སྐྱེགས་གནས་རྙིང་དགོན་གྱི་མཐོང་ཐོས།
སྤྱི་ལོ2006ལོའི་ཟླ་བདུན་པར་ང་རང་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་། གཞིས་རྩེ་ས་ཁུལ་དུ་ལས་བགོས་བརྒྱབ་པ་ནས་བཟུང་། ད་བར་ཧ་ལམ་བགྲང་བྱ་བཅུ་ཙམ་སོང་བའི་རིང་། གཙང་ཁུལ་གྱི་ས་ཆ་མི་ཉུང་བ་ཞིག་ཏུ་ལྗོངས་རྒྱུ་དང་གནའ་བོའི་མེས་པོ་ཚོའི་དཀའ་སྤྱད་ཀྱི་འབྲས་བུ་སྟེ། ད་ཆ་རིག་གནས་ཀྱི་བང་མཛོད་དུ་གྱུར་པའི་དགོན་སྡེ་ཁག་གིས་གཙོས་གནའ་ཤུལ་གྲགས་ཅན་ཁག་ལ་བརྟག་ཞིབ་བྱེད་པའི་གོ་སྐབས་མི་ཉུང་བ་བྱུང་། འདི་ལོའི(2015ལོ)དབྱར་དུས་དགུང་གསེང་མ་བཞག་མཚམས་ལའང་། སློབ་གྲྭས་རྒྱལ་རྩེ་རྫོང་དུ་གྲོང་ཁྱེར་ཡོངས་ཀྱི་ལོ་རིམ་དྲུག་པའི་གཅིག་འགྱུར་ཡིག་རྒྱུགས་ཀྱི་ལྟ་ཞིབ་པར་བཏང་བྱུང་བས། ཡིད་ལ་དགའ་སྤྲོའི་སྣང་བ་ཞིག་བྱུང་། གང་ལགས་ཤེ་ན་སྔར་ནས་རྒྱལ་རྩེ་རུ་ལྗོངས་རྒྱུར་འགྲོ་བསམ་མོད། བྱ་བའི་བྲེལ་ཟིང་དབང་གིས་ཁོམ་པ་ཞིག་མ་བྱུང་སྟབས། ད་ཐེངས་ཀྱི་གོ་སྐབས་ནི་ངའི་ངོས་ན་རྨ་བྱའི་རྣ་བར་འབྲུག་སྒྲ་ཐོས་པ་ལས་ཀྱང་དགའ་བ་ཞིག་ཅི་ལ་མ་ཡིན།
དང་པོ།
ཞོགས་པའི་ཉི་ཟེར་དབང་ཕྱོགས་ཀྱི་སྤོ་ལས་འཛུམ་གྱིས་འཕྱུར་འོང་དུས། ངེད་ཚོ་ལས་གྲོགས་རྣམས་སྤྱི་སྤྱོད་རླངས་འཁོར་འབྲིང་གྲས་ཤིག་ལ་བསྡད་དེ་རྒྱལ་རྩེའི་ཕྱོགས་སུ་ཐོན། ལམ་བར་དུ་སྙེ་མའི་མགོ་འཕང་མཐོ་བའི་ཞིང་ཐང་དང་སྔོ་ལྗང་ན་བཟའ་བསྣབས་ཤིང་འདབ་ལོ་གང་སར་ལྷུམས་པའི་ལྗོན་ཤིང་གི་བསུ་མའི་འོག སྔ་ཕྱིར་རླངས་འཁོར་གྱི་གོམ་སྟབས་ལ་ལྷོད་པ་མེད་ཅིང་ལས་གྲོགས་ཚོའི་གཏམ་གླེང་མ་རྫོགས་གོང་། གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཁུངས་གཙོ་བོ་ཞིག་ཡིན་པར་གྲགས་པའི་རྒྱ་མཚོ་གཞུང་ཤང་དང་ཕྱུག་པོ་གཞུང་ཤང་ཁོངས་བརྒྱུད་པ་སྣམ་རྫོང་དུ་སླེབས། རྫོང་འདི་ནི་སྔར་བོད་སིལ་བུའི་དུས་ས་སྐྱ་པས་བོད་ལ་དབང་སྒྱུར་བྱེད་སྐབས་རྒྱལ་མཁར་རྩེའི་དཔོན་རིགས་འཕགས་པ་དཔལ་བཟང་གིས་བརྩིགས་པ་ཞིག་ཡིན་ཞེས་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་བཞེད། པ་སྣ་ཞེས་པའི་མིང་དེའི་ཐད་ཤོད་སྲོལ་མི་འདྲ་བ་འགའ་སྣང་སྟེ། འགའ་རེས་གླིང་རྗེ་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་རྒྱལ་པོ་འདུལ་བར་ཕེབས་དུས། གནས་དེ་གར་སྒར་ས་མཛད་དེ་དཔལ་རྣམ་པར་རྒྱལ་བའི་ས་ཞེས་པའི་མིང་བྱུང་བས་པ་སྣམ་ཞེས་གྲགས་པ་དང་། འགའ་རེས་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་དང་སློབ་དཔོན་པདྨའི་དངོས་སློབ་སྣ་ནམ་?་རྗེ་བདུད་འཇོམས་རྣམ་གཉིས་ཀྱིས་གནས་འདིར་ཡུན་རིང་བཞུགས་སྟབས། ཁོང་རྣམ་གཉིས་ཀྱི་མཚན་ཟུར་རྫོང་ལ་ཐོགས་ཏེ་པ་སྣ་ཞེས་ཐོགས་པར་བཞེད། དེའི་སྐོར་ཁོ་བོས་ཀྱང་གྲོགས་པོ་པ་དོན་མཆོག་ལ་བཀའ་འདྲི་ཞུ་དུས་ཁོང་གིས་པ་སྣ་རྫོང་གི་མིང་ཐོགས་ལུགས་ཐད་བཞེད་པ་མི་འདྲ་བ་འདུག་མོད། གཙོ་བོ་གོང་གི་བཞེད་སྲོལ་དེ་གཉིས་ལས་ཕྱི་མ་དག་པར་གསུངས་བྱུང་། པ་དོན་ལགས་ནི་ཡུལ་པ་སྣམ་དུ་འཁྲུངས་པ་ཡིན་ཞིང་། གནའ་རབས་རྩོམ་རིག་གི་ཞིབ་འཇུག་ཐད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་ན་གཞོན་ཤེས་ཡོན་ཅན་ཞིག་རེད། ང་ཚོས་ལོ་རྒྱུས་རིག་པའི་ཐོག་ནས་ཡུལ་གང་ཞིག་གི་མིང་ཐོགས་ཚུལ་ལ་དབྱེ་ཞིབ་བྱས་ཚེ། མང་ཆེ་བར་དམངས་ཁྲོད་ཤོད་རྒྱུན་དང་སྦྲགས་པའི་རྗེས་གྲུབ་ཀྱི་མིང་དུ་སྣང་སྟེ། ཁང་པའི་ཚོན་མདོག་གི་ཐད་ནས་མིང་ཐོགས་པ་ཁང་དམར་དང་། སློབ་དཔོན་པདྨས་ཞལ་གཟིགས་པ་ཙམ་གྱིས་སྨོན་པར་གྱུར་བས་མཐོང་སྨོན། ས་སྐྱ་བོ་ཞིག་གི་སྟེང་དུ་ཆགས་པས་ས་སྐྱ་ཞེས་པ་ལྟ་བུའོ།།
རླངས་འཁོར་གྱི་ཁྲ་མའི་ངོས་ནས་ལྟ་དུས། པ་སྣམ་རྫོང་དེ་ནི་མི་ཚོགས་མཐུག་པོ་དེ་ཙམ་མེད་ཀྱང་། གཙང་ཁྲུམ་ཁྲུམ་ཞིག་དང་ཁྲོམ་ར་འཁྲུག་པོ་ཞིག་འདུག