སེམས་འགྱུ་དར་གྱི་ཁུག་པ་སུམ་ཅུ་
ཀྱེ་ཕུར་མཆོག་གསུམ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27
སྐད་ཅིག་སྐད་ཅིག་རྣ་བའི་བུ་ག་རུ། །
གློ་བུར་གློ་བུར་ཐོས་པའི་གཏམ་དག་གིས། །
གློ་སྙིང་ཕུག་ཅིང་མགྲིན་པ་བརྣངས་པར་བྱེད། །
ཚོར་བ་སྦྲིད་དེ་མིག་ཟུང་བརླན་པར་བྱེད། །
ལུས་ཀྱི་འཁྲི་ཤིང་ཞེད་སྣང་རླུང་བུ་ཡིས། །
ཡོམ་ཡོམ་སྒུལ་ཏེ་སྐད་ཆའི་གཙང་བོའི་ཆུ། །
ཡང་ཡང་བྲུག་ནས་ངག་གི་ཡལ་འདབ་ཀྱང་། །
ཐུར་དུ་དྲུད་དེ་ས་གཞིའི་སྙིང་ཁར་བསྲེས། །
འཇིག་རྟེན་མི་རྟག་རླུང་ཁའི་མར་མེ་དང་། །
མཁའ་ཡི་འཇའ་ཚོན་ཆུ་ཡི་གཉེར་རིས་བཞིན། །
སེ་གོལ་གཏོགས་པའི་ཡུན་ལ་ཕར་ཕར་འདས། །
ང་ཚོའི་དཔའ་དང་སྙིང་སྟོབས་བྲག་གི་རི། །
ཉིལ་ཅིང་འཐོར་བའི་རྔམ་ཟིལ་འདི་ཡིས་ཀྱང་། །
འབོད་པའི་གཡབ་མོ་གཅིག་ཐོག་ཉིས་བརྩེགས་སུ། །
རླབས་ཀྱིས་དེད་དེ་འཚོ་བའི་གྲལ་མཐའ་རུ། །
ག་ལེར་གཡེང་བ་འདིས་ཀྱང་སྒྱུ་ལུས་ཀྱི། །
ཕུང་བོ་རླུང་གིས་གཟིམ་པའི་ངང་ཚུལ་གྱིས། །
རང་དང་བྲལ་བའི་ལས་ཀྱང་འགོག་དཀའ་ན། །
ང་ཚོ་དུས་ལ་གཡར་བའི་དངོས་གཟུགས་དེ། །
གན་དང་འདི་ཞེས་ཆ་འཇོག་ག་ལ་ཡོད། །
ཁོང་ཁྲོ་ཞེ་སྡང་སྦྲུལ་གྱི་ཞགས་པ་དེས། །
སུ་ཡིན་ཕངས་མེད་བཀྱིགས་པའི་སྡིག་རྩུབ་ཀྱིས། །
ཡིད་ཀྱི་དགའ་སྣང་རྨེག་མེད་བཅོམ་མཛད་པའི། །
སྦྱོར་བ་འདི་ཀོ་བརྩམ་པར་སུ་ཞིག་རངས། །
ཁ་སང་གད་མོའི་དགོད་སྒྲ་རྔ་ཆེན་གྱི། །
རོལ་དབྱངས་ཉིད་དུ་རློམ་པ་དེ་དག་ཀྱང་། །
དེ་རིང་མིག་ཆུའི་གཙང་བོ་ལྷོག་ལྷོག་ཏུ། །
བྲང་ལ་བརྡོལ་བ་འདིས་ཀྱང་མི་རྟག་པའི། །
ཅོང་ཆེན་སྙན་གྱི་བུ་གར་བང་བང་དཀྲོལ། །
ངས་ནི་ལག་ཟུང་པད་འདབ་སྙིང་ཁ་རུ། །
ག་ལེར་གྲོལ་ཏེ་རང་སེམས་གཅེས་ཕྲུག་དེ། །
དྲན་པའི་ཁྲི་ཆེན་བརྗིད་པོའི་མཐོ་ས་རུ། །
བཞག་སྟེ་རང་སེམས་འདུལ་བའི་ཚིག་ཅིག་ཐལ། །
སྨྲ་ཤེས་དོན་གོ་མི་ཡི་ལུས་རྟེན་འདི། །
ལས་དང་བསྐལ་བས་ང་ཚོར་ལེགས་ཐོབ་ཀྱང་། །
དེ་ཡི་རིན་ཐང་གསེར་གྱི་རང་མདངས་ལ། །
