་མ་སྨད་གཉིས་ཀ་རྨ་སྨད་ན་ཡོད་དུས་ལྷ་རྟ་རྐྱང་རྒོད་རྨ་སྟོད་ན་ཡོད་པས། རང་རེའི་མེས་པོ་དག་གིས་ངག་རྒྱུན་གོང་མ་དེར་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། དེ་རྗེས་ལོ་ཟླ་མང་པོ་ཞིག་ཆུ་བོའི་རྒྱུན་ལྟར་བཞུར་པ་དང་ཆབས་ཅིག་ཏུ་ཕྲན་ཡང་གསར་སྐྱེས་ལྗོན་པ་བཞིན་ནར་སོན་ཏེ་ལེ་དབར་དུ་མས་ཆོད་པའི་ལྔ་ཟུང་རིག་པའི་དགའ་ཚལ་གྱི་སློབ་གླིང་དུ་བསྐྱོད་པའི་སྐལ་བཟང་གི་ཉིན་མོ་ཤར་སོང་། དེ་ནས་བཟུང་དུས་དང་རྣམ་པ་ཀུན་ཏུ་ངས་གནས་རི་གེ་སར་བཞུགས་ཁྲི་དང་ཆུ་མིག་བརྒྱ་རྩའི་ནེའུ་གསིང་། དུས་བཞིའི་རང་མདངས་མངོན་པར་གསལ་བའི་བསང་རྒན་སྤང་རིའི་མཛེས་སྡུག་སོགས་ཡིད་ནས་བརྗེད་མ་མྱོང་ལ།མཚམས་ལན་རེར་རྨི་ལམ་དུའང་འཁོར་འོངས་པས། ངས་གུང་གསེང་གི་གོ་སྐབས་དང་བསྟུན་ནས་གནས་རི་ལ་མཇལ་དུ་སོང་ཐེངས་རེ་རེར།ང་ལ་སེམས་གཏིང་ནས་ཞེན་སྣང་སྨྲ་མི་ཤེས་པ་ཞིག་སྐྱེས་ཤིང་། ཡིད་ངོས་ཀྱི་ག་ཤེད་ཅིག་ན་ལུས་པའི་སྐྱོ་ངལ་ཡོད་ཚད་སྨུག་སྤྲིན་རླུང་གིས་དེད་པ་ལྟར་སྣང་བ་སྤྲོ་སེང་ངེར་བཏང་འགྲོ་བ་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་མངོན་གསལ་དོད་པོས་ཇེ་ལེགས་ནས་ཇེ་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་གིས་སེམས་ལ་སྟོབས་ཤུགས་བསམ་ཡུལ་ལས་འདས་པ་རེ་བསྣན་འོངས། དེ་བས། ངས་ནང་མི་གཉེན་ཚན་ཞིག་ལ་ཡང་སྐོར་བསྐྱར་སྐོར་བྱེད་པ་བཞིན། གནས་རི་དེར་ད་ལྟའི་བར་དུ་བསྐོར་བ་བརྒྱབ་པ་གྲངས་ཀྱིས་མི་ཟིན་ལ། ང་གནས་དེར་སླེབས་ཐེངས་རེར་ཡང་དྲན་པའི་མེ་ལོང་གི་ངོས་ལ་རེས་མོས་སུ་འཁོར་འོང་བ་ནི། ཆུང་བྱིས་པའི་དུས་ཀྱི་ངག་རྒྱུན་གྱི་གཏམ་རྒྱུད་ཐོ་རེ་ལོང་ངེ་བ་རེ་ཡོད་པ་དེ་དང་། ད་ལྟའི་བཤད་རྒྱུན་དང་ས་དབྱིབས་སོགས་ཀྱི་སྣང་བརྙན་འགྲེལ་ཆགས་དཀའ་བ་དེ་ཡིན་ལ། དེ་དག་ནི་དངོས་གནས་བཤད་མི་ཤེས་གེ་སར་གྱི་སྒྲུང་། བཤིག་མི་ཤེས་གོས་སྐུད་ཀྱི་དཀྲིས་ཟེར་བ་བཞིན་སྨྲ་བསམ་བརྗོད་འདས་ཤིག་ཡིན་པས། དེང་སང་གི་མིའི་བཤད་ལུགས་ལྟར་གླིང་རྗེ་གེ་སར་གྱི་སྒྲུང་ཞེས་པ་ནི་རྟོག་བཏགས་དང་སྒྲོ་བཏགས་ཀྱིས་བཞེངས་པའི་ལྷ་སྒྲུང་ཙམ་ལས་མ་འདས་པས་ངག་རྒྱུན་དེ་དག་ལ་སྙིང་པོ་ཅི་ཡང་མི་འདུག་སྙམ་ན་ཡང་། ཕ་མིང་བུར་ཐོགས་ཤིང་བུ་མིང་སར་ཐོགས་པའི་མཁར་ཤུལ་དང་རྗེས་ཤུལ་མང་པོ་མིག་མཐོང་ལག་ཟིན་ལྟར་ཡོད་པ་མ་ཟད།ལྷག་པར་དུ་རང་ལ་ཤིན་ཏུ་འདྲིས་ཆ་མངོན་གསལ་ཡོད་པའི་གནས་རི་གེ་སར་བཞུགས་ཁྲིའི་བྲག་སྟེང་ན་བྱིས་པ་མ་རབས་ཤིག་འདམ་ནང་ནས་བརྒྱུགས་པ་ལྟ་བུའི་རྗེས་ཤུལ་ཡ་མཚར་བོ་ཞིག་ཡོད་པ་དེས་རང་སེམས་ལ་ན་བུན་བཞིན་འཐིབས་འདུག་པའི་དོགས་གཞི་དེ་ཡེ་ནས་མེད་པར་བཟོ་འགྲོའོ། །ཡིན་ནའང་། བཞུགས་ཁྲི་དང་དེའི་འགབ་ན་འབུར་དོད་དུ་ཡོད་པ་དག་ནི་གེ་སར་གྱི་ཞབས་རྗེས་སོགས་ལ་ངོས་འཛིན་གྱིན་ཡོད་མོད། དེའི་ལྟག་རྒྱབ་ན་ཡོད་པའི་གཤོང་བུ་ཀོང་ཀོང་དེ་ནི་ཁོང་གི་འབུལ་རྫས་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་ཡི་རིགས་སྤུངས་པ་སས་མ་ཐེག་པའི་ཤུལ་ཡིན་པ་ལས། ཇོ་རུ་མ་སྨད་གཉིས་ཀ་རྨ་སྨད་ན་ཡོད་དུས་ལྷ་རྟ་རྐྱང་རྒོད་ཨ་མྱེས་རྨ་རྒྱལ་ལ་བཅོལ་ཏེ་རྨ་སྟོད་ན་ཡོད་པས་མ་རེད་ཅེས་རང་ཉིད་ཆུང་དུས་ལོ་ལོན་རྒན་པོ་དག་གིས་སེམས་ཐག་གཅིག་ཆོད་བྱེད་ཀྱིན་ཡོད། ཡིན་ན་ཡང་། དེ་ལ་གནས་ལུགས་མེད་པ་འདྲ་ལ་ཡོད་པའང་འདྲ། གནས་ལུགས་མེད་པ་ནི་གནས་རིའི་བྲག་སྟེང་གི་རྟ་རྗེས་དེ་ནི་ལྷ་རྟ་རྐྱང་རྒོད་དང་རྒོད་མ་གྲོ་ཇོ་མ་གང་རུང་གི་རྨིག་རྗེས་ཡིན་ཆོག་ན། བཞུགས་ཁྲིའི་ལྟག་རྒྱབ་ཀྱི་གཤོང་བུ་ཀོང་ཀོང་དེ་ལ་མཚོན་ནའང་དེ་གཉིས་གང་རུང་གི་ཉལ་ས་ཡིན་ན་ཅིའི་ཕྱིར་མི་ཆོག་ཨང་། གནས་ལུགས་ཡོད་པ་ནི་གོང་སྨྲས་ལྟར་ལྷ་རྟ་རྐྱང་རྒོད་དེ་དུས་རྨ་སྨད་ལ་མ་ཡོང་བ་མ་ཟད། ད་དུང་ངག་རྒྱུན་གྱི་གཏམ་རྒྱུད་