རྣམ་པ་མཛེས་ཤིང་བཀོད་པ་ལེགས་པའི་དེང་རབས་ཅན་གྱི་ཁང་བཟང་དང་། གྲལ་འགྲིག་ཅིང་འཁོད་སྙོམས་པའི་ལྗོན་ཤིང་། དེ་བཞིན་ཡར་འགྲོ་མར་འགྲོའི་རླངས་འཁོར་དག་གི་དུང་བརྡའི་ཁྲོད་དབེན་འཇམ་གྱི་ཁོར་ཡུག་ཅིག་མི་སྟེར། ཇ་ཁང་དང་ཚོང་ཁང་སོགས་ཀྱི་སྒོ་བྱང་ངོས་སུ་དག་པ་དང་མ་དག་པ་ཅི་རིགས་སུ་སྣང་བའི་བོད་ཡིག་དེ་དག་ནི་གང་དགར་རང་གི་མཛེས་ཆོས་ངོམ་པའམ་ཡང་ན། ཇ་ཁང་དང་ཚོང་ཁང་དག་གི་སྦྱིན་བདག་ཚོའི་ཆུ་ཚད་འགྲན་པ་ལྟར་འདུག་པས། ཅུང་དགོད་བྲོ་བ་ཞིག་དང་ཡིད་མི་བདེ་བའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྟེར་འོང་ལ། ངའི་བསམ་པའི་གཏིང་ལའང་རང་རེའི་སྔོན་བྱོན་མེས་པོ་རྣམས་ཀྱིས་མཛད་པའི་བརྡ་སྤྲོད་རིག་པའི་སྐོར་གྱི་རིག་གཞུང་དཔེ་དེབ་མང་པོ་ཡོད་པ་དེ་དག་གི་ཞིམ་མངར་རོ་བཅུད་རྣམས་གནས་འདི་གའི་མི་དམངས་ཚོས་ལོངས་སུ་སྤྱོད་སྐལ་མ་གྱུར་བ་ཨེ་ཡིན་སྙམ་པའི་དོགས་པ་ཞིག་ཀྱང་ཤུགས་ཀྱིས་སྐྱེས་བྱུང་། གཞུང་ལམ་གྱི་གཡས་གཡོན་གང་ས་ན་ལོ་ལེགས་སྙེ་མས་མགོ་ལྕོག་ལྡེམ་ཞིང་རྒྱ་ལྕང་དང་ཤུག་པའི་ཕྱག་གཡོབ་འོག་ད་གཟོད། རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་པའི་ཕོ་བྲང་རྒྱལ་མཁར་རྩེ་པ་ཞེས་ད་ལྟའི་རྒྱལ་རྩེ་རྫོང་དུ་འབྱོར་སོང་།
སྤྱིར་རྒྱལ་རྩེ་ནི་གཞིས་རྩེ་གྲོང་ཁྱེར་ནས་སྤྱི་ལེ་དགུ་བཅུ་ལྷག་ཙམ་གྱི་སར་གནས་པའི་སྲིད་འཛིན་རྫོང་ཞིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3771ཙམ་ཡོད། དེ་ནི་གཙང་ཁུལ་གྱི་འབྲུ་ཡི་བང་མཛོད་དང་དབྱིན་འགོག་དམག་འཁྲུག་སྐབས་ཀྱི་གནས་གཞི་ཁྱད་པར་ཅན་ཞིག་རེད།
ང་ཚོ་དེ་གར་སླེབས་སྔ་བས་ཕྱི་དྲོའི་ཡིག་རྒྱུགས་ལྟ་ཞིབ་པའི་ཚོགས་འདུ་འཚོགས་པར་ད་དུང་དུས་ཚོད་དྲུག་ཙམ་ཡོད་སྟབས། ཁོ་བོ་རྒྱལ་རྩེ་རྫོང་དང་དཔལ་འཁོར་མཆོད་སྡེ་སོགས་སུ་འགྲོ་འདོད་མོད། ལས་གྲོགས་ཚང་མས་གནས་རྙིང་དགོན་དུ་འགྲོ་རྒྱུའི་སྐུལ་མ་བྱས་རྐྱེན། གཅིག་ནས་རང་ཉིད་གཅིག་པུར་སོང་ན་གནས་བཤད་ལེགས་པོ་ཞིག་ཐོས་དཀའ་བ་དང་། གཉིས་ནས་ད་བར་གནས་རྙིང་དགོན་དུའང་མཇལ་སྐོར་འགྲོ་མྱོང་མེད་པས་ལས་གྲོགས་ཚོ་དང་ལྷན་དུ་འགྲོ་རྒྱུར་སེམས་ཐག་བཅད།
གཉིས་པ།
གནས་རྙིང་གྲོང་ཚོ་ནི་ཁང་དམར་རྫོང་ཁོངས་ཡིན་ཞིང་། 《མྱང་ཆོས་འབྱུང》ལྟར་ན"དོག་པ་པད་མ་འདབ་བརྒྱད་འདྲ་བའི་སྟེང་གནས་འཁོར་རྩིབས་བརྒྱད་འདྲ་བའི་འོག་ལོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་སྦྲིབས། རྒྱབ་རི་གླང་ཆེན་ཉལ་བ་འདྲ་བའི་མདུན། དབུས་ནས་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པའི་གནས། སྐྱེགས་ཀྱི་གནས་སྙིང་ཟེར་བ"ཞེས་འཁོད་པ་ལྟར་གྲོང་ཚོ་དེ་ནི་རི་བོ་གཉིས་ཀྱི་དབུས་ན་ཤང་ཤང་དུ་རྒྱུག་པའི་གཙང་ཆུ་མི་ཆེ་མི་ཆུང་བ་ཞིག་གི་ངོགས་ན་ཆགས་ཤིང་། གནས་རྙིང་དགོན་དེ་ཡང་གྲོང་ཚོའི་དབུས་སུ་འདུག དགོན་དེ་ནི་དང་ཐོག་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁན་ཆེན་བྷོ་དྷི་ས་ཏྭའི་སློབ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས་?་རྗེ་གདན་གྱི་གནས་དང་མཚུངས་པར་མཐོང་བས། དགོན་དེ་བཞེངས་པར་གྲགས་ལ། དེ་ནི"ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་དབུས་གཙང་དུ་ཕེབས་དུས་ཉན་ཚོ་གནས་རྙིང་དགོན་པར་ཞབས་སོར་འཁོད་སྐབས་རབ་གནས་ཞུས་པར། གནས་ཀྱི་སྙིང་པོར་འདུག་གསུངས་པས་གནས་སྙིང་དུ་གྲགས་ཟེར། དེང་སང་གནས་སྙིང་ལས་གནས་རྙིང་འབྲི་སྲོལ་མི་འདུག"ཅེས་དུང་དཀར་རིན་པོ་ཆེས་གསུངས། གཞན་ཡང་གནས་རྙིང་འདིར་སྐྱེགས་གནས་རྙིང་དང་རྩིས་གནས་རྙིང་སོགས་ཀྱི་འབོད་སྲོལ་ཡང་མཆིས་ཏེ《མྱང་སྟོད་དཔལ་གནས་སྙིང་དགོན་གྱི་ལོ་རྒྱུས》ལྟར་ན་གནས་རྙིང་དགོན་འདིར"སྐྱེགས་གནས་སྙིང"ཟེར་བའི་རྒྱུ་མཚན་ནི་སྐྱེགས་ཞེས་པ་ས་ཆའི་མིང་གཞི་ཡིན་ལ"རྩིས་གནས་རྙིང"ཟེར་བ་ནི་མངའ་བདག་རྒྱལ་པོ་ཁྲི་རལ་གྱིས་བོད་ཡུལ་དུ་བཞེངས་པའི་ལྷ་ཁང་གྲངས་ཀ་ཚང་མ་ཚང་རྩིས་པའི་ས་ཡིན་པས་ན་རྩིས་གནས་རྙིང་ཟེར་ཞེས་གསུངས་འདུག དེ་ཡང་ཡིན་སྲིད་དེ་བཙན་པོ་ཁྲི་རལ་ནི་རྒྱལ་ཐོག་ཞེ་གཅིག་པ་ཡིན་པ་དང་། རྒྱལ་པོ་དེ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གྲས་ཤིག་ཀྱང་ཡིན་ལ། དེ་ཡི་སྐུ་དུས་སུ་ཐང་བོད་དབར་སླར་ཡང་མཛའ་མཐུན་གྱི་དུས་དེར་གཉེན་གྱི་འབྲེལ་བ་བཙུགས་ཤིང་། བྲེ་སྲང་ཞོ་སོགས་འཇལ་བྱེད་ཚད་གཞི་ཁག་ལ་ལེགས་བཅོས་བཏང་བ། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་ཆེར་འཕེལ་རྒྱས་བཏང་བས། བོད་ཀྱི་ལོངས་སྤྱོད་བདེ་སྐྱིད་ལྷ་དང་མཚུངས་ཞེས་ཀྱང་གྲགས།