ང་ཚོས་གཅེས་སེམས་མེད་པ་ཤིན་ཏུ་ཕངས། །
མགོན་གྱི་བླ་མར་གསེར་གྱི་དབུ་ཞྭ་འཚེར། །
དམ་ཆོས་གཙུག་གི་ནོར་བུ་འོད་ཀྱིས་ལྷམ། །
ཐུགས་ཀྱི་ཉི་ཟླ་སེམས་ཀྱི་དཔྱིད་དུ་སྨིན། །
འདི་འདྲའི་ལས་ཀྱི་ས་བོན་ཐུགས་ཀ་རུ། །
འབུས་པའི་བགོ་སྐལ་ཐོབ་པ་དབྱར་གཞུང་གི །
ལང་ཚོ་མིག་དང་སེམས་སུ་འཁྲུངས་པ་ཉིད། །
དེའི་ཕྱིར་མི་ཚེའི་མདུང་ཤིང་གང་བོ་འདི། །
དགའ་མགུའི་ཉི་མའི་འོད་ཀྱིས་བསྐྱལ་བ་ལ། །
སྨོན་འདུན་དྲོད་ཀྱིས་བསྡུས་ཏེ་དྲན་ངོགས་སུ། །
ཚེ་ཡི་ནོམ་ཆེན་ཞིག་ཏུ་རུམ་པར་འོས། །
བདེ་ལེགས་ཀུན་འབྱུང་ཆར་ཆེན་ཤག་ཤག་ཏུ། །
ཡིད་ཀྱི་སྣོད་ལ་བྱོ་བའི་རྟེན་འབྲེལ་ཡིན། །
གཤོག་རྡེབ་གར་ལ་བྲེལ་བའི་གཡུ་སྦྲང་དང་། །
ཟེའུ་འབྲུའི་བཅུད་ཆེན་གཞིབ་པའི་ཕྱེ་ལེབ་མོ། །
གསུང་དབྱངས་མགུར་ལ་བཞེངས་པའི་ཁུ་ལོ་དང་། །
གྲེ་འགྱུར་གླུ་རུ་འགུག་པའི་འཇོལ་མོ་སྟེ། །
འཁྱུག་རྩལ་སྲིད་ཀྱི་གར་དུ་བསྒྱུར་མཛད་པའི། །
དུག་སྦྲུལ་སྐྱ་བོའི་ཚོགས་དང་ལྕོང་མོ་སོགས། །
འཕུར་ཅིང་ནུར་བའི་དབུགས་ལྡན་གང་ཞིག་ཀྱང་། །
ཚེ་ཡི་འཕེན་པ་དུས་ཀྱི་ཕ་མཐའ་རུ། །
སྙིགས་མའི་བེམ་རོ་བཞིན་དུ་གཡུག་དགོས་པ། །
ཁྲ་ཆུང་མིག་གི་སྒོ་མོ་མ་བརྒྱབ་ཀྱང་། །
ཡིད་ཀྱི་རས་གཞི་དཀར་ནག་ཁྲ་གསུམ་ལ། །
རྟགས་བརྒྱད་རི་མོ་ཇི་བཞིན་ཝ་ལེར་བཀྲ།
དེ་དེ་བཞིན་གྱི་སྣང་བའི་འཁྱུག་རིས་དག །
དུས་རླུང་དྲག་པོས་དེད་དམ་ཁུར་ནས་ཐོན། །
བསམ་བཞིན་ཡིད་ཀྱི་མཁའ་ལ་ཆུ་འཛིན་དུ། །
ལང་ལོང་འཁྲིགས་ཏེ་དྲན་པ་ཉོབ་པར་བྱས། །
ལས་དབང་སྲིན་མོའི་ཧབ་ཆ་དགོད་པ་ནི། །
རྣམ་རྟོག་དགྲ་རུ་ལངས་པའི་སྔ་ལྟས་ཡིན། །
ཉི་ཟླའི་འཆར་ནུབ་དབུས་ཀྱི་སྐར་ཚོགས་ཀྱིས། །
མིག་ཟུང་དམུལ་ཏེ་ལག་རྡང་འཐོར་བ་ནི། །
མགོ་བོ་སྔས་ལ་བསྙེས་པའི་འཁུན་སྒྲ་དང་། །
མིག་ཆུ་སེམས་སུ་ལྷུང་བའི་ཤག་སྒྲ་ཡིན། །
ངས་ནི་འདས་སོང་གཙང་བོའི་གོམ་འགྲོས་ལ། །
རྣ་བས་མཉན་བཞིན་ལུས་པོ་ཆུ་ལ་བཀྲུ། །
འབྱུང་བཞིའི་རི་ལུང་སྡིག་གི་རྐང་རྗེས་ཀྱིས། །
