ཕྱིར་མིག་གི་ལམ་ (གཞན་གཅིག)

རྨེ་རུ་མགོན་པོ་སྐྱིད།(ཅོ་ནེ་རྫོང རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


ཕྱིར་མིག་གི་ལམ།

བུ་མོས་སྡེ་མཐའ་འགྲིམ་དུས།

ཕྱིར་མིག་འཁྲེང་ས་ཨ་ཕ་ཡིན།
སེམས་པ་ཐོགས་ས་ཨ་མ་ཡིན།
ཨ་ཕ། ཨ་མ།
བགྱི་བའི་བྲེལ་ཟིང་ཞིག་གམ།
བསམ་འདུན་གོར་མོ་ཞིག་གིས།
བུ་མོས་གྲོང་མཐའ་འགྲིམ་དགོས་བྱུང་།
འཚོ་བ་སྐྱུར་མོ་ཞིག་གམ།
འཚོ་ཚིས་ཁོག་ནག་ཅིག་གིས།
བུ་མོས་ཡང་བསྐྱར་ས་མཐའ་འགྲིམ་དགོས་བྱུང་།
རྒྱང་རིང་རྒྱང་རིང་གི་གཞུང་ལམ་དེར་ཕྱོགས་པའི།
རྐང་ལམ་ཕྲ་མོ་དེའི་སྣེ་མོ་རུ།
པགས་རྩག་གི་འདབས་ཁ་རླུང་གིས་བསྐྱོད་བཞིན།
ང་ཡི་རྒྱབ་གཟུགས་ལ་ཡུན་རིང་ཕྱོགས་པའི་མིག་ཟུང་གཉིས་པོ།
དུངས་པའི་དགུ་མདུད་བཏབ་པའི་མིག་ཟུང་གཉིས་པོ།
ང་དང་ཐ་ན་ང་ཡི་སྐྲ་ལོ་ལའང་།
བརྩེ་བ་དྲོན་མོས་སྐྱེལ་མ་གནང་བའི་ཕྱག་བརྡ་དེ་ཚོ།
རྒོད་པོ་ཞིག་གི་ཞེན་ཆགས་ཀྱི་གཤོག་སྣེ་ཁྲ་མོས།
ཡང་དང་བསྐྱར་དུ་བརྡར་མྱོང་བའི་བྲག་ཐེམ་བཞིན།
ང་ཡི་དྲན་ངོགས་ལ་བསུབ་མེད་ཀྱི་རི་མོ་གྲངས་མེད་ཕབ་མྱོང་།
རི་རྐང་རྩུབ་ས་དང་གྲང་ངར་ཆེ་ས་དེ་ན།
ཨ་ཕ་དང་ཨ་མ་ཡོད་པས།
ད་གཟོད་ཁྱིམ་ཟེར་བའི་གནས་མལ་དྲོན་མོ་དེ་ཡོད་མྱོང་ལ།
ཕ་ཡུལ་ཞེས་པའི་མིང་བྱང་ལྗིད་པོ་དེའང་ཡོད་མྱོང་བ་མ་ཡིན་ནམ།
རྫོང་མཁར་ཆུང་ཆུང་འདི་ནས་ཕ་ཡུལ་ལ་ཕྱོགས་ཅིང་།
ལྷིང་འཇགས་ཀྱི་ཕ་ཡུལ་ནས་འདུ་འཛི་ཆེ་བའི་རྫོང་མཁར་ལ་འཐེན་པའི།
ཀྱག་ཀྱོག་དང་ལ་ཐུར་རྒོད་པའི་ལམ་ཕྲན་དེའི་སྣེ་ན།
ལས་དབང་གི་ཕྱིར་མིག་འཁོར་སའི།
བདག་གི་ཆེས་ཐོག་མའམ།
ཆེས་མཐའ་མཇུག་གི་སེམས་ཀྱི་ལོག་མལ་དེ་ཡོད་འདུག

