རྩོམ་ཡིག་འབྲི་ཐབས་སྐོར་གྱི་བསམ་ཚུལ་ཐོར་བུ།
འབྲུག་མོ་སྐྱིད། (མི་རིགས་དཔེ་སྐྲུན་ཁང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27
གཅིག སྤྱིར་བཏང་གི་རྩོམ་འབྲི་བར་ཡིད་འཇོག་བྱ་དགོས་པའི་སྐོར།
སྤྱིར་བཏང་གིས་རྩོམ་ཞིག་འབྲི་བར་ང་ཚོས་ཐོག་མར་ཇི་ལྟར་འགོ་བརྩམ་དགོས་ཟེར་ན། དཔེར་ན། ཁ་བྱང་ལ་ཕ་ཡུལ་ཟེར་བ་ཞིག་འབྲི་བའི་དབང་དུ་བཏང་ན། བརྗོད་བྱ་ནི་ཕ་ཡུལ་རེད། དེ་ན་ང་ཚོས་ཁ་བྱང་འདི་མཐོང་མ་ཐག་ཏུ། ཇི་ལྟར་བྱ་དགོས་ཟེར་ན། ཁྱོད་རང་ལ་ལངས་ཕྱོགས་ཤིག་དང་ལྟ་བ་ཞིག་ངེས་པར་དུ་དགོས། ཐོག་མར། ལངས་ཕྱོགས་དང་ལྟ་བ་དེ་གཏན་ལ་ཕབ་དགོས་འདུག དེ་ནས་ལངས་ཕྱོགས་དང་ལྟ་བ་གཏན་ལ་ཕབ་པའི་རྗེས་ནས་ཁྱོད་ཀྱི་ལངས་ཕྱོགས་དང་ལྟ་བ་དེ་ཇི་ལྟར་ར་སྤྲོད་བྱ་རྒྱུ་དང་དོན་དག་གང་དང་གང་གིས་དོན་དེ་གསལ་བར་བཤད་ཐུབ་པ་དང་མཚོན་པར་བྱ་རྒྱུ་དེ་ལ་བསམ་བློ་བཏང་དགོས་པ་རེད། དེ་ནས་གོ་རིམ་ཞིག་ལ་བསམ་བློ་བཏང་དགོས་འདུག སྔོན་ལ་གང་ཞིག་འབྲི་བ་དང་རྗེས་ནས་གང་ཞིག་འབྲི་བ། བར་ནས་ཅི་ཞིག་འབྲི་བའི་གོ་རིམ་དེ་ལ་ངེས་པར་འདང་རྒྱག་དགོས་པ་གལ་ཆེ། དེ་གསུམ་ནི་སྤྱིར་བཏང་གི་རྩོམ་ཞིག་འབྲི་བའི་འབྲི་ཕྱོགས་ཀྱི་རིམ་པ་གསུམ་དུ་ངེས་བཟུང་ན་ལེགས།
མདོར་ན། ང་ཚོས་ཕ་ཡུལ་ཞེས་པའི་རྩོམ་དེ་ཡིན་ན། ཕ་ཡུལ་ལ་བཟུང་བའི་རང་གི་ལྟ་ཚུལ་དེ་གཞིར་བྱས་ཐོག་རང་གི་བསམ་བློ་དེ་གཏན་འཁེལ་བྱས་པ། དེ་ནས་ཁྱོད་ཀྱི་བསམ་བློ་དངོས་མཚོན་པའི་བརྗོད་བྱ་དེ་ལེགས་པར་སྒྲིག་པ། དེ་ནས་བརྗོད་བྱ་དེ་གོ་རིམ་ཞིག་ལ་བརྒྱུས་ནས་ཡོང་བའི་ཉམས་མྱོང་དང་རིམ་པ་ཞིག་ཡིད་ལ་འཇགས་པར་བྱས་ན་ནི་རྩོམ་ཞིག་འབྲི་བར་ལས་སླ་མོའི་ངང་བསྒྲུབས་ཐུབ་པར་སྙམ་མོ། །
གཉིས། རྩོམ་འབྲི་བར་རྒྱས་བསྡུས་འབྲི་ཐབས་ལ་བསམ་གཞིག་གཏོང་དགོས།
ཁྱོད་རང་གི་ལྟ་བ་དང་བསམ་བློ་དེ་མཚོན་པར་བྱས་པ་སྟེ་རྒྱས་བསྡུས་སུ་འབྲི་བ་དེ་ཡིན། དེ་ལས་ལྷག་པའི་གལ་ཆེ་བ་དང་མེད་དུ་མི་རུང་བ་དེ་བསྡུས་པའི་སྒོ་ནས་འབྲི་རྒྱུ་དེ་རེད། བྲི་འདོད་ཀྱི་རྩོམ་དེ་དང་འབྲེལ་བ་གཏན་ནས་མེད་པ་དག་མི་འབྲི་བ་གལ་ཆེ་ཡིན། དཔེར་ན། སྐད་ཆ་སྟོང་བ་དང་ཚིག་ལྷག་མ་བཤད་པ་དག་ལ་མཉམ་འཇོག་པ། སྤྱིར་བཏང་གི་གོ་རིམ་ཁྲོད་ནས་ཕྱོགས་གཉིས་ཡིད་འཇོག་བྱ་དགོས་པར་སྙམ།
གཅིག་ནས་ངེས་ཟིན་པའི་སྒོ་ནས་འབྲི་རྒྱུ་དེ་གཙོ་བོ་ཡིན། དཔེར་ན། ཕ་ཡུལ་ཞེས་པའི་རྩོམ་ཡིག་དེ་ཆེས་ཐོག་མར་ཇི་འདྲ་ཞིག་ཡིན་དགོས་པ་དང་རྗེས་ནས་ཇི་འདྲ་ཞིག་ལ་འགྱུར་དགོས་པ་དེ་རང་ལ་ངེས་ཟིན་ཡོད་པའི་སྒོ་ནས་འབྲི་བ། ངེས་ཟིན་དེ་སྲོག་ཤིང་བྱས་ནས་གོ་རིམ་ལྟར་སྒྲིག་པ་ཞིག་ཡིན། སྒྲིག་གཞི་ཞིག་སྒྲིག་ན་གལ་ཆེ་ཆུང་གི་སྒྲིག་གཞི་ལྟར་སྒྲིག་དགོས་ཏེ། དོན་དག་ཆུང་ཆུང་རྣམས་སྔོན་ལ་འབྲི་བ་དང་དོན་དག་ཆེ་བ་རྣམས་རྗེས་ནས་འབྲི་དགོས། གལ་ཏེ་དོན་དག་ཆེ་བ་སྔོན་ལ་འབྲི་བ་དང་དོན་དག་ཆུང་བ་རྣམས་རྗེས་ནས་བྲིས་ན་དེ་ལ་རྩོམ་གྱི་སྒྱུ་རྩལ་གྱི་ཆ་དང་རིན་ཐང་དེ་ལྟར་མི་ཐོན། དཔེ་གསལ་བོ་ཞིག་གི་སྟེང་ནས་བཤད་ན། མི་གཉིས་ཀྱིས་ཁ་རྩོད་དང་རྡུང་རེས་བྱས་པ་གནང་བཞིན་རེད་དེ། སྔོན་ལ་ཁ་ནས་གནས་ལུགས་བརྗོད་པ་དང་ལག་པས་ཕན་ཚུན་ལ་རྒྱག་རེས་བྱེད་པ་དང་། རྗེས་ནས་གོ་མཚོན་སོགས་ཤིང་དུམ་གྱིས་རྒྱག་པ་དང་འདྲ་བ་ཡིན།
གཉིས་ནས་རྩོམ་དེ་སྟོབས་དང་ལྡན་པའི་ནུས་པ་མཚོན་པར་བྱས་ནས་འབྲི་བ། དེ་ཇི་ལྟར་སྟོབས་ལྟར་མཚོན་པར་བྱས་དགོས་ཟེར་ན་སྔོན་བྱུང་མཁས་པའི་གསུངས་གལ་ཆེ་དང་ལེགས་བཤད་གལ་ཆེ་སྟེ་བློ་ན་ཡོད་པ་དེ་ཧ་ཅང་གལ་ཆེ། དེ་བློ་ལ་ཡོད་ན་ལུང་འདྲེན་ནས་ར་སྤྲོད་བྱས་པ་ཡིན་ན་ཆོག རྒྱུ་མཚན་སྔོན་བྱུང་མཁས་པའི་གསུང་དག་ནི་རང་གི་སྐད་ཆ་ལྟར་འབྲི་ཐུབ་ན་ཚིག་དེ་སྟོབས་དང་ལྡན་པར་འགྱུར་ཐུབ། དེ་ནས་ང་ཚོས་འཚོ་བའི་ཁྲོད་ཀྱི་བྱུང་བའི་དོན་དག་ལ་ལྟ་བ་དང་དེ་དག་བརྟག་དཔྱད་བྱེད་པར་གལ་ཆེ། དེར་ལྟ་བའི་སྐབས་དེར་རང་ལ་ངོས་ཟིན་ཞིག་ཐོབ་ཐུབ། དེར་བརྟག་པའི་སྐབས་སུའང་དེ་འདྲ་ཞིག་ཡིན་པ་རྒྱུ་མཚན་ཅི་ཡིན་ནམ་ཟེར་བའི་བསམ་བློ་ཞིག་རང་རྒྱུད་ལ་ཐོན་ཐུབ། དེ་བྱས་པ་ཡིན་ན་རང་ལ་བརྗོད་བྱ་གལ་ཆེན་ཞིག་རྒྱུད་ལ་ཐོན་ཐུབ། རྗེས་ནས་རང་གི་བལྟ་འདོད་ཀྱི་དཔེ་ཆ་དེ་ལྟ་ཀློག་བྱས་ནས་དེའི་ཁྲོད་ནས་ཁྱོད་ལ་བརྗོད་བྱ་དང་ཉམས་མྱོང་ཞིག་རང་ལ་ཐོབ། དེ་མ་གཏོགས་འཚོ་བ་གཅིག་པུ་ཙམ་ལ་ཡིད་རྟོན་ནས་བསམ་བློ་ཁེར་རྐྱང་ཅན་ཙམ་པོས་རྩོམ་ཡིག་འབྲི་བའི་ནུས་པ་ཆེན་པོ་ཞིག་ཐོབ་མི་སྲིད།
གསུམ། རྩོམ་འབྲི་བར་དཔེ་ཀློག་བྱ་རྒྱུ་ནི་གལ་ཆེ་བ།
ད་ལྟ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནས་སྦྱོང་བཞིན་པའི་སྐད་ཡིག་གི་བསླབ་དེབ་དག་ལ་བལྟས་ན་བསྒྱུར་རྩོམ་ཧ་ཅང་མང་། དེ་དག་བསྒྱུར་བའི་ལོ་ཙཱ་བ་ཡང་ཚད་ལྡན་ཡིན་མིན་གཉིས་ཀ་རེད། ལོ་ཙྭ་བ་ཚད་ལྡན་མིན་པའི་རྐྱེན་ལས་བོད་རང་གི་སྐད་ཆ་དེ་ལ་གཏོར་བརླག་ཆེན་པོ་ཞིག་བྱུང་བ་རེད། ཡིན་ཡང་ང་ཚོས་བསླབ་དེབ་དེ་མི་སྦྱོང་ཐབས་མེད་ཡིན། དེའི་རྐྱེན་ང་ཚོས་དུས་ཚོད་ཀྱི་གོ་སྐབས་གཞན་ཞིག་བེད་སྤྱད་དེ་སྔོན་བྱུང་མཁས་པའི་གསུངས་པའི་དཔེ་ཆ་དག་ཀློག་ན་གཅིག་ནས་རིག་གནས་རྒྱུད་འཛིན་བྱས་ཐུབ་པ་དང་གཉིས་ནས་བོད་ཀྱི་སྐད་ཆ་ངོ་མ་ཞིག་བཤད་ཐུབ་པར་ཕན་པ་ཡོད། འདིར་ངས་གསར་རྩོམ་ལ་དམིགས་པའི་རྩོམ་པ་པོ་དག་ལ་དཔེ་ཆ་ཁ་ཤས་ཤིག་ངོ་སྤྲོད་ཞུ་ན། དཔེར་ན་ང་ཚོའི་སྐད་ཆ་ལ་ཚིག་རྙོག་དང་ཚིག་ལྷག་ཧ་ཅང་མང་བ་དེ་སེལ་བའི་ཆེད་རྩོམ་ཡིག་གང་ལ་བལྟས་ན་འོས་ཤིང་འགྲིག་ཟེར་ན། ང་ཚོས་ས་སྐྱ་པཎ་ཆེན་གྱི《ས་སྐྱ་ལེགས་བཤད》གཙོར་བཟུང་ནས་ཁོང་གིས་བརྩམས་གནང་མཛད་པའི་གསུང་རྩོམ་དག་ལ་བལྟས་ན་ཚིག་ཐུང་ལ་དོན་གོ་བ་གནད་ལ་འཁེལ་བ་ཞིག་ཡིན་པས་རྣམ་པ་ཚོས་དེའི་ཕྱོགས་ལ་བལྟས་ན་འགྲིག་པར་སྙམ། དེ་དག་ལོགས་སུ་བསྐྱུར་ནས་ཕར་ལ་བརྒལ་ཏེ། ད་ལྟ་དྲ་ཐོག་ནས་གནས་ལུགས་དང་མི་མཐུན་པའི་སྐད་ཆ་བཙོག་པོ་འདྲ་མིན་སྨྲ་མཁན་གང་མང་ཞིག་ཡོད་ལ། དེ་ནི་ང་ཚོའི་མི་རིགས་ཡ་རབས་ཤིག་གི་ལུགས་སྲོལ་ཡག་པོ་ལ་གཏོར་བརླག་བྱས་པ་དང་མཚུངས་པས་ཐོག་མའི་རྩོམ་ཡིག་འབྲི་སྦྱོང་བ་ཞིག་ལ་མཚོན་ན་ངེས་པར་དོགས་སོན་དང་གཟབ་གཟབ་བྱ་དགོས་པའི་གནས་ཡིན། འདི་ལྟའི་གཞན་པའི་ལྟ་བ་བཀག་འགོག་བྱེད་པ་དང་མཉམ་དུ་ང་ཚོས་སྔོན་བྱོན་མཁས་པ་མང་པོའི་གསུང་རྩོམ་ལ་མཇལ་རྒྱུ་དེ་གལ་ཆེན་རེད་བསམ་བྱུང་། དཔེར་ན། རྗེ་ཙོང་བ་བློ་བཟང་གྲགས་པའི་ལམ་རིམ་སྔགས་རིམ་སོགས་ལ་མཇལ་མི་ཐུབ་ནའང་ཁོང་ཚང་གིས་མཛད་པའི་སྙན་ངག་གི་བརྩམས་ཆོས་ཏེ།《བཀའ་འབུམ་ཐོར་བུ》ལྟ་བུ་ཀློག་ཐུབ་ན་ཧ་ཅང་བཟང་། དེ་ལ་བསྡོམས་པས་བརྩམས་ཆོས་ཁག་བརྒྱ་དང་སུམ་ཅུ་ཡོད་ཅིང་། དེའི་ཁྲོད་དུ་སྙན་ངག་བརྒྱ་དང་ཉི་ཤུ་ཡོད། དེ་དག་ལས་ཆེས་ཁྱད་ཆོས་ལྡན་པ་ནི་བསྟོད་པའི་སྐོར་གྱི་སྙན་ངག་དག་རེད།
གཞན་བོད་ཀྱི་དུས་རབས་བཅུ་དགུ་པའི་སྨད་ཙམ་ལ་བྱུང་བའི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པའི《མི་དབང་རྟོགས་བརྗོད》ནི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད། སྒྱུ་རྩལ་གྱི་ཆ་མཐོ་བ་ཞིག་རེད། དེར་དུས་རབས་བཅུ་དགུའི་སྨད་ཀྱི་བོད་པའི་སྤྱི་ཚོགས་སུ་བྱུང་བའི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་གི་རྣམ་པ་མངོན་པར་མཚོན་པ་མ་ཟད། སྙན་ངག་མེ་ལོང་མའི་ཕུལ་བྱུང་གི་རྒྱན་སོགས་ཚིག་རྒྱན་ཕུན་སུམ་ཚོགས་པ་དང་གོ་སླ་ཞིང་སྙན་འཇེབས་ལྡན་པའི་ཚིག་སྦྱོར་ལས་གྲུབ་པའི་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་ཞིག་རེད། དེ་ལ་བལྟ་ཐུབ་པ་ཡིན་ན། སྙན་ངག་དང་ཚིག་ལྷུག་གཉིས་ཆ་ནས་ཕན་པ་ཆེན་པོ་ཡོད།
དེ་ནས་སྐད་ཆ་གོ་སླ་ལ་སྔོན་གྱི་གཞུང་ལུགས་དང་མཐུན་པ་སྟེ་རྡོ་རིང་པཎྜི་ཏས་བརྩམས་པའི་རྩོམ་གཞུང་དག་ལ་ལྟོས་དང་། དེ་ནི་སྤྱི་སྐད་ལ་ཕྱོགས་པ་ཧ་ཅང་བཟང་ལ་ཚིག་རྒྱན་མང་པོས་བཅིངས་མེད་པས་སྐད་ཆ་སྦྱོང་བར་ཕན་པ་ཆེན་པོ་འདུག་པར་སྙམ། དཔེར་ན། ཁོང་རང་ཉིད་ཀྱི་རང་རྣམ་བརྗོད་པ《རྡོ་རིང་པཎྚི་ཏའི་རྣམ་ཐར》དེར་མགོ་བརྗོད་ཀྱི་ཚིགས་བཅད་དང་བར་སྐབས་ཀྱི་ངལ་གསོ་བའི་ཚིག་བཅད་རྣམས་ནི་སྙན་ངག་མེ་ལོང་གི་དོན་རྒྱན་གྱི་ནང་གསེས་ལ་རང་བཞིན་བརྗོད་པའི་རྒྱན་དང་། དཔེ་རྒྱན། གཟུགས་རྒྱན། ཕུལ་བྱུང་གི