བཀང་བའི་ལས་དེར་ཕྱི་འགྱོད་ལྕག་གིས་གྲབས། །
རང་སེམས་མྱི་ཁས་སྦགས་པའི་གངས་རི་ལ། །
ཡིག་དྲུག་གསལ་བའི་དར་ལྕོག་ཁྲི་གང་འཐེན། །
ངག་གི་མི་དགེ་ཚིག་གི་འབྱུང་བཞི་ལ། །
ཀུན་སློང་འོ་མ་དཀར་པོས་ཁྲུས་ཤིག་བྱ། །
བདེན་དོན་བརྗིད་ཀྱིས་མནར་བའི་ཁུར་ཆེན་དེ། །
ནམ་རྒྱུན་འགྲོ་འདུག་སྤྱོད་པས་དང་དུ་ལེན། །
སྡོམ་དྲའི་སུལ་ལ་དཔྱངས་འདྲའི་འཇིག་རྟེན་དུ། །
སུ་ཡང་རྣམ་རྟོག་རླུང་གིས་གཡོ་སྲིད་པས། །
བདག་བློ་སྲ་མཁྲེགས་ཕ་བོང་བགྲེས་པོ་དེར། །
གས་མེད་སྲ་བརྟན་སྲོག་གིས་བསྲུང་བར་ཤོག །
དབུགས་ཀྱི་འབྱིན་རྔུབ་རྩྭ་རྩེའི་ཆུ་ཐིགས་ཀྱང་། །
མི་འཐོར་འོད་ཀྱིས་ལྷམ་པ་འཚེར་དུ་ཤོག །
སྣང་བའི་མེ་ལོང་ངོས་ཀྱི་རི་མོ་དག །
ལག་པའི་ལྡེབས་སུ་བྲིས་པ་འདི་དག་གིས། །
སྙོམས་བགོད་ཐིག་གི་རྒྱུ་བ་དྲང་ཐད་དུ། །
ཡིད་ཀྱི་མཁའ་ནས་དྲན་པའི་གཏིང་རིམ་ལ། །
ཡང་ཡང་འཐེན་པའི་ཤིས་པ་ལྷ་ཡིས་བསྩོལ། །
རྣམ་རྟོག་ཁྭ་ཏའི་གཤོག་འགྱུར་ལང་ལོང་གིས། །
བདེན་དོན་ནམ་མཁའི་ཞལ་རས་མོག་པར་གྱུར། །
འཚོ་ལམ་ཉི་མའི་ངོས་ཀྱི་ཚ་རེག་གིས། །
ནང་སེམས་རླུང་གི་རྒྱུ་བ་གཉོམ་དུ་སོང་། །
དགོས་མེད་གོས་ཀྱི་ལྷན་པ་སེམས་ནས་བཀོག །
འཁྲུལ་སྣང་འཇའ་ཡི་རི་མོ་མིག་ལས་ཡལ། །
གདོན་བགེགས་གྲིབ་མ་གངས་དཀར་སེམས་ནས་དག །
ཕྱི་འགྱོད་རྟ་ཕོའི་ཤ་ཤེད་དྲུག་ནས་ལྷུང་། །
བདེ་ཐང་སྤང་གི་ངོས་སུ་དཀར་དམར་གྱི། །
མེ་ཏོག་དག་གི་སྐྲ་ལོ་ཐུར་ལ་དཔྱངས། །
ཉི་ཟླའི་བརྩེ་འཛུམ་ཤ་དང་རུས་པའི་ངོར། །
གཡུང་དྲུང་རི་མོའི་གཟུགས་སུ་ངང་གིས་གྲུབ། །
དེ་ཡི་ཁུག་པར་ཨ་ལོང་སྟོང་འཁྱིལ་དུ། །
གཅིག་དང་གཉིས་སུ་འབྲེལ་བའི་བརྩེ་བ་ཟབ། །
གནམ་སའི་མཐའ་གཉིས་འོད་ཀྱི་གུར་ཁང་དུ། །
ཕུལ་བའི་སྨོན་ལམ་བསྐལ་བརྒྱའི་ཕ་མཐའ་ལ། །
གསེར་གྱི་གཤོག་པ་བཞིན་དུ་བརྐྱངས་པར་འཚལ། །
ངས་ནི་རྣམ་དག་སེམས་ཀྱི་ཁྲི་སྟེང་ནས། །
སྨོན་ལམ་ཚིག་གི་དར་དཀར་སྲིད་ལ་འཐེན། །
དར་འདི་དགེ་བའི་ལས་ཀྱི་རྒྱུ་རུ་བསྔོ། །