དྲེག་པས་བཟོས་པའི་མདུན་ཅོག་རྙིང་ནག་དེས་གཏམ་རྒྱུད་ཅིག་གླེང་གིན་འདུག
ངའི་ཉན་རོགས་ནི་སྐྱུར་དྲི་འཐུལ་བའི་མངར་ཇའི་ཕོར་བ་དེ་ཡིན།
གཉིད་ལ་ཤོར་བའི་ལྷ་སའི་དུས་ཚོད་ཀྱི་སྔས་འོག་འདིར།
རྣ་ཀྲོག་ཀྲོག་གིས་གཏམ་རྒྱུད་དེ་ལ་ཉན་མཁན་མི་འདུག་ཨང་།
འཚང་ཁ་ཤིག་ཤིག་གི་ཇ་ཁང་རལ་པོ་འདིར།
གཏམ་རྒྱུད་ཅིག་ཤེས་མཁན་མེད་པ་ནང་བཞིན།
གྲང་ཤུར་ཤུར་གྱི་རླུང་བུས།
སེར་ཐིག་ལྷུང་བའི་ལོ་མའི་རུས་པ་དག
སྒོ་དང་སྒེའུ་ཁུང་བརྒྱུད་ནས་ཇ་ཁང་འདིར་དབོར་ཡོང་དུས།
ངས་འཁྱགས་ཤི་ཐེབས་པའི་ལོ་མ་གཞན་ཞིག་ཇ་རུ་སྦངས་ནས།
གཏམ་རྒྱུད་གླུ་རུ་ལེན་ཤེས་པའི་སྙིང་ཉེ་སུ་ཞིག་གི་མགྲིན་པ་བསལ་དགོས།
ལྷ་སའི་བར་སྐོར་གྱི་སྤྲང་པོ།
བསང་དུད་ཀྱི་ཀློང་ན། མི་ཚོགས་ཀྱི་གསེབ་ན།
བར་སྐོར་གྱི་སྤྲང་པོའི་ཚོགས་ཀྱིས།
དབུགས་རྒྱུ་ལྷེམ་ལྷེམ། མིག་ཟུང་རིག་རིག་ངང་མི་རྣམས་ལ་ཅེར།
མི་རྣམས་ཀྱི་ཕྱི་ནང་གི་འཇིག་རྟེན་དེ་ལ་ཅེར།
ཁོ་ཚོས་འཚོལ་བ་ནི་དངུལ་ལོར་ཁོ་ན་མ་ཡིན་ཏེ།
རུས་རྐང་གིས་བསླེས་པའི་གཟི་ཁྲ་ཁྲ་ཞིག་གོ
མེས་པོས་དམག་རྟའི་རྨིག་འོག་ནས་རྙེད་ཅིང་།
སྲས་མོའི་ཐོད་རྒྱན་དུ་ཉར་བའི་གཟི་ཁྲ་ཁྲ།
སུ་ཞིག་གིས་གནས་འདིར་བོར་ཚེ།
ཁོ་ཚོས་རྡོ་་བའི་ལྷན་པ་ལས་ཡང་བསྐྱར་རྙེད་ཐུབ་བམ།
སྐུ་མགྲོན་དག་གི་རྡོ་ག་སྒྲའི་འོག་ཏུ་རྙེད་ཐུབ་བམ།
ལོ་ཟླས་བྲིས་པའི་སྡུག་གི་གཉེར་རིས།
ཉི་མས་བསྲེགས་པའི་གསེར་གྱི་འཛུམ་རྐོང་།
ཁོ་ཚོར་མཚོན་ན་ལྷ་སའི་མཚན་མོ་ཧ་ཅང་སྐྱིད་ཨང་།
གདངས་དམའ་མོས་མགུར་གླུ་དྭངས་མོ་རེ་ལེན་ཞོར།
རྡོ་་གཅལ་དུ་གཉིད་ཆོག རྨི་ལམ་རྨིས་ཆོག
རྨི་ལམ་ལས་གཟི་ཁྲ་ཁྲ་དེའང་རྙེད་ཆོག
གཟི་ཁྲ་ཁྲ་དེ་མ་གཞི་མིག་འབྲས་ཤིག་རེད།
མིག་འབྲས་དེ་ཐོད་དུ་བཟུང་ན།
ཁོ་ཚོས་ཁ་སང་གི་ལྷའི་རྟ་རྒྱུགས་མཐོང་ཐུབ།
དེ་རིང་གི་འདྲེའི་གླུ་གར་མཐོང་ཐུབ།
སང་ཉིན་གྱི་མིའི་སྙན་ངག་ཀྱང་མཐོང་ཐུབ།
ནམ་ལངས་དུས།
རྨི་ལམ་སྔར་བཞིན་མཇུག་རྫོགས་དགོས།
སྤྲང་པོ་ཚོས་སྔར་བཞིན་འཚོལ་དགོས།
མིག་འབྲས་དེ། གཟི་ཁྲ་ཁྲ་དེ།