ཉི་མ་ལྷ་ས་ (གཞན་གཅིག)

ཁ་བ་བཀྲ་ཤིས། (ལན་ཇུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


ཉི་མ་ལྷ་ས།
བྱིས་དུས་སུ་མེས་པོའི་ངག་ལས་གོ་བའི་གནའ་གཏམ་ཞིག་ཡིན།
ཆེས་རྒྱང་ཐག་རིང་བའི་འཇིག་རྟེན་གཞན་ཞིག་སྟེ།
ང་ཡི་ཉི་མ་ལྷ་ས།
དབུས་གཙང་ཉི་མ་རང་ཤར།
གསེར་ཏོག་ཟླ་བ་རང་ཚེས།
གོ་ཐོས་སུ།
གནས་འདི་ནས་ལྷ་ཚོགས་བཤུམ་མྱོང་།
ཇོ་ཤཱཀ་རྣམ་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་དོན་དུ་མིག་ཆུ་བཞུར་མྱོང་ཟེར།
གནས་འདི་ན།
བཙན་པོའི་ཞབས་ཀྱི་འཁོར་ལོ་ཡོད།
ཡར་ཀླུང་གི་གནམ་ས་དང་རི་ལུང་བཀང་མྱོང་བའི།
རྟ་ཕོའི་རྨིག་སྒྲ་དང་དཔའ་བོའི་ཀི་སྒྲ་ཡོད།
གནས་འདི་ན་ལྷ་ཚོགས་ཡོད་པས།
འདི་ག་རུ་འདྲེ་ཡང་ཡོད།
ཉི་མ་ལྷ་ས་ནི་ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་མ་ཡིན།
ཉི་མ་ལྷ་ས་ནི་འདས་སོང་ལ་མིག་ཆུ་གཏོང་མྱོང་བའི་རྒས་འཁོགས་ཤིག་ཡིན།
ཉི་མ་ལྷ་ས་ཟེར་བ་དེ།
ཁ་སང་འོད་སྟོང་འབར་བའི་གཏམ་རྒྱུད་ཡིན།
དེ་རིང་ཚི་དྲེགས་ཆགས་པའི་ལྷ་སྒྲུང་ཞིག་རེད།
ཉི་མ་ལྷ་ས།
ཕ་ས་གསེར་གྱི་བྲང་མགོ།
མ་ས་དངུལ་གྱི་ཟླ་བ།
གནས་འདི་ན།
སྲོང་བཙན་ཟེར་བ་ཞིག་གི་ཞབས་རྗེས་ཡོད།
སུས་ཀྱང་ཁ་འབྱེད་མ་ཕོད་པའི་གསང་བའི་གླེགས་བམ་ཞིག་ཡོད།
དེ་ནི་གཉན་པོ་གསང་བ་མིན་ལ།
མ་ཎི་བཀའ་འབུམ་དེ་བས་ཀྱང་མིན།
ལོ་ཞིག་གི་དབྱར་ཁར།
དགེ་འདུན་ཆོས་འཕེལ་གྱི་མིག་ཆུ།
སྐྱིད་ཆུའི་གཞུང་ལ་འདྲེས་མྱོང་།
ཆུང་གྲོགས་རྗེས་དྲན་ཟེར་བའི་སྙན་ངག་དེ།
སྨག་ནག་པའི་མཚན་མོ་ཞིག་ལ་གྲུབ་པ་ཡིན།
ཉི་མ་ལྷ་ས།
ངའི་མིག་ཆུ་ཆུ་མིག་དགུ་སྒྲིལ།
ངའི་སྨྲེང་བའི་མདུད་པ་དགུ་ཁྲི།
ཉི་མ་ལྷ་ས།
ཁྱོད་གནའ་གཏམ་ཞིག་གཏན་ནས་མིན།
བོན་གཤེན་གྱི་རྨུ་ཐག་ལ་འཇུས་ཏེ།
གནམ་རིམ་པ་བདུན་གྱི་སྟེང་དུ་གཤེགས་སོང་བ་དེ་ཁྱོད་མིན།
ཁིས་ཁ་ཡི་དར་ལྕོག་བཞིན་བསྐྱོད་མྱོང་བ་དེ་ཁྱོད་མིན།
རི་འདབས་ཀྱི་ཆུ་མོ་བཞིན་གང་སར་བཞུར་འགྲོ་བ་དེའང་ཁྱོད་མིན།
ཉི་མ་ལྷ་ས།
དབུས་གཙང་གི་སྨོན་འདུན་ཀློང་དུ་བཟློ་བ་ཁྱོད་ཡིན།
ཁམས་སྟོད་ཀྱི་སྤོབས་པའི་ཀློང་དུ་མཆེད་པ་ཁྱོད་ཡིན།
མདོ་སྨད་པའི་མིག་མཐའི་མཆི་མར་འཁྱིལ་པའང་ཁྱོད་ཡིན་པས།
ཀྱེ་ཀྱེ། ཉི་མ་ལྷ་ས།
ཁྱོད་ལྷ་སྒྲུང་དུ་བཞུར་བར་ང་གཏན་ནས་བྲེལ་མ་མྱོང་།
མར་མེ་བཞིན་རླུང་ཁར་ཞོན་པའི།
ན་གཞོན་ཚོའི་ཉི་མ་ལྷ་ས།
རྒས་འཁོགས་ཚོའི་ཉི་མ་ལྷ་ས།