ང་ཚོ་དེ་གར་སླེབས་དུས་དགོན་པའི་སྒོ་རྩར་བག་ལེབ་ཟ་གིན་དང་ཆུ་མངར་སོགས་འཐུང་བཞིན་པའི་གནས་མཇལ་བ་ཁ་ཤས་འདུག་པ་ནི་ཕལ་ཆེར་ཨ་མདོ་ནས་ཡོང་བའི་དད་ལྡན་པ་ཡིན་བཟོ་འདུག གནས་རྙིང་དགོན་འདིའི་རྒྱལ་སྒོ་ནི་དེང་སང་ལྟར་ལྕགས་སྒོ་ཆེན་པོ་རག་ཤན་བཏང་བ་དེ་འདྲ་མ་ཡིན་པར། རྒྱལ་སྒོའི་མདུན་དུ་?་བརྩིགས་ཀྱི་ལྕགས་རིས་རྒྱལ་སྒོ་དངོས་བཀག་ནས་ཐད་ཀར་རླངས་འཁོར་སོགས་འགྲོ་མི་ཐུབ་པ་ཞིག་འདུག་པ་དེ་ནི་ད་ལྟའི་བར་ཁོ་བོས་རྒྱལ་སྒོའི་མདུན་དུ་ལྕགས་རིས་བཀག་པ་དེ་འདྲ་མཐོང་བའི་དགོན་གཉིས་པ་དེ་ཡིན། རྒྱལ་སྒོ་དེ་ལྟར་བཞེངས་དགོས་དོན་གང་ཡིན་ནམ། དེ་ནི་ཉེ་སྔོན་ས་སྐྱར་འགྲོ་དུས་ཀྱི་ས་སྐྱའི་ལྷ་ཁང་ཆེན་མོའི་རྒྱལ་སྒོ་དང་གཅིག་མཚུངས་ཡིན་པ་དེ་ཕལ་ཆེར་བོད་སིལ་བུའི་དུས་སུ་ཆོས་ལུགས་གྲུབ་མཐའ་ཁག་དབར་སྲིད་དབང་འཕྲོག་རེས་ཀྱི་དམག་འཁྲུག་མི་ཉུང་བ་བྱུང་བར་བརྟེན། ཕྱི་རོལ་གྱི་དགྲ་བོ་འགོག་ཆེད་རྒྱལ་སྒོའི་མདུན་དུ་?་ཡི་ལྕགས་རི་བརྩིགས་ཤིང་། ཐོག་བཀབ་པའི་ངོས་ན་ཁུང་བུ་ཆུང་ངུ་རེ་འདུག་པ་དེ་ཡང་ཕྱི་དགྲའི་དམག་ཤོར་ན་ཐོག་སྟེང་ནས་མདའ་གྲི་མདུང་སོགས་བསྣུན་ཏེ་རང་གནས་བརྟན་སྲུང་བྱ་ཆེད་ཡིན་པ་རྟོགས་བྱུང་། ལྷག་དོན་གནས་རྙིང་དགོན་འདི་ནི་ལྷ་ས་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་འགྲོ་བའི་ལྟེ་བའི་ལམ་བུ་ཞིག་ཡིན་སྟབས། ས་བྱི་ལོའི་དབྱིན་འགོག་དམག་འཁྲུག་ནང་བོད་ཀྱི་ས་གནས་མང་པོར་བཙན་བཟུང་བྱེད་དུས། གནས་རྙིང་ཁུལ་འདི་ལའང་གཏོར་སྐྱོན་མི་ཉུང་བ་ཐེབས་ཡོད་པ་ནི། ད་ལྟ་གནས་རྙིང་དགོན་གྱི་གྱང་རོ་དང་དགོན་ཤུལ་འདི་ཚོས་དཔང་པོ་བྱེད་ཐུབ།
ང་ཚོ་རྒྱལ་སྒོ་ནས་འཛུལ་ཏེ་དང་ཐོག་འདུ་ཁང་ཆེན་མོར་བསྐྱོད་ཅིང་། དེའི་ནང་གསུང་རྟེན་བཀའ་འགྱུར་དང་བསྟན་འགྱུར། སྐུ་རྟེན་རྗེ་ཡབ་སྲས་གསུམ་དང་སློབ་དཔོན་པདྨ་འབྱུང་གནས། རྒྱ་འཇམ་དཔལ་གསང་བ་སོགས་ཀྱི་སྐུ་འདྲ་བཞེངས་འདུག་ཅིང་། དེ་དག་ལ་མཇལ་ཁ་ལེགས་པར་ཞུས་རྗེས་གཙང་ཁང་དང་བཀའ་འགྱུར་ལྷ་ཁང་། རྟ་མགྲིན་ལྷ་ཁང་བཅས་སུ་རིམ་པར་མཇལ་ཁ་ཞུས། ང་ཚོས་ལྷ་ཁང་རེ་རེའི་སྐུ་འདྲ་རེ་རེར་མཇལ་ཁ་ཞུ་དུས་མིག་ལམ་ན་གསེར་འོད་ལམ་ལམ་འཕྲོ་བའི་སྐུ་འདྲ་དེ་དག་མངོན་ཡོང་ཡང་། སེམས་ཀྱི་གཏིང་རིམ་ན་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་འཆར་འོང་། ལྷ་ཁང་ཁག་ལ་མཇལ་ཁ་ཞུས་ཟིན་རྗེས་སྒོ་ཆུང་ཞིག་དོན་ཏེ། གྱང་རོས་ཁེངས་པའི་སྒོ་ར་ཞིག་བརྒྱུད་ན་མཆོད་རྟེན་ཆེན་པོ་ཞིག་མཇལ་རྒྱུ་འདུག་པ་དེ་ནི་ཕལ་ཆེར་ཆོས་རྒྱལ་ཁྲི་རལ་གྱི་འཇའ་ས་གཟུངས་བཞུགས་སུ་ཡོད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཞེས་པ་དེ་མིན་ནམ་སྙམ།
སེམས་ཀྱི་དོགས་འཆར་སེལ་ཕྱིར་ཡང་སྙིང་མཆོད་རྟེན་དེ་ཇི་ལྟ་བུ་ཞིག་ཡིན་མིན་གྱི་ལོ་རྒྱུས་སྐོར་ལས་གྲོགས་ཚོར་བཀའ་འདྲི་ཞུས་ཀྱང་བློ་ཡིད་ཚིམ་པའི་ལན་ཞིག་སྟེར་མཁན་མ་བྱུང་བས་དར་ཅིག་སྟོང་ཆ་ཙམ་དུ་མི་འཇོག་ཀ་མེད་ལགས། མཆོད་རྟེན་དེར་བསྐོར་བ་གསུམ་བརྒྱབ་རྗེས། མདུན་ངོས་ཀྱི་གྱང་རྙིང་ཞིག་རོ་ཞིག་འདུག་པ་དེའི་རྩར་འགྲེང་སྟེ་གླང་པོ་ཆེའི་སྣ་འདྲ་བའི་བྲག་སྣེ་དེར་ལྟ་གིན་མནོ་བསམ་ཞིབ་མོར་གཏོང་དུས། ད་ལྟའི་མིག་མདུན་ན་ལྷགས་པའི་གྱང་རོ་དང་ལྷ་ཁང་གི་ཞིག་རོ་དག་ནི་ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་དཔང་རྟགས་ཤིག་སྟེ། གནས་རྙིང་དགོན་འདིས་བརྒྱུད་མྱོང་བའི་དབུས་གཙང་སྡེ་གཟར་དང་ས་བྱི་ལོའི་དམག་འཁྲུག་གིས་བཞག་པའི་རྨ་ཁ་ཞིག་ཅི་ལ་མ་ཡིན།
དེ་ཡང《མྱང་སྟོད་དཔལ་གནས་རྙིང་དགོན་གྱི་ལོ་རྒྱུས་བཞུགས་སོ》ཞེས་པའི་ནང"དུས་རབས་བཅོ་བརྒྱད་པའི་ནང་དབུས་གཙང་སྡེ་གཟར་དོན་རྐྱེན་ནང་མི་ དབང་ཕོ་ལྷའི་བཀའ་ཆད་ཕོག་སྟེ་གནས་རྙིང་ཆོས་གཞིས་འཛིན་བདག་ཡར་འབྲོག་བསམ་སྡིངས་དགོན་པར་སྤྲོད་དགོས་རྐྱེན་ལྷ་མིའི་མཆོད་རྒྱུན་ཉམས་ཆགས་ཀྱིས་བཤད་སྒྲུབ་ཀྱི་ཕྱག་ལེན་དང་དགོན་གྱི་གཙུག་ལག་ཁང་རིམ་འཐོར་སོགས་ཀྱིས"ཞེས་དང"བོད་ཤིང་འབྲུག་ལོ་སྟེ་སྤྱི་ལོ1904ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱེད་སྐབས་གནས་རྙིང་དགོན་པ་གཡུལ་ས་གཙོ་མགོ་གནོན་དུ་འཁེལ་ཏེ། བཙན་འཛུལ་དམག་དཔུང་ཕོན་ཆེ་དགོན་པར་དཔུང་འཇུག་གིས་དགྲ་བོས་འབར་རྫས་ལ་བརྟེན་ནས་ལྕགས་རིར་སྤྱི་ཁྲེ་བཅུ་ཙམ་ཡོད་པའི་ཁ་ཤོ་བཏོན་ཏེ་ནང་