གཞན་ཞིག་ཀྱང་ཡོད་པ་ནི་ལྷ་རྟ་རྐྱང་རྒོད་ཇོ་རུ་མ་བུ་གཉིས་ཀྱི་རྒོད་མ་གྲོ་ཇོ་མའི་རྟེའུ་མ་ཡིན་པར་སྒ་སྐྱ་ལོ་ཚང་གི་རྒོད་མ་གྲོ་ཞུར་མ་ཟེར་བ་དེར་འཁྲུངས་པའི་རྟེའུ་ཡིན་ཟེར། རྒྱུ་མཚན་ནི། སྔོན་ཆད་གླིང་དཀར་སྟོད་ལ་སྒ་སྐྱ་ལོ་ཚང་གི་རྒོད་མ་གྲོ་ཞུར་མ་སོགས་དུམ་གཅིག་རི་ལ་ལུས་ཏེ་རྐྱང་ཁྱུར་འདྲེས་ཤིང་། དེ་རྗེས་རི་ནས་ལྷ་རྟ་རྐྱང་རྒོད་འཁྲུངས་པའི་རྐྱེན་གྱིས་ལྷ་རྟ་རྐྱང་རྒོད་རྐྱང་གི་རྒྱུད་པ་ཡིན་ཟེར་དོན་ཡང་དེ་ཡིན་ལ། འཛམ་གླིང་རྟ་རྒྱུག་རྒྱལ་འཇོག་སྐབས་སུ་འདོ་རྗེ་རྐྱང་རྒོད་གཡེར་བ་དེ་ཉིད་གཡུ་བྱ་རྟེའུ་སྔོན་གྱི་སྔུན་ལ་མི་འབུད་པའི་རྩ་བ་ཡང་དེར་རག་ལས་ཡོད་པ་རེད། དེ་ནི་སྒ་སྐྱ་ལོ་ཚང་ལ་ལྷ་རྟ་རྐྱང་རྒོད་དང་མ་གཅིག་པའི་རྒོད་མ་ཞིག་ཡོད་པ་དེའི་རྟེའུ་ནི་གཡུ་བྱ་རྟེའུ་སྔོན་ཡིན་པས། ལྷ་རྟ་རྐྱང་རྒོད་རི་ནས་འཁྲུངས་དུས་ཕྲུ་མའི་ནང་ནས་ཞག་གསུམ་ལུས་པའི་རྗེས་ནས་གཡུ་བྱ་རྟེའུ་སྔོན་གྱིས་ཕྲུ་མ་བརྟོལ་ནས་སྲོག་བསྐྱབས་པའི་རྐྱེན་གྱིས་འཛམ་གླིང་རྟ་རྒྱུག་རྒྱལ་འཇོག་གི་སྐབས་སུ་ལྷ་རྟ་རྐྱང་རྒོད་གཡུ་བྱའི་སྔུན་ལ་མ་བུད་པར་ཇོ་རུས་རྫུ་འཕྲུལ་སྟོན་ནས་ཁྲི་སྟེང་དུ་བུད་པ་རེད་ཟེར་སྲོལ་ཡོད་པ་མ་ཟད། ད་དུང་དེ་དུས་རྐྱང་རྒོད་རི་ནས་འཁྲུངས་ཚུལ་ལ་ངག་རྒྱུན་སྙན་མོ་ཞིག་ཀྱང་ཡོད་པ་ནི། ཕ་རྐྱང་ཆེན་གྭ་བ་རུ་འཛིང་དང་། །མ་ས་རྟ་གྲོ་མོ་ལག་དཀར་མར། །རྐྱང་བྱ་མ་རྟ་ཡི་རྟེའུ་ཞིག་ཆགས། །མ་རྒོད་མའི་ཁོག་ནས་ལོ་གསུམ་བསྡད། །ལོ་གསུམ་ནས་སྐྱ་མོའི་རི་ནས་འཁྲུངས། །རྒྱབ་ཕྲུ་མའི་ནང་ནས་ཞག་གསུམ་ལུས། །མཚན་ཞག་གསུམ་སོང་གི་སྔ་དྲོ་ལ། །རྟ་གཡུ་བྱ་ཐོན་ནས་ཕྲུ་མ་འཆོས། །འཚེར་ལྷང་ལྷང་མ་བུ་རྫ་ལ་སོང་། །ཁོའི་རྒྱུག་ཡ་ཁ་དཀར་རྐྱང་ལ་བྱས། །ཁོའི་བང་ཡ་བསེར་མ་རླུང་ལ་བྱས་ཟེར་བ་ལྟ་བུའི་ངག་རྒྱུན་ཡོད་པ་དང་། ཕྱིས་སུ་རྒྱ་ཚ་ཞལ་དཀར་གྱིས་འབྲུག་མོ་རྨ་སྨད་ལ་ཇོ་རུ་འབོད་དུ་བཙན་གྱིས་མངགས་དོན་ཡང་དེ་དང་འབྲེལ་བ་དམ་ཟབ་ཡོད་པས། ཇོ་རུས་ཐབས་བརྒྱ་ཇུས་སྟོང་གིས་འབྲུག་མོར་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་འདོ་རྗེ་རྐྱང་རྒོད་གཡེར་བ་དང་གསེར་སྒ་རི་མོ་དགུ་བསྐོར། ལྕག་ཚན་བསམ་པའི་དོན་འགྲུབ་སོགས་རྟ་རྒྱུག་གི་སྐབས་སུ་སྤྲོད་རྒྱུ་དང་། འདོ་བའི་གསང་ཆེན་ཕྱེ་ནས་སྨོན་ལམ་དཀར་བོས་རྒྱས་འདེབས་རྒྱུ་སོགས་ཁས་ལེན་དུ་བཅུག་པ་ཡིན་ལ། གཡུ་བྱ་རྟེའུ་སྔོན་ནི་ཕ་སྐྱ་ལོ་ཚང་གིས་ནུབ་སྟག་གཟིག་གི་ཚོང་པ་ཞིག་ལ་བཙོངས་ཏེ་ཁྲིད་ནས་འགྲོ་བའི་ལམ་བར་ནས་ཨ་ཁུ་ཁྲོ་ཐུང་གིས་གསེར་གྱི་དོང་ཙེ་བཅུ་གསུམ་བྱིན་ཏེ་ཉོས་པ་ཡིན་ཟེར་བ་ལ་སོགས་པའི་ངག་རྒྱུན་བར་མ་ཆད་པར་ཡོད་དོ། །གོ་ཐོས་ལྟར་ན། ཇོ་རུ་མ་བུ་གཉིས་ཀ་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་རྨ་སྨད་ལ་བརྫངས་དུས། ཆུ་དམར་ནག་གཉིས་ཀྱི་འདྲེས་མདོ། །བཙན་མ་མོ་གཉིས་ཀྱི་རྒྱུ་ལམ། །བདུད་སྲིན་པོ་གཉིས་ཀྱི་མཆེ་བར་བརྒྱུད་ཟེར་བ་ནི་ད་ལྟའི་བྲག་དཀར་འཇིགས་མཛད་?་རྗེ་རྫོང་ངམ་?་རྫོང་དགོན་པ་ཆགས་ས་དེ་ལ་ངོས་འཛིན་གྱིན་ཡོད་པ་དང་། དེ་ནས་མར་སོང་སྟེ་ཨ་མྱེས་སྲིན་པོའི་རྫ་སྐེད་ནས་ཁོང་གིས་ཕྱག་མདའ་ཞིག་གཞུ་སྟེང་དུ་སྤྲད་ནས་མདའ་འདི་ས་ཆ་གར་ཕོག་ན་དེ་ནས་སངས་རྒྱས་ཀྱི་བསྟན་པ་དར་ངེས་ཡིན་གསུངས་ཏེ་འཕངས་པས་ད་ལྟའི་ཁྲི་ཀའི་ཇོ་ཁང་གི་ཁ་མ་དེར་ཕོག་ཟེར་བའི་ངག་རྒྱུན་དང་། ཡང་རྟ་རྒྱུག་རྒྱལ་འཇོག་གི་སྐབས་སུ་རྒྱ་ཚ་ཞལ་དཀར་གྱིས་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཇོ་རུ་འབོད་པར་རྨ་སྨད་ལ་མངགས་དུས། ཐོག་དང་པོར་ཇོ་རུ་དང་འབྲུག་མོ་གཉིས་ཀ་འཕྲད་སའི་ས་དེར་ཇོ་འབྲུག་ཐང་ཞེས་ཐོགས་པའི་ས་མིང་ད་དུང་ཡང་མ་འགྱུར་བར་ཡོད་པ་དང་། འབྲུག་མོའི་རྒྱན་ཆ་ཐོར་ཤུལ་དང་སྐྲ་ཁྲུས་བགྱིས་ཤུལ་སོགས་ཀྱི་གཏམ་རྒྱུད་དང་འབྲེལ་བའི་ས་མིང་དང་རྗེས་ཤུལ་སོགས་མང་པོ་ཞིག་མགོ་མང་ས་ཆ་ན་སྟོན་རྒྱུ་ཡོད་ལ། དེ་མིན་མང་རའི་རབ་རྒན་གདོང་སྣ་ན་ཇོ་རུ་མ་བུ་གཉིས་ཀྱིས་ཆར་བཤོལ་བྱེད་སའི་བྲག་ཕུག་དང་། འབྲི་མོ་འདར་ར་མ་དང་རྒོད་མ་གྲོ་ཇོ་མའི་རྨིག་རྗེས། ཁྱི་དང་རའི་རྐང་རྗེས། ཇོ་རུས་གཏེར་ནས་བླངས་བའི་ཆིབས་སྒ་ཡིན་པར་གྲགས་པའི་ཕ་བོང་རང་བྱོན་སོགས་ཡོད་པ་མ་ཟད། ཤེལ་ལུང་བཞུགས་ཁྲི་གོང་མ་ན་ཡོད་པའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གདབ་སའི་ལུང་པའི་མིང་ལ་ཇ་བ་རྟ་རྨིག་མ་ཟེར་བའི་རྒྱུ་མཚན་ཡང་འཛམ་གླིང་གེ་སར་གྱི་རྟའི་རྨིག་རྗེས་ཕ་བོང་ཞིག་གི་སྟེང་ན་ཡོད་པས་དེ་ལྟར་དུ་ཐོགས་པར་གྲགས་སོ། །མདོར་ན་རྨ་ཁོག་སྟོད་སྨད་བར་གསུམ་དུ་བགྱིས་པའི་དབང་དུ་བཏང་ན། ང་ཚོའི་ས་ཆ་འདི་ཡང་རྨ་སྨད་ཀྱི་ཁོངས་སུ་གཏོགས་པ་མ་ཟད། ཇོ་རུ་རྨ་སྨད་ན་ཡོད་དུས་སུ་མཛད་པ་འཕྲིན་ལས་མཛད་ཚུལ་གྱི་གཏམ་རྒྱུད་མང་པོ་ཞིག་གི་ངག་རྒྱུན་དང་རྗེས་ཤུལ་མ་ཉམས་པར་ས་ཆ་འདིར་ཡོད་པ་ལ་གཞིགས་ན། ང་ཚོའི་གནས་རི་གེ་སར་བཞུགས་ཁྲི་དང་དེའི་ཉེ་འཁོར་གྱི་འབྲེལ་ཡོད་ངག་རྒྱུན་ཡོད་ཚད་ཀྱང་འབྲེལ་མེད་དོན་གཞན་ཞིག་མིན་པའི་སྣང་བ་སྐྱེ་འོངས་པས། ང་ནི་སྔར་ལས་ཀྱང་གསང་བ་ལྐོག་གྱུར་གྱི་རྣམ་པས་ཡོངས་སུ་ཕྱུག་པའི་གནས་རི་ཁྱད་དུ་འཕགས་པ་དེ་ལ་བཅོས་མིན་གྱི་དད་པ་དང་དུང་བ་སྨྲ་མི་ཤེས་པ་ཞིག་སེམས་པའི་ག་ཤེད་ཅིག་ནས་ཆུ་ཁོལ་བཞིན་ལྷོག་ལྷོག་ཏུ་གདུ་འོངས་པ་ལ་བརྟེན། ནམ་རྒྱུན་ཁོམ་སྐབས་དང་བསྟུན་ནས་རང་གི་དྲན་འཛིན་གྱི་སེམས་པའི་ཀློང་ན་བརྗིད་ཉམས་ཀྱིས་འགྱིང་བའི་གནས་རི་སྟེ། གེ་སར་བཞུགས་ཁྲིའི་མདུན་ཐད་ཀྱི་སྤྱི་བསང་གཏོང་སའི་གནས་དེར་སོང་ནས། ལྷ་བསང་སྤྲིན་དཀར་འཕྱུར་འདྲ་ཞིག་བཏང་ནས་མི་ཚེ་ལ་སྐྱབས་འཇུག་དང་སེམས་ཁམས་ལ་སྙོམ་སྒྲིག་བྱེད་ཀྱིན་ཡོད་དོ། །