་རྒྱན་སོགས་དང་། སྒྲ་རྒྱན་གྱི་ནང་གསེས་ཟུང་ལྡན་རྒྱན། བོད་རང་གི་ཐུན་མོང་མ་ཡིན་པའི་རྒྱན་ཀ་ཕྲེང་གི་རྒྱན་སོགས་ཀྱིས་མཛེས་པར་སྤྲས་པས་བོད་རང་གི་སྐད་ཆ་དང་འཚོ་བ་དངོས་སོགས་མངོན་པར་མཚོན་པས་ང་ཚོས་ལྟ་ཀློག་སྦྱོང་གསུམ་བྱེད་ན་ཕན་པ་རྒྱ་ཆེར་འཐོབ་བོ། །
བཞི་བ། རྩོམ་ལུས་དང་འབྲེལ་ཏེ་འབྲི་བའི་གོ་རིམ།
རང་མོས་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་ལྟ་བུ་འབྲི་སྐབས་རང་ཉིད་ཀྱི་ལྟ་བའམ་གླེང་ཕྱོགས་གཅིག་གཏན་ཁེལ་བྱ་དགོས་མོད་བྱེ་བྲག་གི་ལྟ་ཚུལ་ཆུང་ཆུང་རེ་ཡོད་རུང་སྤྱིའི་ལྟ་ཚུལ་དེ་གཏན་ཁེལ་བྱེད་དགོས། དེ་རྗེས་ཚན་པ་དགར་སྟངས་ཀྱི་གོ་རིམ་དེ་གཙོ་བོ་ཡིན། ཚན་པ་རེ་རེའི་ནང་ནས་ལྟ་ཚུལ་བྱེ་བྲག་པ་རེ་གླེང་ནས་རིམ་བཞིན་གོ་རིམ་ཞིག་སྒྲིག་རྒྱུ་དེའང་གལ་ཆེན་ཞིག་རེད། དེ་བཞིན་ཚན་པ་རེ་རེ་ནས་ལྟ་བ་ཆུང་ཆུང་རེ་གླེང་བ་དང་དེ་ལ་ཁ་བྱང་ཆུང་ཆུང་རེ་བཞག་ན་ད་གཟོད་རང་ཉིད་ལ་དམིགས་ཡུལ་ཡོད་ལ་ཁ་ཕྱོགས་མ་ནོར་བར་རྩོམ་ལེགས་པོ་ཤིག་འབྲི་ཐུབ། རང་མོས་སྙན་ངག་ལ་མཚོན་ནའང་། ཐོག་མར་རང་ཉིད་ལ་སྔོན་འགྲོ་ཙམ་ཡོད་དགོས་ལ་དེའི་ནང་འབྲི་ལུགས་སྣ་ཚོགས་ཡོད་སྲིད། ཡང་ན་དོན་དག་དེ་འབྲི་བའི་དགེ་མཚན་བརྗོད་པ། ཡང་ན། དོན་དག་འདི་འབྲི་བར་རྒྱབ་ལྗོངས་བརྗོད་པ། ཡང་ན་དོགས་སློང་བྱེད་པ་སོགས་བྱས་ཏེ་སྔོན་འགྲོ་འབྲི་བ། དེའི་རྗེས་རང་ཉིད་ཀྱིས་ཚན་པ་རེ་རེ་བཞིན་བསྒྲུབ་པར་བསམ་གཞིག་བཏང་བ། གལ་སྲིད་སྔོན་འགྲོའི་ཚན་པ་དེའི་ནང་དུ་ལྟ་བ་ཅིག་བྲིས་ཡོད་ན་ལྟ་བ་དེ་སྡོམ་ཚིག་ཅིག་བཀོད་དེ། ལྟ་བ་དེ་རེ་རེ་བཞིན་ར་སྤྲོད་བྱས་ན་འགྲིག་པར་སྙམ། དེར་མཐུད་ཚན་པ་ཆུང་ངུ་ཞིག་འབྲི་སྐབས་ཀྱང་། སྔོན་ལ་རང་ཉིད་ཀྱི་ལྟ་བ་རྡོག་རྡོག་ཅིག་བཤད། དེ་ནས་རིམ་བཞིན་ལྟ་བ་དེ་དེ་ལྟར་ཡིན་པའི་རྒྱུ་མཚན་ནི་ལུང་དང་རིག་པ་གཉིས་ནས་ར་སྤྲོད་བྱས་ཏེ་བྲིས་ན་འགྲིག་པར་སྙམ། མཉམ་འཇོག་བྱ་དགོས་པ་ཞིག་ནི་ར་སྤྲོད་བྱ་ཐུབ་པའི་ལྟ་བ་ཞིག་འདོན་དགོས་པ་ལས་རྒྱུ་མཚན་མེད་པའི་སྐད་ཆ་སྟོང་བས་ཁྱབ་ན་མི་འགྲིག་གོ །
