ཕྲ་རབ་སྙན་ངག ཀྱེ་ཕུར་མཆོག་གསུམ། (རྨ་ཆུ་རྫོང)

ཅོར་རིགས་འཇམ་དཔལ་སྐྱབས། (ཀླུ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


འདི་ནས་ལྷ་སར་འགྲོ་དགོས་ན།
གནམ་གྲུ་ལས་ཆུ་ཚོད་གཉིས་དང་།
མེ་འཁོར་དུ་བསྡད་ན་ཉིན་ཞག་གཅིག་དང་ཕྱེད།
རླངས་འཁོར་དུ་བསྡད་ན་མ་མཐའ་ཡང་ཉིན་བཞི་དགོས།
གལ་ཏེ་རྟ་ལ་ཞོན་ན།
མགྱོགས་པོར་སོང་ནའང་ཟླ་བ་གཅིག
རྐང་ཐང་དུ་སོང་ན།
དུས་ཚིགས་གཅིག་གི་ཡུན་རེད་བཞག
བརྐྱངས་ཕྱག་འཚལ་ན།
ཏན་ཏན་ལོ་ངོ་གཅིག་ཙམ་གྱི་དུས་ཡུན་དགོས།
གནམ་ས་གཉིས་ཀྱི་འབྱེད་མཚམས་དེད་དེ།
སྤང་ཐང་དང་བྱེ་ཐང་འགྲིམས་ནས།
གངས་རི་དང་གཡའ་རི་བརྒྱུད་ནས།
ཆུ་བོ་དང་གཙང་བོ་བརྒལ་ནས།
རྔུལ་ཆུ་དང་དཀའ་སྤྱད་ཀྱི་ཐིགས་པ་བསགས་ནས།
ལམ་བར་དུ།
དུས་ཚོད་ཀྱི་རྡུལ་ཕྲ་རབ་གྲངས་འདྲེན་བྱས།
འདི་ནས་ལྷ་སར་འབྱོར་དགོས་ན།
སེམས་ནི་ཡིད་ལ་དྲན་པ་དེ་མ་ཐག
སྐད་ཅིག་གིས་འབྱོར་ཐུབ་པ་ནང་བཞིན།
ཉི་འོད་འཕྲོས་ན་མྱུར་ཚད་སྐར་མ་ག་ཚོད་ཀྱི་རྗེས་སུ་འཕྲོ་ཐུབ།
སྤྲིན་པ་བཞུད་ན།
གངས་རི་དང་ནམ་མཁའ་ལྟེབས་ནས།
ཉིན་ཞག་ག་ཙམ་ལ་བཞུད་ཐུབ་བམ།
གལ་ཏེ་རླུང་བུ་ལྡང་ན།
རི་ལུང་དང་ནགས་ཚལ་བརྒྱུད་དེ།
ཟླ་ངོ་གཅིག་ལ་འབྱོར་ཐུབ་བམ།
ཆུ་བོ་བཞུར་བའི་དབང་དུ་བཏང་ན།
ཀྱག་ཀྱོག་གི་བཞུར་ལམ་གྱ་གྱུར་འདྲེས་ནས།
དུས་ཚིགས་གཅིག་ལ་འབྱོར་ཐུབ་བམ།
བྱིས་པ་ཞིག་གོག་ནས་སོང་ན།
ཁོ་རང་འཚར་ལོངས་བྱུང་བའི་ཆོས་ཉིད་ནང་བཞིན།
གོམ་པ་རིམ་བགྲོད་ཀྱིས་ལོ་ངོ་གསུམ་ལ་སླེབས་ཐུབ་བམ།
ཨ་ཨ།
ཏིང་འཛིན་གྱི་དམིགས་པ་རྩེ་གཅིག་ཏུ་སྒོམ་ན།
ཐར་བའི་ལམ་གྱི་ལྷ་སར་ཚེ་གཅིག་ལ་འབྱོར་ཐུབ་བམ།
༢༠༡༧/༤/༡༣ཕྱི་དྲོར་ཀླུ་ཆུ་རྫོང་མཁར་ནས།
—མ་ལོ་རྐང་ཐང་དུ་ལྷ་སར་ཕེབས་རྗེས་བདག་གིས་ཀླུ་ཆུ་རྫོང་མཁར་ནས་བསམ་བློ་འདི་ལྟར་གཏོང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1