དུ་འཛུལ་ནས་དྲག་པོའི་འཇིགས་སྐུལ་དང་……དེ་སྔའི་འདུ་ཁང་དེང་དུས་གཙུག་ལག་ཁང་འདི་དག་ལའང་གཏོར་བཤིག་ཚབས་ཆེན་ཕོག་པ་དང་། སྐུ་གསུང་ཐུགས་རྟེན། མཆོད་ཆས། དགེ་འདུན་སྐོར་གྱི་དངོས་ཆས་ཐོར་གྱར་སོགས་བསྟན་རྒྱུན་ཉམས་ཆགས་ཀྱི་གེགས་བར་ཚབས་ཆེན་བྱུང་བ་ཞིག་བརྗོད་ཀྱིས་མི་ལང" ཞེས་བཀོད་པ་ལྟར་ན། དེ་སྔ་རྒྱ་འཇམ་དཔལ་གསང་བའི་དུས་ནས་ཕྱིས་རྗེ་ཙོང་ཁ་པ་ལ་སོགས་ཀྱི་སྐབས་དགོན་འདིར་ཉམས་ཆགས་མེད་པར་རྒྱལ་བའི་བཀའ་བསྟན་བཅོས་དང་མདོ་སྡེ་ལ་སོགས་ལ་སྔར་རྒྱུན་བཞིན་ཐོས་བསམ་ལ་བརྩོན་བཞིན་པ་ནི་ཅིས་ནས་སྤྲོ་བའི་སྣང་ཚུལ་ཞིག་ཅི་ལ་མིན་ནམ། ཡིན་ནའང"དམག་འཁྲུག" དང"ནང་དམེ"ཞེས་པ་དེས་བོད་ཀྱི་ས་གནས་མང་པོར་ཕོག་ཐུག་ཆེན་པོ་བྱུང་ཡོད་ལ། ལྷག་དོན"ལྷ་འདྲེ་གདོན་བགེགས"ལྟ་བུའི་རིག་གནས་གཙང་ཕྱགས་ཀྱི་ལོ་ཟླའི་ནང་རང་ཅག་ཁ་བ་ཅན་འདིའི་ཡུལ་ལུང་མང་པོར་ཉམས་ཉེས་ཚབས་ཆེན་བྱུང་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་སྐྱོ་གར་ཞིག་ཡིན་ལ། སྐྱོ་གར་དེ་ནི་?་ལ་བརྐོས་པའི་རི་མོ་ལྟར་བོད་མི་དམངས་ཀྱི་སེམས་ན་ནམ་ཡང་བསུབ་མི་ཐུབ་པ་ཞིག་རེད། མ་ཟད། སྐྱོ་གར་དེས་བསླངས་པའི་གྱོང་གུན་དག་ཀྱང་ཁ་གསབ་མི་ཐུབ་པ་ཞིག་ཅི་ལ་མ་ཡིན།
ད་ཆ་མིག་མདུན་ན་མངོན་པའི་ལྷ་ཁང་ཞིག་རོ་དང་ཁེར་རྐྱང་དུ་འགྱིང་བའི་གྱང་རོ་དག་མཐོང་དུས། དབུས་གཙང་སྡེ་གཟར་ལྟ་བུའི་ནང་འཁྲུག་དང་ས་བྱི་ལོའི་དམག་འཁྲུག་ལ་སོགས་པའི་ཁྲོད་གཏོར་སྐྱོན་དང་འཕྲོ་བརླག་ཏུ་སོང་བའི་གྱོང་གུན་དག་ལ་བསམ་གཞིགས་མི་བྱེད་ཀ་མེད་བྱུང་།
གསུམ་པ།
ད་ཆ་མི་རྣམས་ཀྱི་དཔལ་འབྱོར་དང་འཚོ་བར་གང་ཐད་ནས་ཇེ་བཟང་ཇེ་ལེགས་སུ་ཡར་རྒྱས་ཕྱིན་ཡོད་པས། གནས་འདི་ལྟ་བུར་མཇལ་ཁ་ཞུ་བར་ཆུ་ཚོད་ཁ་ཤས་ཀྱི་ལམ་ཐག་ཡིན་པས་འགྲིམ་འགྲུལ་ཐད་དཀའ་ངལ་ཆེན་པོ་དེ་ཙམ་མེད་མོད། དགོན་འདི་ལྟ་བུའི་ཉམས་ཆགས་དང་གཏོར་སྐྱོན་ཕོག་པའི་སེམས་ཀྱི་རྨ་ཁ་དེ་གསོ་བར་དཀའ་ངལ་ཇི་ཙམ་ཡོད་དམ།
ལས་གྲོགས་ཚོ་དཔུང་པ་དང་དཔུང་པ་བཤིབས་ནས་གྱང་རོ་དེའི་མདུན་དུ་དྲན་རྟེན་གྱི་འདྲ་པར་རེ་ལེན་བཞིན་གདོང་ནས་དགའ་བའི་འཛུམ་མདངས་རེ་འབྱིན་གྱིན་འདུག་མོད། འདྲ་པར་ནི་འདྲ་པར་རང་རེད། དེ་རིང་གི་མཚར་སྣང་དག་མ་འོངས་པའི་ཉིན་ཞིག་ང་ཚོའི་མདུན་དུ་ལྟ་ཐུབ་པ་ཙམ་ལས་དེས་དགོན་འདི་ལྟ་བུའི་ཆགས་འཇིག་གི་ལོ་རྒྱུས་དག་མེ་ལོང་ལས་བསྟན་པ་ལྟར་ང་ཚོའི་མིག་ལམ་དུ་གསལ་ཐུབ་བམ། ཡིན་ནའང་དེ་ནི་སྔར་གྱི་དུས་ཆེ་གེ་མོ་ཞིག་གི་ལོ་རྒྱུས་དང་མི་རབས་ཤིག་གི་རིག་གནས་དང་འབྲེལ་ཡོད་པས། ངས་ཀྱང་དྲན་རྟེན་པར་ཞིག་བླངས་པ་ཡིན། དེ་ནི་ད་ལྟའི་དགོན་རྙིང་འདིའི་མཛེས་ལྗོངས་ཕྱི་རབས་རང་གི་བུ་ཕྲུག་ལ་ངོ་སྤྲོད་བྱ་ཕྱིར་དང་རང་གི་གྲོགས་པོ་གྲོགས་མོའི་མདུན་དུ་ངོམ་ཆེད་ཙམ་དུ་བླངས་པ་ཞིག་གཏན་ནས་མ་ཡིན་པར། ལོ་རྒྱུས་ཀྱི་ཕང་བར་གྲུབ་པའི་རིག་གནས་ཤིག་གི་ཆགས་འཇིག་དང་ལོ་རྒྱུས་ཀྱིས་བཟོས་པའི་རྨ་ཁ་དེར་དུངས་ཞེན་གྱིས་དྲན་རྟེན་དུ་བླངས་པ་ཞིག་ཡིན།
འདྲ་པར་བླངས་ཟིན་དུས་ལས་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱལ་སྒོའི་ཕྱོགས་སུ་སྐྱོད་བཞིན་འདུག་མོད། ང་རང་ཁེར་རྐྱང་དུ་གྱུར་པའི་གྱང་རོའི་ཟུར་དུ་བསྙེས་ནས་བསམ་གཞིགས་བསྐྱར་མ་ཞིག་བྱ་དུས། ངའི་འདྲེན་བྱེད་ཀྱི་ལམ་དུ་མངོན་འོང་བ་ནི་ས་པད་མ་འདབ་བརྒྱད་དང་གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ། ལོགས་བཀྲ་ཤིས་རྟགས་བརྒྱད་ཚང་བ། རྒྱབ་རི་གླང་པོ་ཆེ་ཉལ་འདྲ་བ། དབུས་ན་དཔལ་འབར་ཞིང་མཐའ་ནས་གཡང་ལུད་པའི་གནས་ཏེ། "སྟོད་རྒྱ་གར་གྱི་གླིང་གནས་རྙིང་?