དེ་བཞིན་རིམ་པ་ལྟར་ཚན་པ་རེ་རེ་བཞིན་བསྒྲུབས་ཚར་བར་བྱས་ནས་མཇུག་མཐར་རང་གིས་མཇུག་བྱང་གི་ཚུལ་གྱིས་གོང་གི་རྩོམ་ལ་སྡོམ་ཚིག་ཅིག་བཀོལ་ནས་འབྲི་ཐུབ་པ་ཡིན་ན་རྩོམ་དེ་བདེ་བླག་ངང་ཡོངས་སུ་མཇུག་རྫོགས་པའོ། །
ལྔ་བ། སྒྱུ་རྩལ་རྩོམ་ཡིག་གི་འབྲི་སྟངས།
སྤྱིར་འཛམ་བུ་གླིང་གི་ཆ་ནས་བལྟས་ན། རྩོམ་པ་པོ་ཞིག་ཡིན་ན་ལོ་ཉི་ཤུ་ཡས་མས་ཀྱི་དུས་འདི་ནི་སྙན་ངག་པ་གྲགས་ཅན་གྱི་སྙན་ངག་ཆེས་ཡོང་བའི་དུས་ཤིག་ཡིན་པར་འདོད། སྒྲུང་གཏམ་པ་ཞིག་ཡིན་ན། ཕལ་ཆེར་ལོ་བཞི་བཅུ་ནས་བཞི་བཅུ་ཞེ་ལྔའི་བར་འདི་ནི་སྒྲུང་གཏམ་ཆེས་ལེགས་ཤོས་བརྩམས་པའི་དུས་ཡིན་ཟེར། དེའི་ཕྱིར། སློབ་གྲྭ་ཆེ་འབྲིང་སློབ་མའི་ལང་ཚོ་དར་ལ་བབས་པའི་སྐབས་འདིར་སྙན་ངག་འབྲི་སྦྱངས་བྱས་ན་དུས་བཟང་ཤོས་ཡིན། ད་རུང་སྙན་ངག་གི་སྐད་ཆ་འདི་ཚིག་བསྡུ་ཆེ་དགོས་པས་སྐད་ཆ་སྦྱོང་བའི་གོ་སྐབས་ཀྱང་ལེགས་དུས་རེད།
སྒྲུང་གཏམ་དང་སྙན་ངག་གང་ཞིག་ཡིན་ན་ཆོག་སྟེ། གང་ལྟར་ཀྱང་སྒྱུ་རྩལ་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་ན། འབྲི་སྟངས་ཀྱི་སྟེང་ནས་སྒྲུང་གཏམ་དང་སྙན་ངག་རེད། རང་གི་འབྲི་ན་འདོད་པའི་བརྗོད་བྱ་དང་བསམ་བློ་སོགས་སྐད་ཆའི་རྣམ་པས་མཚོན་ན་བཟང་། ཡང་ན་སྐད་ཆའི་ཐབས་ལ་བརྟེན་ནས་སྣང་བརྙན་གྱི་སྟེང་ནས་གོ་བ་ལོན་པར་འབད་ན་བཟང་སྙམ། སྤྱིར་བཏང་གི་རྩོམ་ལུས་མ་འདྲ་ན་རང་སྟེང་གི་ཁྱད་ཆོས་ཤིག་ཡོད་པ་ང་ཚོས་རྟོགས་དགོས་ཏེ།
(1) སྙན་ངག་ནི་གཙོ་བོ་ཚོར་བ་འབྲི་རྒྱུ་དེ་ཡིན། འཚོ་བའི་ཁྲོད་ཀྱི་མི་གསོན་པོའི་བདེ་སྡུག་གི་འཚོ་བ་དང་། དགའ་སྐྱོ་ཆགས་སྡང་གི་ནང་བསམ་པའི་འགྱུར་བ་མངོན་པར་མཚོན་པའི་ཚོར་བ་དེ་གཙོ་བོ་འབྲི་བ་དང་ཚོར་བ་ཁྱད་པར་ཅན་འཛིན་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེའི་ཕྱིར་སྣང་བརྙན་དེ་ཡོད་ན་ཆོག་ལ་མེད་ནའང་ཆོག རང་གིས་ཚོར་བ་ཁྱད་པར་ཅན་ཞིག་བྲིས་པ་དེ་གཞན་པས་ཀྱང་དེ་ལས་འཚོ་བའི་ཁོར་ཡུག་ཅིག་གི་ཚོར་བ་ཞིག་རྙེད་རྒྱུ་ནི་གལ་ཆེའོ། །
