ངག་རིག་མཚོ་མོ་སྐྱོམས་པའི་རླབས་སྒྲ།

དབྱངས་འབུམ་ཚེ་རིང་། (བྲག་དཀར་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


སྨྲ་བསམ་བརྗོད་འདས་བསྟན་མེད་ཐོགས་མེད་ཀྱི། །
སྣང་བའི་རྒྱལ་ཁམས་མཐའ་དབུས་མི་དམིགས་པ། །
བརྟན་གཡོ་སྣོད་བཅུད་ཐ་སྙད་རི་མོས་བཞེངས། །
ཟབ་གསལ་དབྱངས་ཀྱིས་དཀྲོལ་བའི་མགུར་དབྱངས་འཐེན། །
བརྡ་ཐབས་ཤོག་སྐྱ་རྣམ་རྟོག་རླུང་གིས་སྒུལ། །
བྱེད་རྩོལ་རྒྱུད་སྐུད་ཆགས་སྡང་སོར་མོས་འཁྲོལ། །
རྟོག་བཅོས་ནམ་མཁའ་ཡེ་ནས་རྟག་པ་འདིར། །
ཀ་དག་དབྱིངས་སུ་རང་བྱུང་སྤྲིན་པ་འཁྲིགས། །
སྐྱེ་འཆི་ཉིན་སྲིབ་སྡོང་ལོ་ཤག་ཤག་འཐོར། །
དགའ་སྡུག་འཕྲེང་ཀོག་ཆུ་མོ་གྱ་གྱུར་འབབ། །
འདུ་འབྲལ་ཚང་མལ་རླུང་དམར་ལྡིང་བ་སོགས། །
ཡིད་ཀྱི་བཙན་སར་རང་སེམས་ལྷ་ཞལ་མཇལ། །
ཕྱི་ནང་བསྡེབས་པའི་སྐྱ་རིས་སྙིང་ཉེ་བོ། །
ཟིན་མེད་འཇའ་ཚོན་ཁ་དོག་སྣ་ལྔར་བཞེངས། །
སྟོང་བའི་དབྱིངས་སུ་ཡི་གེའི་ཕོ་བྲང་བཏབ།
ཉམས་རྟོགས་སྒང་ལ་ན་བུན་ལང་ལོང་གཏིབས། །
གཞུང་ལུགས་རལ་ཅིང་རྟོག་གེའི་གཏན་ཚིགས་འཐོར། །
མཚམས་ཚིགས་ཡལ་ཞིང་རིག་པ་རྗེན་ནེར་འགྲོ། །
ཡུལ་དང་ཡུལ་ཅན་ཆུ་ལ་ཆུ་བཞག་གིས། །
བློས་བསླངས་འཆར་སྒོ་ཆུ་ཡི་ཆུ་བུར་བཞིན། །
སེམས་ཀྱི་མངའ་ཐང་བྱེ་མའི་རི་སྒང་དུ། །
འདུ་སྣང་གྲུ་ཆར་ཟམ་ཟིམ་འཐོར་བ་དང་། །
ཚོགས་དྲུག་སྣང་བ་གཏད་སོ་ཞིག་གྱུར་ཏེ། །
འཁོར་བའི་འདམ་དུ་བདེན་པའི་མེ་ཏོག་གཟུགས། །
ཡུལ་དང་དུས་ཀྱི་བར་ཐག་སིལ་བུར་གས། །
བརྡ་དང་ཐ་སྙད་གཡུ་འབྲུག་ཟོལ་གྱིས་ལྡིར། །
མུན་པའི་འདབ་ཁ་ཁྲོག་ཁྲོག་སྒུལ་བྱེད་ཅིང་། །
མུན་པའི་ཐོང་གར་གློག་གི་འཁྱུག་གར་བྱེད། །
རྡུལ་ཕྲན་གཅིག་ཏུ་རི་རབ་གླིང་བཞི་བབས། །
འཁོར་འདས་བརྟན་གཡོ་ཡོམ་ཡོམ་ཤིག་ཤིག་འདར། །
ཤེས་རབ་བུ་ཆུང་སྙིང་རྗེའི་ངུ་ཤམ་བྱེད། །
རིག་པ་ཀློང་བརྡོལ་མུན་པའི་ནགས་ཚལ་བསྲེགས། །
ཡོད་མེད་སྣང་སྟོང་ནམ་མཁའི་མཐའ་དབུས་རྡིབ། །
གཟུང་འཛིན་འཁྲུགས་པའི་ཆུ་རིས་ལྟེམས་ལྟེམས་འཁྱུག །
རྟོག་བཏགས་ཟིལ་བ་དྲི་བྲལ་ཁྲོམ་ཁྲོམ་འདྲིལ། །
མེ་ལོང་ཧ་བཏབ་སྣང་བའི་རི་རྩེ་གསལ། །
རང་དབང་འོད་གསལ་སྟུག་པོ་བཀོད་པའི་ཞིང་། །
འགག་མེད་གླུ་དང་མནར་མེད་མེ་ཏོག་དགོད།
ངག་གི་ཟླ་བ་སྤྲོས་བྲལ་དབྱིངས་ན་དག །
འཆར་ཡན་མཚོ་མོའི་དྭངས་གཙང་རླབས་སྒྲ་སྒྲོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1