་རྗེ་གདན་དང་མཚུངས"པའི་གནས་འདི་ན་སེ་རག་གྲྭ་ཚང་དང་སྐྱིད་ཚལ་གྲྭ་ཚང་། ཟུར་ཁང་གྲྭ་ཚང་། མཆོད་ཁང་གྲྭ་ཚང་། ནག་པོ་ཤར་གྲྭ་ཚང་བཅས་ཀྱི་གཟི་མདངས་རྣམ་པར་འཕྲོ་ཞིང་། ཐོག་ཁའི་ཡང་སྟེང་ན་དུང་དང་རྒྱ་གླིང་གི་སྒྲ་དབྱངས་སྙན་ལ་འཇེབས་པའི་ཁྲོད་རྒྱ་འཇམ་དཔལ་གསང་བས་གཙོས་པའི་ལོ་པཎ་དུ་མས་ཐོས་པ་དོན་དུ་གཉེར་བཞིན་འདུག་ལ། རྒྱལ་ཚབ་དར་མ་རིན་ཆེན་ལ་སོགས་པའི་མཁས་གྲུབ་མང་པོས་རིག་པའི་གནས་ཀུན་ལ་ཞུན་བརྡར་གཏོང་བཞིན་པའི་སྣང་བ་ཞིག་བྱུང་། ལྷག་དོན་ལོ་ལྟར་བོད་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་མོར་འདི་ཁུལ་གྲོང་ཚོ་ཡས་མས་ཀྱི་སྐྱེས་ཕོ་མོ་ཀུན་གཟབ་འཆོར་ལེགས་པར་བརྒྱན་ནས་རྟ་མགྲིན་གྱི་མདོས་གཏོར་ལ་སོགས་པའི་གནས་རྙིང་གཟུངས་དྲུག་གི་གར་འཆམ་མཇལ་ཞིང་། ལྟད་མོ་མཚར་ཆེ་ལ་བྱིན་རླབས་དེ་བས་ཆེ་བའི་སྣང་ཚུལ་དག་ཇི་འདྲའི་ངོ་མཚར་ཆེ་བ་ཞིག་རེད་ཨང་། ད་དུང་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་འཁྲུག་ཆ་དོད་པའི་གར་འཆམ། འདུ་འཛོམས་ཆེ་བའི་མི་ཚོགས་བཅས་ཀྱི་དབུས་ན་ཕད་ཁུད་པའི་བུ་མོ་སྣང་ས་འོད་འབུམ་དེ་བཀྲག་མདངས་རབ་ཏུ་རྒྱས་པའི་པད་མའི་མེ་ཏོག་ལྟར་ལྷམ་མེར་བཀྲ་ཞིང་། "དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར"ཞེས་པ་ལྟར་ཡུལ་འདིའི་སྐྱེས་པ་རྣམས་ནི་འདྲེན་བྱེད་ཟུམ་པ་མེད་པར་བུ་མོ་སྣང་སའི་ཕྱོགས་སུ་འཕྱོ་བཞིན་པའི་སྐབས། བྱ་གླག་གིས་རི་བོང་འཛིན་པ་ལྟར་རི་ནང་པའི་དཔོན་སྒྲ་ཆེན་གྱིས་བཙན་ཤེད་བྱས་ཏེ་བུ་མོ་སྣང་ས་དེ་སྲས་གྲགས་པ་བསམ་གྲུབ་ཀྱི་མནའ་མར་ཡོང་དགོས་པའི་གཙུག་གཡུ་དང་མདའ་དར་བཙུགས། དེ་ལྟ་བུའི་དབང་སྒྱུར་གྲལ་རིམ་པའི་ཁྲེལ་མེད་ཀྱི་བྱ་སྤྱོད་དང་ཉམ་ཆུང་ཕལ་པའི་བུ་མོ་ཞིག་གི་རང་དབང་བྲལ་བའི་སྣང་ཚུལ་དག་འཆར་དུས་ང་རང་ཡང་ཁོང་ཁྲོ་གཏིང་ནས་ལངས་ཤིང་། མདུན་དུ་ཤོར་འགྲོ་དུས་གྱང་རོའི་ཟུར་དེར་འགྱེལ་བྱུང་། ག་ལེར་ཡར་ལངས་ནས་ལྟ་དུས། རང་ཉིད་འདང་རྒྱག་གི་ཀློང་དུ་ཚུད་པ་གཞི་ནས་རྟོགས། ཕྱོགས་བཞིར་ལྟ་དུས་ལས་གྲོགས་ཚོ་གར་སོང་ཆ་མེད་དུ་གྱུར་བས་ང་རང་ཡང་དལ་བུར་རྒྱལ་སྒོའི་ཕྱོགས་སུ་ཆས།
རྒྱལ་སྒོའི་མདུན་དུ་སླེབས་དུས། དེ་གར་རླངས་འཁོར་མི་ཉུང་བ་ཞིག་འདུགདེ་ཚོའི་ཁྲོད་ཕྱི་ཡུལ་ནས་ཕེབས་པའི་སྐྲ་སེར་མིག་སྔོན་ཅན་གྱི་ཡུལ་སྐོར་བ་འདུག་ལ། རྒྱལ་ནང་ནས་ཕེབས་པའི་སྤུན་ཟླའི་མི་རིགས་ཁག་གི་ལྗོངས་རྒྱུ་བ་ཡང་འདུག ཁོང་ཚོ་ཡང་ང་ཚོ་དང་འདྲ་བར་གནས་རྙིང་དགོན་ཤུལ་འདིར་མཇལ་ཁ་ཞུ་བར་ཡོང་བ་ཞིག་མིན་ན། འདིའི་ལོ་རྒྱུས་ཀྱི་ཆགས་འཇིག་ལ་བསམ་གཞིགས་དང་བརྟག་ཞིབ་ཀྱིས་དུངས་ཞེན་གྱི་ཚོར་བ་ཟབ་པའི་དྲན་རྟེན་འདྲ་པར་ལེན་པར་ཡོང་བ་ཞིག་རེད་འདུག
ཉི་ཟེར་རི་འདབས་ཀྱི་ངོ་མཚར།
སྙན་པའི་གྲགས་པ་འཛམ་གླིང་གི་ཁྱོན་ཀུན་ལ་འབར་བའི་བཀྲ་ཤིས་ལྷུན་པོ་དགོན་ནི་གཙང་གཞིས་ཀ་རྩེ་ས་གནས(སྤྱི་ལོ2015ལོ་ནས་བཟུང་གཞིས་ཀ་རྩེ་གྲོང་ཁྱེར་ཏུ་བསྒྱུར) ཀྱི་བྱང་ངོས་ཉི་ཟེར་རིའི(ཉི་རྩེ་རི་ཡང་ཟེར)འདབས་ན་ཆགས་ཤིང་། དེ་ནི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་རྒྱལ་གཙང་ཁུལ་དུ་ཆགས་པའི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན། སྤྱི་ལོ1447ལོར་ཐམས་ཅད་མཁྱེན་པ་ཙོང་ཁ་པའི་དངོས་སློབ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ།
དེ་ཡང་རྗེ་དགེ་འདུན་གྲུབ་ཉིད་ནི་སྤྱི་ལོ1391ལོར་གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག་ཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ་གུར་མ་ཞེས་པའི་ཡུལ་གྱི་ལྷས་ར་ཞིག་ཏུ་ཡབ་མགོན་པོ་?་རྗེ་དང་ཡུམ་ཇོ་མོ་ནམ་སྐྱིད་ཅེས་པའི་སྲས་སུ་འཁྲུངས་ཤིང་། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》ལྟར་ན་རྗེ་ཉིད་འཁྲུངས་པའི་ནུབ་མོ་དེར་རྐུན་ཇག་སླེབས་པས། འཁྲུངས་མ་ཐག་པའི་ཁོང་?་གསེབ་ཅིག་ཏུ་སྦས་ནས་ཡུམ་དང་བཅས་པ་བྲོས་པ་དང་། སང་ཉིན་རྐུན་ཇག་ཚང་མ་སོང་ཟིན་རྗེས་ཕྲུ་གུ་བསྡད་ཡོད་མེད་ལྟ་བར་ཡོང་སྐབས། ཕྲུ་གུའི་མཐའ་འཁོར་ན་གཅན་གཟན་དུ་མ་འཁོར་ཞིང་དེའི་དབུས་བྱ་རོག་ཆེན་པོ་ཞིག་གིས་གཅན་གཟན་གྱི་འཇིགས་པ་ཡོང་བར་བསྲུངས་ནས་ཡོད་པ་གཟིགས་པས། ཡུམ་ངོ་མཚར་དང་དགའ་ཚོར་ཟུང་གིས་བྱིས་པ་ཁྱེར་ཏེ་བྲོས་པ་དང་། ཕྱིས་བྱ་རོག་དེ་ནི་དཔལ་མགོན་ཞལ་གྱི་སྤྲུལ་པར་གྲགས་ཞེས་འཁོད་འདུག་པར་གཞིགས་ན་ཁོང་ནི་སྐྱེས་བུ་ཕལ་བ་ཞིག་མིན་པའི་ར་སྤྲོད་བྱེད་ཐུབ་ཅིང་། ཆུང་ངུའི་དུས་ནས་རྣམ་རིག་གསལ་བ་དང་སྔ་ཕྱིར་སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་དང་བཤེས་གཉེན་ཆེན་པོ་བློ་ལྡན་པ། སེམས་དཔའ་ཆེན་པོ་ཀུན་བཟང་པོ། རྗེ་ཙོང་ཁ་པ་དང་རྒྱལ་ཚབ་དར་མ་རིན་ཆེན། དམར་སྟོན་དཔལ་ལྡན་རིན་ཆེན་ལ་སོགས་ཚད་ལྡན་བཤེས་གཉེན་དུ་མའི་ཞབས་ལ་ནན་གྱིས་གཏུགས་ཏེ། རིམ་བཞིན་དགེ་ཚུལ་སློང་གི་སྡོམ་མནོས་ཤིང་། ཚད་མ་དང་དབུ་མ། ཕར་ཕྱིན། སྙན་ངག་སོགས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་པས་མཁས་པའི་མཐར་སོན་ཞིང་སྙན་པའི་གྲགས་འབར།
དེ་ཡང་བཀྲ་ཤིས་ལྷུན་པོ་ཞེས་པའི་མཚན་ཆ་ཚང་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཟེར་ཞིང་། འབྲེལ་ཡོད་ཡིག་ཆ་ཁག་ལ་གཞིགས་ན་དེ་ནི་རྗེ་དགེ་འདུན་གྲུབ་པ་སྐུ་མཚམས་ལ་བཞུགས་པའི་ནུབ་མོར་མནལ་ལམ་དུ་བཀྲ་ཤིས་ལྷུན་པོའི་རྒྱབ་རིའི་རྣམ་པ་ཅན་གྱི་རི་བོའི་རྩེ་ན་རྗེ་ཙོང་ཁ་པ་བཞུགས་པ་དང་སྐེད་པ་ཙམ་ན་སེམས་པ་ཆེན་པོ་འདུལ་འཛིན་བློ་གྲོས་སྦས་པ་བཞུགས་པ། དེའི་སྨད་ཙམ་ན་རྗེ་ཉིད་བཞུགས་པ་རྨིས་ཤིང་། སེམས་པ་ཆེན་པོའི་ཞལ་ནས་དགེ་འདུན་གྲུབ་པ་ཁྱོད་ལ་བརྟེན་ནས་ས་ཕྱོགས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་འགྱུར་བ་ཞིག་འོང་བ་ཡིན་གསུངས་པ་གསལ་པོར་གོ་ཞིང་། དེ་ནས་ཏའི་སི་ཏུས་གོས་དཀར་པོ་གྱོན་ཞིང་རིའི་རྩེ་མོར་ཙོང་ཁ་པ་མཇལ་བཞིན་པ་རྨིས། དེ་ནས་ཉིན་གྲངས་དུ་མ་འདས་པའི་ཉིན་ཞིག་གི་ཆོས་གྲོལ་མཚམས་ཤིག་ཏུ་རྗེ་ཉིད་བླ་བྲང་སེར་པོར་ཐོ་རེངས་ཙམ་ལ་དབུ་འཕུར་ནས་བཞུགས་དུས་བུད་མེད་ཅིག་ངུ་བའི་སྒྲ་གྲགས་ཤིང་། དེས་དེ་ན་ཁྱོད་ཀྱི་དགོན་པ་ཡོད་གདུལ་བྱ་ཡང་དེ་ན་ཡོད། དགོན་པ་མ་གི་ན་ཡོད་མིང་ལ་མུ་ཁྱུང་ཅན། དེ་ཡང་བརྡ་སྐད་ཡིན་ལ་སོགས་པ་ཟེར་ཞིང་། བཀྲ་ཤིས་ལྷུན་པོ་ཟེར་བའི་མཚན་དེ་ནི་སྐབས་དེ་དུས་ཀྱི་བུད་མེད་དེས་བཏགས་པ་དང་། དཔལ་གྱི་སྡེ་ཕྱོགས་ལས་ཐམས་ཅད་རྣམ་པར་རྒྱལ་བའི་གླིང་ནི་རྗེ་རང་གིས་བཏགས་པ་ཞིག་ཡིན་གསུངས།
ད་ཆ་བཀྲ་ཤིས་ལྷུན་པོ་དགོན་འདི་སྔར་མུས་བཞིན་གཙང་ཁུལ་གྱི་སྐྱེས་ཕོ་མོ་ཙམ་མ་ཟད། གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ལས་སྨོན་དུ་འགྱིང་བཞིན་ཡོད་མུས། དད་ཅན་གྱི་སྐྱེ་འགྲོ་མི་ཉུང་བ་ཞིག་བུང་བས་སྦྲང་རྩིའི་བཅུད་ལ་རོལ་བའམ་བྱིས་པས་མ་མའི་པང་དུ་རོལ་བ་ལྟར་ལྷག་བསམ་རྣམ་དག་གིས་དགོན་འདིའི་བྱིན་རླབས་ལ་རོལ་བཞིན་པ་ནི་ངེད་ཚོའི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་རྒྱགས་ཕྱེ། ཡིད་ཀྱི་གསོས་སྨན་དུ་འགྱུར་བཞིན་མཆིས།
ངེད་ཅག་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་བློ་གྲོས་ཀྱི་སྙིང་སྟོབས་ཆེ་བའི་གདོད་མའི་མི་རིགས་ཤིག་ཡིན་ཏེ། ཆེས་གནའ་བོའི་དུས་ཀྱི་ཚོ་པ་དང་ཚོ་པ་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པའི་སྐབས་ཤིག་ནས་བཟུང་། རང་རང་གི་དཔལ་འབྱོར་དང་འཚོ་གནས་ཀྱི་དབང་གིས་ཚོ་པའི་དབར་གཅིག་མགོ་གཅིག་གནོན་གྱིས་རང་གི་མངའ་ཁོངས་རྒྱ་བསྐྱེད་དང་ཆ་ལག་འཐུས་ཚང་དུ་བཏང་ཞིང་། མཐར་མོ་མ་བྱ་མ་བཙུན་གྱི་སྲས་ཐ་ཆུང་ཨུ་བེ་རས་རྒྱལ་རྒྱུད་ཡར་ལུང་དུ་བཙུགས་པ་ནས་མགོ་བརྩམས་ཏེ། གནམ་གྱི་ཁྲི་བདུན་དང་ས་ཡི་ལེགས་དྲུག ཆུ་ཡི་ལྡེ་བརྒྱད། བར་གྱི་བཙན་ལྔ་ལ་སོགས་མུ་ལ་མུ་འབྲེལ་གྱི་བཙན་པོ་རིམ་པར་བྱོན་པ་དེས། བོད་འདིར་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མགོ་ཚུགས་པའང་ཞོར་ལ་རྟོགས་ངེས་སོ།། བཙན་པོ་དེ་དག་གི་རིང་། བན་བོན་ཆོས་ལུགས་གཉིས་མཉམ་གནས་མ་ཐུབ་པར་ཕན་ཚུན་དུ་སྲིད་དབང་འཕྲོག་རེས་བྱེད་པའི་གནས་ཚུལ་མི་ཉུང་བ་ཞིག་ཐོན་པ་ནི། མཐར་གཏུགས་ན་བཀས་བཀོད་རྒྱུད་འཛིན་པའི་དབར་གྱི་འགལ་བ་ཡིན་པར་ཐེ་ཚོམ་མེད།
ལྷག་དོན་བཙན་པོའི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ན་ནང་བསྟན་གྱི་མྱུ་གུ་བུས་ཀྱང་དར་ཅིག་གཉན་པོ་གསང་བའི་ཚུལ་དུ་སྣང་ཞིང་། སྲོང་བཙན་སྒམ་པོའི་སྐབས་ཡན་ལག་ཆེར་རྒྱས་པས་བོད་ཁམས་ཀུན་ལ་ནང་པའི་ལྟ་གྲུབ་ཀྱི་གཞིས་ཆགས། དེ་ནས་ཁྲི་སྲོང་ལྡེ་བཙན་སྐབས་འདབ་མ་ལྷུམས་པས་བོད་ཀྱི་ཡུལ་གྲུ་གང་སར་ནང་པའི་ལྟ་གྲུབ་ཀྱི་ཡན་ལག་ཀྱང་མི་འདྲ་བར་འཕེལ། ཡིན་ནའང་རྒྱལ་རབས་ཞེ་གཉིས་པ་དར་མ་འུ་དུམ་བཙན་པོ་བློན་ངན་གྱིས་དཀྲོངས་སྟབས། དེའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་སྲིད་དབང་ཐད་མ་མཐུན་པའི་རྐྱེན་བྱས་ཏེ་དུས་རྒྱུན་ཕ་གཅིག་མ་གཉིས་ཀྱི་གཅེན་གཅུང་དེ་གཉིས་དབར་གྱི་དྭངས་གཙང་ལྷད་མེད་ཀྱི་འདུ་ཤེས་དེ་ཆབ་སྲིད་ཀྱི་འགལ་ཟླ་རུ་གྱུར་ནས། མཐར་བོད་ཁམས་ཧྲིལ་པོའི་སྲ་ཞིང་བརྟན་པའི་སྲིད་དབང་དེ་འཐོར་ཞིག་ཏུ་སོང་། དེ་ནས་བཟུང་བགྲང་བྱ་བཞི་བརྒྱ་ལྷག་ཙམ་རིང་བོད་འདི་སིལ་བུར་གྱུར་ཞིང་རིམ་བཞིན་ས་སྐྱ་པ་དང་། ཕག་གྲུ རིན་སྤུངས། གཙང་པ་སོགས་ཆོས་ལུགས་གྲུབ་མཐའ་སོ་སོས་སྲིད་དབང་ལ་ཁ་ལོ་སྒྱུར་བའི་དུས་སྐབས་ཤིག་ཏུ་གྱུར་ནས་ཆོས་ལུགས་སོ་སོའི་ལྟ་བ་
དེ་ཆབ་སྲིད་ཀྱི་འགལ་བར་འགྱུར་བའི་སྐྱོ་གར་དེ་བྱུང་།
མཐར་སྤྱི་ལོ1642ལོར་རྒྱལ་དབང་ལྔ་པ་ཆེན་པོས་གཙོ་བོ་གནང་བའི་དགའ་ལྡན་ཕོ་བྲང་གི་དུས་སྐབས་ཙམ་ནས་བཟུང་ཆོས་ལུགས་དབར་གྱི་འགལ་ཟླ་ཁག་གསེད་བཀྲོལ་དང་ཆབ་སྲིད་ཐད་ཀྱི་འགལ་བ་ཁག་གསལ་འགྲེལ་གནང་སྟེ། གཅིག་མཐུན་གྱི་ལམ་བུ་གཅིག་དུ་བསྐྱོད་མགོ་ཚུགས། དུས་དེ་ནས་བཟུང་བོད་འདི་ནང་ཆོས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཞིང་། འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེས་ཕོ་མོ་ཚང་མ་གནས་འདིར་ལྗོངས་རྒྱུ་དང་འདི་པའི་གཙུག་ལག་གི་ཟེའུ་འབྲུ་ཐོགས་པར་མངོན་ལྐོག་གང་རུང་ནས་ཕེབས་པ་ནི་ཀུན་གྱིས་མཐོང་ཆོས་སུ་འགྱུར།
དཔལ་གྱི་བཀྲ་ཤིས་ལྷུན་པོ་དགོན་ནི་གཙང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བར་གྱུར་པའི་གཞིས་རྩེ་གྲོང་ཁྱེར་གྱི་བྱང་ངོས་ན་འགྱིང་ངེར་གནས་ཤིང་། དགོན་པའི་འདུ་ཁང་གི་ཡང་སྟེང་ན་ཀུན་ཡིད་དབང་མེད་དུ་འགུག་པར་བྱེད་པའི་དུང་དང་རྒྱ་གླིང་གི་སྒྲ་དབྱངས་བར་མཚམས་མེད་པར་གྲགས་པ་དང་། ཞོགས་པའི་ཉི་ཟེར་གྱི་འོད་མདངས་རྒྱ་ཕིབས་ཀྱི་ཕྱོགས་སུ་འཕྲོས་ཤིང་། དེ་ལས་གསེར་མདངས་ཅན་གྱི་གཟི་སྦྱིན་ཞིག་ངེད་ཚོའི་འདྲེན་བྱེད་ཀྱི་ཕྱོགས་སུ་འཕྲོ་བར་བྱེད་པ་དེ་ནི། མ་འོང་གཙང་ཁུལ་གྱི་རིག་གནས་དང་དཔལ་འབྱོར་གྱི་འོད་མདངས་དེ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་སྔ་ལྟས་སུ་སྣང་ཞིང་། དད་ལྡན་སྐྱེས་ཕོ་མོ་དུ་མའི་འཛུམ་ཞིང་དམུལ་བའི་བཞིན་རས་དང་འཇམ་ཞིང་དལ་བའི་གསུང་ངག དྲང་ཞིང་ལྷིང་བའི་ཐུགས་སེམས་སོགས་ཀྱིས་གདོད་མའི་མི་རིགས་འདིའི་ཡ་རབས་དང་དྲང་བདེན་གྱི་ཟུར་ཞིག་གསལ་ལེར་མངོན་ཡོང་གིན་འདུག
ཁོ་བོས་བྲེལ་འཚུབ་དང་དངངས་འཚབ་གང་ཡང་མེད་པར"གཙང་གི་རྒྱལ་བ་བྱམས་པ"ཞེས་བོད་ཆོལ་ཁ་གསུམ་ཀུན་ལ་སྙན་གྲགས་འབར་བའི་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་བྱིན་ཅན་དེ་དང་། ཐམས་ཅད་མཁྱེན་པ་པཎ་ཆེན་བཅུ་པ་ཆེན་པོའི་གསེར་གདུང་། དེ་བཞིན་རྗེ་དགེ་འདུན་གྲུབ་ཀྱི་གསེར་གདུང་ལ་སོགས་རེ་རེར་མཇལ་ཁ་ཞུ་བར་རྩོམ། ལྷག་དོན་ཐམས་ཅད་མཁྱེན་པ་བཅུ་པ་ཆེན་པོའི་གསེར་གདུང་མཇལ་དུས་བདག་གི་སེམས་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་ཁེངས་བྱུང་བ་ནི་གང་ཉིད་ཀྱིས་སྐུ་ཚེ་གང་པོའི་རིང་རང་རིགས་ཀྱི་རིག་གནས་དར་སྤེལ་གཏོང་ཆེད་སྐུ་ལས་ཚད་མེད་བསྐྱོན་པའི་གཏམ་རྒྱུད་དག་?་ལ་རི་མོ་བརྐོས་པ་བཞིན་གསལ་ལེར་དྲན་འོང་། དེ་དང་ཆབ་ཅིག་སྙན་ངག་པ་བྱ་གཞུང་དབྱངས་བྷ་ལགས་ཀྱིས་བརྩམས་གནང་བའི་སྙན་ངག《མི》ཞེས་པ་དེ་ཡང་ལྷམ་མེར་དྲན།
"རྡོ་་ཡི་ཁང་རྩེག་གང་མཐོ་གང་བརྗིད་འདུག
གསེར་གྱི་རྒྱ་ཕིབས་གང་ཡག་གང་མཛེས་འདུག
སྒོ་ཟྭ་དམ་པོར་བརྒྱབ་པའི་ཁང་རྩེག་བརྗིད་པོ་འདིའི་ནང་དུ།
ཁྱེད་ཀྱི་ཤ་དང་རུས་པའི་ཕུང་པོ་བཞག་ཡོད་ཟེར།
རྡོ་འི་རྩེག་ཁང་འདི་ཇི་འདྲའི་བརྗིད་ཅིང་བརྟན་ནའང་།
འདུར་རྒྱུག་ཁྲོད་ཀྱི་ཚེ་སྲོག་ཅིག་ཇི་ལྟར་ཤོང་ཨང་།
བྲག་ཐེམ་ཇི་འདྲའི་བདེ་ཞིང་བཙན་ནའང་།
བྱ་གླག་ཅིག་གི་རྨི་ལམ་མི་ཤོང་བ་ཇི་བཞིན།
………………………
ཉི་མ། མར་མེ་བཞིན་གཞིལ་ཉེ་དུས།
མི་ཞིག་གིས་མི་ཞིག་དྲན་གྱིན་འདུག
མི་རྣམས་ཀྱིས་ལྷ་དྲན་པ་ནང་བཞིན།"བྱ་གཞུང་དབྱངས་བྷའི་ལྷུག་རྩོམ་སྙན་ངག་དེབ《ཕ་སའི་མགྱོགས་བྲིས》ཞེས་པ་ལས་བདམས།
རེད་དེ། ཁོང་ནི་ངོ་མ་མི་ཞིག་རེད། ཡིན་ནའང་ད་ཆ་མི་རྣམས་ཀྱི་སྙིང་ཁོངས་ན་ནམ་ཡང་བརྗེད་དུ་མེད་པའི་རླབས་ཆེན་གྱི་མི་ཞིག་རེད། ཁོང་གི་འཛུམ་མདངས་རེ་རེ་ནི་ང་ཚོ་གངས་ཅན་པའི་བདེ་སྐྱིད་ཀྱི་ཡིག་འབྲུ་རེ་རེ་རེད། ཁོང་གིས་བཞག་པའི་བསླབ་འདོམས་རེ་རེ་ནི་ང་ཚོ་མུ་མཐུད་འཚོ་བའི་བདུད་རྩི་རེ་རེ་རེད། དེའི་རྐྱེན་གྱིས་ཁོང་ནི་ང་ཚོའི་སྙིང་དབུས་སུ་འགྱིང་བའི་ལྷ་ཞིག་རེད། ནམ་ཡང་བརྗིད་དུ་མེད་པའི་མི་ཞིག་རེད།
བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་རེ་རེར་མཇལ་ཁ་ཞུས་ཤིང་སྐུ་འདྲ་རེ་རེར་ཐོད་པ་གཏུགས་རྗེས། ང་རང་སྙན་ངག་པ་ཁོང་དང་འདྲ་བར་མི་ཞིག་དྲན་བཞིན་ཡོད། མི་ཚོས་ལྷ་དྲན་པ་ནང་བཞིན་མི་ཞིག་དྲན་བཞིན་ཡོད།
མཐར་ཁོ་བོས་ཀྱང་ཕྱག་ཏུ་མ་ཎི་དང་ཕྲེང་བ་བསྣམས་པའི་རྨོ་བོ་ཁོང་དང་འདྲ་བར་བཀྲ་ཤིས་ལྷུན་པོའི་རྒྱལ་སྒོའི་མདུན་ནས་དགའ་སྤྲོ་དང་སྐྱོ་བའི་སེམས་པ་ཞིག་ཟུང་དུ་འབྲེལ་བའི་སྒོ་ནས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ། བཀྲ་ཤིས་ལྷུན་པོ་དགོན་དང་ཞལ་གྱེས་ཞུ་དགོས་བྱུང་།
དུད་དྲེག་གིས་འཚོས་པའི་ཐང་ཆེན།
ཁོ་བོ་གཙང་ཁུལ་དུ་སླེབས་ནས་ད་ལྟའི་ཆར་ཧ་ལམ་བགྲང་བྱ་བཅུ་ལ་ཉེ་ཞིང་། དེའི་རིང་གཙང་ཁུལ་གྱི་གནས་རི་དང་གནས་བཟང་མི་ཉུང་བ་ཞིག་ཏུ་ལྗོངས་རྒྱུ་དང་སྦྲགས་མཇལ་ཁ་ཞུ་བར་འགྲོ་མྱོང་མོད། ཆེས་ཡིད་སྐྱོ་དང་རེ་ཟད་ལྟ་བུའི་སྣང་ཚུལ་ཞིག་ནི་ད་ཆ་བཀྲ་ཤིས་ལྷུན་པོ་དགོན་གྱི་མདུན་ན་གནས་པའི་ཐང་ཆེན་དེ་མཐོང་བས་ཡིན།
གྲལ་འགྲིག་ཅིང་འཁོད་སྙོམས་པའི་ཐང་ཆེན་གྱི་?་གཅལ་སྟེང་སྣུམ་ཤིག་གེར་འཛིར་བའི་ཞག་ཚིལ་དེ་དག་དང་བསིལ་རླུང་གིས་གང་སར་འདེད་བཞིན་པའི་བཏུང་བྱའི་འགྱིག་དམ་སྟོང་པས་གཙོས་པའི་སྙིགས་རོ་དག་མཐོང་རིམ་བཞིན། ངའི་སེམས་ལ་གནའ་བོའི་མི་རིགས་དེའི་ཡ་རབས་དང་དྲང་བདེན་ཟེར་བའི་གཤིས་སྤྱོད་དག ད་ཆ་བརླག་ཟིན་པའི་སྣང་བ་སྐྱུར་པོ་ཞིག་ཤར་འོང་གིན་འདུག
དད་ལྡན་གྱི་མང་ཚོགས་ཚོས་བཀྲ་ཤིས་ལྷུན་པོ་དགོན་ལ་མཇལ་ཁ་ཞུས་ཟིན་རྗེས། ཚོ་དང་ཚོ་བྱས་ཏེ་དགོན་པའི་མདུན་གྱི་ཐང་ཆེན་སྟེང་དུ་སྡོད་ཅིང་། རང་ཁྱིམ་ནས་ཁྱེར་འོངས་བའི་ཇ་ཆང་དང་ཞིམ་བཟས་ཀྱི་ལོངས་སྤྱོད་ལ་རོལ་ཞོར། ཧ་ཧ་དང་ཧུ་ཧུའི་གཏམ་གླེང་ལ་རོལ་རྒྱུ་ནི་ཉིན་ལྟར་མཐོང་ཆོས་སུ་གྱུར་བའི་སྣང་ཚུལ་ཞིག་རེད། ལྷག་པར་དུ་ལོ་རེར་ཐེངས་རེ་ལས་མེད་པའི་བཀྲ་ཤིས་ལྷུན་པོ་དགོན་གྱི་གོས་སྐུ་ཞལ་མཇལ་གྱི་ཉིན་མོ་དང་། དུས་རྒྱུན་གྲོགས་པོ་དང་གྲོགས་མོ་འཛོམས་ནས་དགོན་པར་ཆོས་མཇལ་དུ་ཡོང་བའི་དུས་དེ་ནི་ཐང་ཆེན་འདིའི་བཀྲག་མདངས་ཆེ་བའི་བཞིན་རས་ལ་ངན་ངོག་གི་ཞག་ཚིལ་བསྐུས་པའི་ཉིན་མོ་རེད། ཐང་ཆེན་གྱི་མཐའ་བཞིར་འདབ་ལོ་ལྷུམས་པའི་སྔོ་ལྗང་ལྗོན་ཤིང་གིས་བསྐོར་ཞིང་སྔོན་གཤེགས་དཔའ་བོའི་རྗེས་དྲན་གྱི་?་རིང་ངོགས་ན་སྣ་བརྒྱའི་མེ་ཏོག་གི་འཛུམ་མདངས་འཕྱུར་བཞིན་ཡོད་མོད། སྐྱུར་རྩི་ལ་དད་པའི་སོ་སྐྱེ་ཚོའི་ཡ་ང་བའི་རྣམ་སྤྱོད་དག་མཐོང་དུས། བཀྲ་ཤིས་ལྷུན་པོའི་ཡང་སྟེང་ནས་གྲག་འོང་བའི་དུང་དང་རྒྱ་གླིང་གི་སྒྲ་དབྱངས་རྣམས་ཀྱང་སྡུག་བསྔལ་གྱི་འཁུན་སྒྲ་བཞིན། ངའི་སེམས་སུ་བརྗོད་མི་ཤེས་པའི་ཕངས་སེམས་ཤིག་གིས་འཁྱིལ་ནས་འདུག
རྒན་རྒོན་འགའ་དང་གཏམ་གླེང་བྱས་པ་བརྒྱུད། ཐང་ཆེན་གྱི་ལྷོ་ངོས་སུ་གནས་པའི་ཀུ་ཤུ་གླིང་ག་ནི་དེ་སྔོན་རྒྱལ་བ་པཎ་ཆེན་རིམ་བྱོན་གྱི་སྤྲོ་གསེང་གནང་ས་ཞིག་ཡིན་མོད། ད་ཆ་ནི་གཙང་ཁུལ་མི་དམངས་ཀྱི་སྤྲོ་སྐྱིད་གཏོང་ས་ཞིག་དང་། ཆང་དང་སྦི་རག་གི་རྣམ་ཐར་བསྐྱང་ས་ཞིག བུ་དང་བུ་མོའི་བཟི་གཏམ་ཤོད་ས་ཞིག བྱིན་ཅན་བཀྲ་ཤིས་ལྷུན་པོར་ཆང་དྲི་དང་གཅིན་དྲི་སོགས་དྲི་ངན་གྱི་བག་བཙོག་བཟོ་ས་ཞིག་ཏུ་གྱུར་ན་མི་འོས་སྙམ་པའི་སེམས་ཚེགས་ཤིག་སྐྱེས་འོང་།
རེད་ཡ། མི་ནི་གཅེར་བུར་ཡོང་བ་དང་གཅེར་བུར་འགྲོ་དགོས་པ་ནི་སུས་ཀྱང་འགོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས། དེ་ལ་ང་ཚོས་དངུལ་ལོར་ཁྲི་འབུམ་གྱིས་བསླུས་ཀྱང་བསླུ་ཐུབ་པ་ཞིག་མིན་པས་ན། ཡ་ང་དང་སྙིང་རྗེས་ནི་དེ་བས་ག་ལ་བསླུ་ཐུབ། དེ་ལྟར་ཡིན་དུས་ང་ཚོས་ཚད་དང་ལྡན་པའི་རང་གི་མི་ཚེའི་ནང་ཚད་བརྒལ་གྱི་གཞན་ཕན་བྱ་བར་འཇུག་མ་ཐུབ་རུང་། རང་ཉིད་འཚོ་སྡོད་བྱ་སའི་ཁོར་ཡུག་འདི་དང་རང་དང་དཔུང་པ་མཉམ་གཤིབ་ཀྱིས་འཚོ་བཞིན་པའི་མི་གཞན་ལ་གནོད་པའི་ལས་རྟ་རྔ་ཙམ་ཡང་མི་བྱེད་རྒྱུ་ནི་ངེད་ཚོ་མཐོ་རིམ་སྲོག་ཆགས་ཤིག་ཡིན་པའི་མ་མཐའི་ཆ་རྐྱེན་ཞིག་རེད་བསམས།
2015ལོའི་ཟླ12ཚེས29མཚན་མོར་རང་ཁྱིམ་དུ་གྲུབ།
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ་ལྷ་གཡང་ནོར་བུ།