དབྱངས་སུ་དྲངས་པའི་བརྩེ་བ། —-༢༠༡༨ལོའི་ཁ་བ་འབབ་ཐེངས་དང་པོ་དང་སྦྱར་ནས་སེམས་ཚོར་ཙམ་བརྗོད་པ།
དཀར་ལུང་པདྨ་རྡོ་རྗེ། (གཅན་ཚ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27
གཤོག་ཟུང་ཡན་དུ་གར་བའི་རྒོད་པོའི་སྤྲུལ་བ། །
རང་ནུས་རྩལ་དུ་སྤྲུགས་པའི་ཕོ་ཉར་འཁུ་ནས། །
སུ་དང་གང་ལ་བབས་པའི་ལོ་ཟླ་འདི་ལ། །
རྟོགས་བརྗོད་རིང་མོ་ཞིག་གི་དབུ་ཁྱུད་བྲིས་སོང་། །
དངུལ་གྱི་ཁྲབ་རྨོག་མནབས་པའི་གངས་ཀྱི་དབུ་རྩེར། །
ལས་ཀྱི་བསོད་ནམས་རྒྱས་པའི་རླུང་རྟས་ཁེངས་སོང་། །
མིག་ཟུང་རྒྱང་ལ་ཅེར་བའི་ཨ་མའི་རེ་འདུན། །
རྟག་བརྟན་གཡོ་བ་མེད་པར་དེ་རུ་བཅོལ་ཡོད། །
གཡས་འཁྱིལ་དུང་གི་སྒྲ་དབྱངས་འཛིན་མར་ཁྱབ་སོང་། །
སྐྱབས་འཇུག་ཀློང་གི་བསང་དུད་དགུང་དུ་འཐེན་སོང་། །
སེམས་དང་སེམས་ལ་བརྒྱུས་པའི་བརྩེ་བའི་རྒྱུད་སྐུད། །
ལོ་དང་ཟླ་བར་འཐིམས་པའི་འཁྲེང་ཞེན་བར་ན། །
བརྩེ་བ་དབྱངས་ལ་བསྐུར་བའི་གཙང་ཆབ་སྔོན་མོས། །
མེས་པོའི་རུས་རྐང་ཀློང་གི་རྣམ་ཤེས་འཁྱེར་ནས། །
ལེ་དབར་ཁྲི་ཡི་རྣམ་ཐར་མུ་ནས་བསྐྱངས་པ། །
གངས་སེང་གཡུ་རལ་འཚོལ་བའི་གཏམ་རྒྱུད་ཡིན་ནམ། །
ཚོམ་བུར་མཁའ་རུ་རྒྱུ་བའི་སྤྲིན་དཀར་གསེབ་ཏུ། །
ལྷོ་རུ་བསྟར་བའི་ཁྲུང་ཁྲུང་དཀར་མོའི་གཤོག་རླབས། །
ལྡེམ་མྱུར་རྩལ་དུ་བསྒྱུར་བའི་རྒྱང་བཞུད་ཁྲོད་ན། །
ང་ཡི་སེམས་འདུན་ཀློང་གི་སྙན་ངག་ཡོད་དམ། །
དབུགས་ཀྱི་རྒྱུ་བ་དོགས་པའི་གྲོག་རོང་ཟབ་མོར། །
སྟོང་ཚོགས་མི་ཡི་འགྲོ་འོང་ཤེད་ཀྱིས་འདུར་དུས། །
རྣམ་ཤེས་དྲག་ཏུ་གཡོ་བའི་རང་ལུས་འདིར་ཡང་། །
སེམས་ངལ་ལྕི་མོ་རྒྱབ་ཀྱི་ཁུར་བོར་གྱུར་འགྲོ། །
གཏན་ཚིགས་རྡོ་ལ་བརྐོས་པའི་སེམས་ཀྱི་དམ་བཅའ། །
རླངས་པར་དྲངས་པའི་དབུགས་ཀྱི་ན་བུན་ཁྲོད་དུ། །
སྐད་ཅིག་ཡུན་གྱིས་སྡོམ་ཚིག་གཅིག་ཏུ་བཀོད་ན། །
རླབས་རྒྱུན་གསར་བའི་ཟེགས་མ་འཕྱོ་བར་མི་སྲིད། །
དུས་སུ་རེག་པའི་ཁྱད་ཆོས་གང་ཞིག་མངའ་བར། །
ཁྱོད་ཀྱི་རྣོ་དབལ་ཚིག་གིས་ཡང་དུ་འཕངས་ཀྱང་། །
སེར་གའི་ཤུལ་གྱི་བརྩེ་བ་ལྷག་མ་ཙམ་ལས། །
སུ་དང་གང་ལ་འཕྲི་བ་མེད་པར་སྣང་ངོ་། །
༢༠༡༨ལོའི་ཟླ༡པའི་ཚེས༤ལ།