ཉམས་ལེན་པ་ཞིག་ལ་ཕུལ་བ།
ཕྱག་རྡོར་ཚེ་རིང་།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27
རྣམ་དཔྱོད་ན་ཚོད་ནམ་མཁའ་དང་མཉམ་པའི། །
གང་གི་མཁྱེན་བརྩེ་འོད་ཞགས་རིང་མོ་ཡིས། །
མ་དག་སྒྲིབ་གཉིས་མུན་པས་ཡོངས་བཟུང་བའི། །
བློ་ལྡན་ཡིད་ཀྱི་རྨོངས་པ་སེལ་བར་མཛོད། །
དེང་འདིར་ཉིད་ཀྱི་སྐུ་ལུས་ལྷུན་པོ་་ལ། །
མི་འདོད་གྲང་ངར་སྲིན་མོས་མ་བསྡམས་པར། །
མདངས་ལྡན་དཔྱིད་ཀྱི་དཔལ་ཡོན་རབ་བརྟས་ཤིང་། །
བསྟན་འགྲོའི་རེ་བ་སྐོང་བའི་སྐབས་ལགས་གྲང་། །
མ་བཏབ་མཚན་སྙན་མེ་ཏོག་དཀར་པོའི་ཚོམ། །
གངས་ལྗོངས་ནོར་འཛིན་བུ་མོའི་ཕང་བ་རུ། །
གང་ས་གང་དུ་ལྷུག་ལྷུག་འཛུམ་གྲོལ་བའི། །
རྣམ་མང་འགྲོ་བའི་འདྲེན་བྱེད་གསོས་སུ་སྨིན། །
འདིར་སྣང་བྱིས་པའི་རྩེད་ཁང་ན་འཁྱམས་པའི། །
རྗེ་མེད་དྭ་ཕྲུག་བློ་ལ་སྲིད་པ་འདིར། །
མདང་སུམ་མནལ་ལམ་ཞིང་དུ་བཞུད་པ་བཞིན། །
བློ་མང་ཟློས་གར་རྩེན་པས་བུ་ཕྲུག་མྱོས། །
ཉེ་ཆར་ཁོ་བོས་ལོ་རྒྱུས་གཞུང་མང་པོར། །
ཐོས་བསམ་བགྱིད་པས་སྲིད་པའི་ཟིང་ཟིང་ལ། །
སྲེད་པའི་གོ་སྐབས་ཡོངས་དབེན་གང་ཉིད་ཀྱིས། །
《 སྤྱི་དོན》ལན་གཅིག་བདག་ལ་གཡར་བར་མཛོད། །
ཐེངས་འདིར་འབྱོར་བ་ཞིན་ཏུ་ཞན་པས་ན། །
ཐོས་ཆུང་སློབ་བུས་གང་གི་ཞལ་ཁྱིམ་ཟླ། །
མཇལ་འདོད་མོས་པ་རྐྱེན་ངན་སྤྲིན་གྱིས་བསྒྲིབས། །
རྗེས་མར་རྟེན་འབྲེལ་འགྲིག་ན་མཇལ་འོངས་ལགས། །
མ་རིག་བདུད་སྡེའི་སྤོབས་པ་ཕྱེ་མར་འཐག །
དུས་གསུམ་རྒྱལ་བའི་ཡབ་གྱུར་འཇམ་དཔལ་དབྱངས། །
གཏུམ་པོའི་ཚོགས་ལ་དྲག་པོའི་ཚུལ་སྟོན་པ། །
ལྷ་མིའི་མགོན་པོ་རྡོ་རྗེ་འཇིགས་བྱེད་མཆོག །
སྐྱབས་གནས་ཀུན་གྱི་སྙིང་བོར་དང་བས་འདུད། །
སྲིད་གསུམ་འགྲན་ཟླ་བྲལ་བའི་ཡི་དམ་གང་། །
གང་གི་སྤྱི་གཙུག་མཛེས་པའི་རྒྱན་དུ་བརྗིད། །
བརྗིད་ཆགས་གཟུངས་དག་སྒོམ་གྲྭའི་སྒྲུབ་ཕུག་ཏུ། །
ཉེ་ཆར་སྒྲུབ་པ་ཉམས་སུ་བླངས་པའི་དགེས། །
ཐུབ་བསྟན་སྤྱི་དང་འཁོར་འབངས་ཐམས་ཅད་ཀྱི། །
ཅི་འདོད་བགྱི་བ་དོན་དུ་འཁྱོལ་བྱུང་བས། །
དགེ་མཚན་རི་མོ་ཕྱོགས་ཀྱི་དཔལ་དུ་འཛུམ། །
ཉིད་ཀྱི་གསེར་ཞལ་མ་མཇལ་ལོ་ཕྱེད་སོང་། །
དེ་ཡི་ཕྱིར་ན་མི་ཕྱེད་དད་པའི་སྙིང་། །
ཉིད་ཀྱི་ཞབས་པད་བསྟེན་ལ་སྤྲོ་བས་ཁེངས། །
འཕྲིན་ལས་མཛད་པ་ཆུ་བོའི་རྒྱུན་ལ་ལྟ། །
གྲུབ་པའི་དགའ་སྟོན་དཔྱིད་དུ་ཤར་བའི་དགེ། །
ཟུང་འཇུག་གདམས་པ་ཟབ་མོའི་གོ་འཕང་ལ། །
སྔ་མོ་ཉིད་ནས་བརྙེས་པའི་རྟེན་འབྲེལ་ཞུ། །