ང་ཡི་ཉི་མ་ལྷ་ས།



ཟླ་བར་ཕུལ་བའི་སྙན་ངག
                                           
ཟླ་བ་ལགས།
ཁྱོད་དང་འུ་གཉིས་མཚན་མོ་མང་བོར།
ཁ་གཏད་དུ་ལངས་ནས།
ཕན་ཚུན་ལ་སྙིང་གཏམ་མ་བརྗོད་པ་ལྟར།
འུ་གཉིས་ལ་མཚོན་ནའང་།
ད་ནི་བར་ཐག་ཅི་འདྲའི་རིང་ཨང་།
རུས་སྦལ་གྱི་སྒལ་གཞུང་དང་འདྲ་བའི་རི་རྩ་དེ་རུ།
མཚན་མོ་ག་ཚོད་ཅིག་བསྐྱལ་བ།
ཟླ་བ་ཁྱོད་ཁོ་ནས་མཐོང་ཡོད་པས།
སྙན་ངག་མང་བོ་ཞིག་གི་གསང་བ་ཡང་།
ཁྱོད་ཀྱིས་རྟོགས་ཡོད་པར་ང་ཡིད་ཆེས་ཀྱིན་ཡོད།
མཚན་མོ་ག་ཚོད་ཅིག་སྡུག་གིས་གྲུབ་པ།
ཟླ་བ་ཁོ་ནས་རྟོགས་སྲིད་ལ།
སྙན་ངག་གིས་མཚོན་མི་ཐུབ་པའི་སྨྲེང་བ་རེ་རེ་ཡང་།
ཁྱོད་ཀྱི་འོད་དཀར་གྱིས་མཐོང་ཡོད་ན་ཐང་།
པེ་ཅིང་སྟབས་ཐུག་རེ་སྐམ་པོར་ཟས་རྗེས།
མཚན་སྨད་ལ་སྙན་ངག་བྲིས་པ་ཡང་།
ཁྱོད་ཁོ་ནས་མཐོང་ཡོད་ལ།
ཁ་རོག་གེར་དངན་པ་ཞིག་འཕེན་པ་ཡང་།
ཁྱོད་ཁོ་ནས་གོ་ཡོད་ཟེར་བ།
ཟླ་བ་ནི་མཚན་མོའི་བདག་པོ་ཡིན་པས་རེད།
ཆར་བ་བབས་པའི་མཚན་མོ་དེར།
ངས་ཁ་རོག་གེར་འདས་དོན་ལ་སྟོང་འདང་རྒྱག་པའང་།
ཁྱོད་ཀྱིས་རྟོགས་ཡོད་ལ།
ཁ་བ་བབས་ཚེ་ང་ལ་དྲན་གདུང་ལྕི་བ་ཡང་།
ཁྱོས་བློ་ན་རྟོགས་ཡོད་ངེས།
ཡིན་ནའང་།
སྨྲ་བརྗོད་ཅི་ཡང་མེད་པ་འདི།
ཁྱོད་ཀྱིས་ཡོད་ཚད་འདིའི་བསྐོས་ཐང་།
མ་གཞི་ནས་རྗེན་པར་མཐོང་ཡོད་པས་ཡིན་ནམ།
ངའི་ལས་འཕྲོའི་སྐས་ཐེམ་གྱི་རྡོག་སྒྲར་ད་ནི་ཉན་མ་འདོད་པ་ལགས།
གང་ལྟར་ཀྱང་།
ཁྱོད་མཚན་སྨག་གི་ཁམས་འདིར་གསལ་ཆ་དོད་ལ།
ཁྱོད་ཁེར་རྐྱང་ལ་བློ་སེམས་དཀར་བས།
ཁྱོད་ང་ཡི་འཚོ་བ་དང་ཤིན་ཏུ་ཉེ་མོད།
གོ་ཐོས་ཤིག་ལ།
ཁྱོད་ཀྱིས་ལྷ་མོ་ཞིག་ཟླ་བའི་ཕོ་བྲང་དུ་བཀག་པའི།
གནའ་སྔ་མོའི་གཏམ་རྒྱུད་དེར་གསན་རྗེས།
ང་ཁྱོད་ལ་ཡང་རེ་ཐང་ཆད་མྱོང་།
གང་ལྟར་ཀྱང་།
ཁྱོད་ཁོ་ན་ངའི་འཚོ་བའི་མེ་ལོང་ཡིན་པ།
ངས་མ་གཞི་ནས་གསལ་བོར་ཤེས་ཡོད་ལ།
ཁྱོད་གཅིག་པུ་ང་ལ་དབང་ཐུབ་པའང་།
ངས་གཞི་ནས་རྟོགས་ཡོད་ལགས།
ཟླ་བ་ལགས།
དཀར་གསལ་གྱི་ཟླ་བ།


རྩོམ་ཡིག་སྔོན་མ།
ངས་ཁྱོད་རང་དྲན་དོན་ནི།
རྩོམ་ཡིག་རྗེས་མ།
ན་ཟླ་ཚོ། གླུ་ལ་ཉོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1