(2) ལྷུག་རྩོམ་ཡིན་ན། གཙོ་བོར་ལྟ་བ་དང་ངེས་ཟིན་ཞིག་བཤད་གིན་ཡོད་ལ། ལྟ་བ་དང་ངེས་ཟིན་གྱིས་དོན་དག་མང་བོ་ཞིག་དེ་ལྟ་ཡིན་པའི་རྒྱུ་མཚན་ར་སྤྲོད་བྱས་ཏེ་བྲིས་པ་ན་ལྷུག་རྩོམ་གྱི་རྣམ་པ་ཡིན། ལྷུག་རྩོམ་ནང་ན་དོན་དག་མང་བོ་ཞིག་བྲིས་ཡོད། ཡིན་ཡང་འབྲེལ་བ་མེད་པའང་མང་པོ་བྲིས་ཡོད། འབྲེལ་བ་མེད་པ་དེ་འབྲི་དགོས་པས་རྒྱུ་མཚན་རང་གི་བསམ་ཚུལ་དང་གླེང་ཕྱོགས་ཀྱི་སྟེང་ནས་དེ་དག་བྲིས་པ་ཡིན། སྤྱིར་ལྷུག་རྩོམ་ནི་གླེང་མོལ་རྩོམ་ཡིག་དང་འདྲ། ལྷུག་རྩོམ་ཡིན་ན་རྩོམ་རིག་གི་རྣམ་པའི་གླེང་མོལ་རྩོམ་ཡིག་ཅིག་ལ་བཀོལ་ན་ཆོག རང་གི་ལྟ་བ་དང་དགའ་སྐྱོ་ཆགས་སྡང་སོགས་དགའ་བའི་རྒྱུ་མཚན་ག་འདྲ་ཡིན་པ། དེའི་རྒྱུ་མཚན་སོགས་དོན་དག་མང་བོ་ལ་བརྟེན་ནས་བྱུང་བ་ར་སྤྲོད་བྱས་ཏེ་རབ་དང་རིམ་པར་བརྒྱུད་དེ་འབྲི་ཆོག་པས་རེད།
(3) སྒྲུང་གཏམ་ཡིན་ན། སྤྱིར་བཏང་གི་གཏམ་རྒྱུད་ཅན་གྱི་སྒྲུང་གཏམ་དང་གཏམ་རྒྱུད་མེད་པའི་སྒྲུང་གཏམ་རིགས་གཉིས་ཡོད། གཏམ་རྒྱུད་ཅན་གྱི་སྒྲུང་གཏམ་ཡིན་ན་མི་དེ་སྲོག་ཤིང་དུ་འཛིན་དགོས་པ་རེད། རྩོམ་པ་པོ་ཐད་ཀར་ནང་དུ་ཞུགས་མི་ཆོག་ལ། རྩོམ་པ་པོ་མ་ཞུགས་པར་མི་རང་རང་གི་ལས་དབང་དེ་གོ་རིམ་ལྟར་འབྲི་དགོས། གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ཀྱི་ཁྱད་པར་ཤེས་པ་ན་སྒྲུང་གཏམ་དེ་འབྲི་བདེ་བོ་ཡོང་ཐུབ།
(4) གཏམ་རྒྱུད་ཡིན་ན་དོན་དག་ཅིག་ངོ་སྤྲོད་བྱ་རྒྱུ་དེ་རེད། དོན་དག་དེ་ངོ་སྤྲོད་བྱེད་ཆེད་མི་སྣ་དེ་ལག་ཆ་བྱས་ཏེ་འདི་དང་འབྲེལ་བ་ཡོད་པའི་དོན་དག་ཆ་ཚང་ཞིག་བཤད་པ་དེ་རེད། གཏམ་རྒྱུད་ཀྱི་སྲོག་ཤིང་ནི་དོན་དག་ཡིན་ལ་མི་སྣ་དེ་ལག་ཆ་བྱས་ཏེ་བཤད་པ་ཞིག་ཡིན། སྒྲུང་གཏམ་ཡིན་ན། སྲོག་ཤིང་ནི་མི་སྣ་ཡིན་ལ་དོན་དག་དེ་ལག་ཆ་རེད། ལག་ཆ་དེ་ལ་བརྟེན་ནས་མིས་བྱ་བ་སྤྱོད་པ་དང་བསམ་བློ། ལས་དབང་སོགས་མཚོན་པར་བྱས་ནས་བཤད་པ་ཡིན། དེའི་ཕྱིར་མི་ཞིག་སྲོག་ཤིང་བྱས་ནས་བྲིས་ཡོད་པ་