ཁྱུང་མཆུ་སྤང་ཐང་བརྒྱུད་སྐབས། (གཞན་གཅིག

འབྲོག་བུ་དཀོམ་བཀྲ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


ཁྱུང་མཆུ་ནི་ཉི་མའི་མིག་སྐྱིབས་ལ་འབྱར་བའི་ས་རྡུལ་ཅིག་ཡིན།
ཁྱུང་མཆུ་ནི་གཡག་རོག་གི་སྒལ་བར་བཀལ་བའི་རྩིད་སྒྱེ་ཁྲ་ཁྲ་ཞིག་ཡིན།
ཁྱུང་མཆུ་ནི་སྐར་མ་སྨིན་དྲུག་ཤར་བའི་མེ་ལོང་སྐོར་སྐོར་ཞིག་ཡིན།
ནམ་མཁའ་སྔོན་པོར་བཙོག་གྲིབ་ཕོག་ཡོད་ནའང་།
སྤྲིན་པ་དཀར་པོ་དག་སྔར་བཞིན་རང་དབང་གིས་འཕྱོ།
ས་མཐའ་གྲུ་བཞིར་རྨ་ཁ་ཤོར་ཡོད་ན་ཡང་།
ཆུ་མོ་གྱ་གྱུ་དག་ལྷ་མ་ལྷུང་གིས་འབབ།
མུན་རུབ་སྟེ་གནམ་མཐའ་མི་གསལ་ནའང་།
སྤང་གི་རྒྱུག་ཆུ་དང་རྩི་ཏོག་གི་མགོ་ལྕོག་མི་མཐོང་ནའང་།
ལུས་པོ་ཉོབ་ཏོ་འདི་སེམས་པའི་ངར་ཤུགས་ལ་བརྟེན་ཏེ།
ཁྱུང་མཆུ་སྤང་ཐང་གི་མུ་མཐའ་བརྒལ་བཞིན་ཡོད།
༢༠༡༧/༡༢/༡༣
གས་ཆག་ཤོར་བ་དག
སྤང་སེར་པོ་མར་ཁུ་ལྡེམ་པ་དེ།
ཉི་ཟེར་གྱི་ངོགས་སུ་ལྷན་ནེར་འཁྱིལ་དུས།
འབྲོག་སྦྲ་ནག་བཙན་ཕྱུག་གཉིས་འཛོམས་ཡིན།
སྦྲའི་ཀ་ཕུར་རྡོ་རྗེ་བྲག་ལ་བཏབ་ཡོད།
དེ་འབལ་དགོས་ཟེར་ན་དམར་ཆུང་སྲོག་ཡིན།
འབྲོག་རྒན་ཚོའི་ཁ་སྐད་ཀྱི་གདངས་སྦོམ་པོ་དེ་ལས།
ང་རྒྱལ་གྱི་ཚིག་རྒྱག་རྦབ་རྡོ་འདྲ་བ་རེ་འདྲིལ་ཡོང་།
ཆུ་གཙང་པོ་དེ་འོ་དྲིས་ཁྱབ་ཅིང་།
ས་ཆེན་པོའི་གཤོང་ན་གཡས་འཁྱིལ་གཡོན་འཁྱིལ་ཡིན་དུས།
དབྱར་ཟླ་གསུམ་འོ་སྤྲིའི་རྒྱ་མཚོ་སྣུམ་པོ་ཡིན།
དགུན་ཟླ་གསུམ་ཤ་མར་གྱི་རི་རབ་མཐོན་པོ་ཡིན།
དེ་མ་རེད་ཟེར་ན་བསམ་བཞིན་བརྙས་པ་ཡིན།
འབྲོག་མོ་ཚོའི་ངོ་གདོང་གི་སྨུག་རྩི་ལ།
ཡིད་འོང་ལྷད་མེད་ཀྱི་འཛུམ་ཆུང་འཁྱིལ་ཡོད།
ད་ལྟ་ན་སྤང་གི་ལྡིང་ཁང་བྱེ་མར་གྱུར་ཏེ།
འདོགས་ར་དང་ཁ་བཤད་ཀྱང་བརྗེད་པར་གྱུར་ཏེ།
ཟུག་སྐད་སྦོམ་པའི་འབྲོག་ཁྱི་ཞིག་ཀྱང་མཐོང་དཀོན་དུས།
ང་ཚོས་སྔར་བཞིན་དབྱར་རྩྭ་དགུན་འབུ་འཐུས་ཏེ།
པུས་མགོའི་སླ་ང་ས་ལ་བརྡར་རྒྱུ་ཡིན་ནམ།
རི་ཆུ་ལ་གས་ཆག་ཤོར།  འབྲོག་སྡེ་ལ་གས་ཆག་ཤོར།
མི་སེམས་ལ་གས་ཆག་ཤོར།   འཁོར་བར་གས་ཆག་ཤོར།
༢༠༡༧/༡༡/༡༧


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1