      ༢༠༡༧ལོའི་ཟླ༡༢པའི་ཚེས༢ལ།


ཞེན་ཆགས། 

ཞེན་ཆགས་ཀྱི་རི་མོ་ཁུར་བའི།
ཆུང་ཆུང་གི་རྩེད་རྡོ་དེ་ཚོ།
ལོ་ཟླའི་རླུང་འཚུབ་ཀྱིས་ཁྱུར་མིད་དུ་བཏང་བ་མིན་ན།
ཁྱེད་ཀྱི་སྤྱི་གཙུག་ནས་རྒྱབ་ཏུ་དཔྱངས་པའི།
སུམ་སླས་ཀྱི་རལ་བ་དེ།
འགྲོན་བུ་དང་གཡུ་ཆུང་གིས་བརྒྱན་པའི་ར་ལོ་དེ།
ཅི་ཕྱིར་བྲེགས་སོང་ཨང་།
ནེའུ་གསེང་ལ་མེ་ཏོག་གིས་ཕྲ་རྒྱན་བཏབ་པའི་དབྱར་གཞུང་ཞིག་ལ།
ཟླ་བའི་འོད་མདངས་དྭངས་གཙང་ཆུ་མོ་རུ་འཇོ་བའི་མཚན་ངོགས་ཤིག་ལ།
ངས་ཁྱེད་ལ།
ནམ་མཁའི་སྐར་མའང་བྱིན་མྱོང་བ་དྲན་ནམ།
ཞེ་འདང་གི་འདབ་ལོ་གྲོལ་བའི།
ཁྲ་ཆིལ་གྱི་མེ་ཏོག་དེ་ཚོ།
སྟོན་མཇུག་གི་བ་མོའི་རྩེད་ཆས་སུ་གྱུར་པ་མིན་ན།
ཁྱེད་ཀྱི་དམར་ཆུང་བྱུ་རུ་ལྟ་བུའི།
འཇམ་མཉེན་གྱི་མཁུར་ཚོས་གཉིས་པོ།
ལང་ཚོ་དང་གསོན་ཤུགས་ཀྱིས་འཛུམ་པའི་མཁུར་ཚོས་གཉིས་པོ།
ཅི་ཕྱིར་སྐག་ཚོས་ཀྱིས་གཡོགས་སོང་ཨང་།
གྲང་རེག་རྐང་ལ་ཟུག་པའི་དགུན་གཞུང་གི་ཉིན་མོ་ཞིག་ལ།
ཁ་བའི་འདབ་མ་དཀར་པོ་བར་སྣང་ནས་གར་དུ་སྐྱོམ་པའི་ནངས་དུས་ཤིག་ལ།
ངས་ཁྱེད་ལ།
མིག་ཆུས་སླེས་པའི་གངས་ལྷ་མེ་ཏོག་རྐང་གཅིག་བྱིན་མྱོང་བ་དྲན་ནམ།
གཡུ་ཆུང་དྲུག་དཀར་ལྟ་བུའི་ཁྱེད་ལ།
གནག་སྣུམ་གྱི་སྐྲ་ལོ་མེད་ཀྱང་ཆོག
ཡིད་འོང་གི་འཆོར་སྒེག་མེད་ཀྱང་ཆོག
ཕྱིར་ཕེབས་ཤོག་དང་། ང་ཡི་ཡིད་འཕྲོག་ལྷ་མོ།
གངས་རི་དང་སྤང་ཐང་།
སྦྲ་ནག་དང་བེའུ་རྡང་།
ནམ་མཁའ་དང་སྐར་ཚོགས་ལའང་།
ཁྱེད་ཀྱི་མེ་ཟླུམ་ལྟ་བུའི་དྲོད་ཁོལ་དེ།
ཅི་འདྲའི་མཁོ་ཨང་།
༢༠༡༧ལོའི་ཟླ༡༡པའི་ཚེས༢༦ལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1