ན་ཟླ་ཚོ། གླུ་ལ་ཉོན།

ཟླ་གཞོན།(རྩེ་ཁོག་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


ན་ཟླ་ཚོ། གླུ་ལ་ཉོན།
གླེགས་བམ་གྱི་བྲག་རི་མཁའ་ལ་འཕགས།
སྙན་ངག་གི་རོ་བཅུད་བདུད་རྩིར་འདྲེས།
མེས་པོ་ཚོའི་ཤུལ་བཞག་གི་གཞུང་ལུགས་འདི།
ང་ཚོའི་རླབས་ཆེན་གྱི་གཞས་ཚིག་ཡིན།
ན་ཟླ་ཚོ།  གླུ་ལ་ཉོན།
སྤང་ཆེན་པོའི་ཁུག་སོ་ནས།
གཡང་དཀར་གྱི་སྤྲིན་པ་སྤྲིས་མ་བཞིན་ཆགས།
གནག་ཕྱུགས་ཀྱི་ངུར་སྒྲ་འབྲུག་སྟོང་ལྟར་མཆེད།
ཕ་ཡུལ་གྱི་རང་བྱུང་གི་ཁོར་ཡུག་འདི།
ང་ཚོའི་རང་དབང་གི་གཞས་གདངས་ཡིན།
ན་ཟླ་ཚོ། གླུ་ལ་ཉོན།
ས་ཞིང་གྲུ་བཞིའི་གར་སྟེགས་སྟེང་།
སྙེ་མ་ཡིས་གསེར་ནག་གི་ཞྭ་མོ་གྱོན།
འབྲུ་དྲུག་གིས་གཡུལ་ཁའི་ནམ་མཁའ་བཀང་།
ཕ་ཡུལ་གྱི་རྫོགས་ལྡན་དུས་ཚིགས་འདི།
ང་ཚོའི་བདེ་སྐྱིད་ཀྱི་གར་སྟེགས་ཡིན།
ན་ཟླ་ཚོ། གླུ་ལ་ཉོན།
གཟི་དཔལ་གྱི་འོད་སྣང་མེ་རུ་འབར།
སྤྲིན་ནག་གི་གྲིབ་གཟུགས་ས་རུ་འབྱར་ཡང་།
ང་ཚོས་གཞས་གཏོང་དགོས།
གཞས་གདངས་རྣམ་ཤེས་ཀྱིས་ལེན་དགོས།
གཞས་ཚིག་སེམས་ཀྱིས་འབྲི་དགོས།
 
                ༢༠༡༧.༡༡.༢༨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1