དེ་སྒྲུང་གཏམ་དང་། དོན་དག་དེ་སྲོག་ཤིང་བྱས་ཏེ་བྲིས་ཡོད་པ་ནི་གཏམ་རྒྱུད་རེད། དེ་ལས་གཞན། སྤྱིར་བཏང་གི་གཏམ་རྒྱུད་ཡིན་ན་གོ་རིམ་བཞིན་དུས་ཚོད་ཀྱི་བྱུང་རིམ་ལྟར་དོན་དག་དེ་ངོ་སྤྲོད་བྱས་ན་ཆོག་པ་ཞིག་ཡིན། སྒྲུང་གཏམ་ཡིན་ན། དུས་ཚོད་ཀྱི་ཆ་ནས་གཏོར་རྒྱུ་སྣ་ཚོགས་ཞིག་ཡོད་ན་དོར་ན་ཆོག་པ་རེད། དེ་ནས། སྒྲུང་གཏམ་ཁྲོད་ན་ཡོད་པའི་ཁོར་ཡུག་དང་གཏམ་རྒྱུད་ཁྲོད་ན་ཡོད་པའི་ཁོར་ཡུག་ནི་མི་འདྲ་ལ། གཏམ་རྒྱུད་ཁྲོད་ཀྱི་ཁོར་ཡུག་ལ་ཕལ་ཆེར་རྣམ་པ་མེད་ལ་སྒྲུང་གཏམ་ཁྲོད་ཀྱི་ཁོར་ཡུག་ལ་རྣམ་པ་ཡོད་ལ་རྣམ་པ་ཞིབ་འབྲི་བྱེད་ཀྱིན་ཡོད་པ། གཏམ་རྒྱུད་ཁྲོད་ནས་རི་མཐོན་པོའི་ཁར་ཐོན་པ་ལྟ་བུ་དང་ཆུ་ཆེན་པོའི་ཁར་ཐོན་པ་ཡིན་ཟེར་བ་ལྟ་བུ་དང་། སྒྲུང་གཏམ་ཁྲོད་ནས་རི་མཐོན་པོ་མཐོ་བའི་རྣམ་པ་དང་ཆུ་ཆེན་པོ་ཆེ་བའི་རྣམ་པ་ཞིབ་འབྲི་བྱེད་ཀྱིན་ཡོད། གཏམ་རྒྱུད་ཡིན་ན་དོན་དག་གི་གོ་རིམ་དེ་རིམ་བཞིན་བྲིས་ཡོད་ལ་སྒྲུང་གཏམ་དུ་དོན་དག་དེ་བཤད་མི་དགོས་པར་ཀློག་པ་པོས་དོན་གོ་དགོས་པ་ཡིན། མི་སྣ་ཕལ་བའི་གོ་རིམ་སྟེ་སྟོང་ཆ་མང་པོ་བཞག་སྟེ་བྲིས་ཡོད་པའང་གལ་ཆེ། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་ཡིན་ན། ལྷག་པར་དུ་སྒྲུང་ཐུང་ལྟ་བུ་སྟེ་ཀློག་པ་པོའི་དོན་དག་གང་ཞིག་ཕྱོགས་གང་ཞིག་ལ་བསམ་བློ་བཏང་བྱེད་ཀྱི་ལྡེ་མིག་ལྟ་བུ་མ་གཏོགས་བྱིན་མེད་པ། ཀློག་པ་པོའི་ལྟ་ཀློག་གི་གོ་རིམ་ཁྲོད་ནས་ལྡེ་མིག་དེས་བརྗོད་བྱའི་ཟྭ་དེ་ཕྱེ་བ་ན་དེའི་རྒྱབ་ལྗོངས་ན་བརྗོད་མེད་པའི་སྟོང་ཆ་ཡོད་པས་ཀློག་པ་པོའི་ལྟ་ཀློག་གི་ཁྲོད་ནས་གསར་རྩོམ་བྱེད་དགོས་པའི་དོན་མང་བོ་ཞིག་བཞག་ཡོད་པ་དེའང་ཁྱད་ཆོས་ཤིག་རེད།
མདོར་ན། སྙན་ངག་ནས་ཚོར་བ་བརྗོད་པ། ལྷུག་རྩོམ་ནས་དགའ་སྤྲོ་ཆགས་སྡང་དང་གླེང་ཕྱོགས་བརྗོད་པ། གླེང་ཕྱོགས་དེ་རྒྱུན་ལྡན་ལྟར་དགའ་བ་དང་སྡུག་པ་མི་ཟེར་བར་དོན་དག་རབ་དང་རིམ་པ་ལ་བརྟེན་ནས་དགའ་དགོས་པ་དང་སྡུག་དགོས་པས་རྒྱུ་མཚན་སོགས་བརྗོད་དགོས། ལྟ་བ་དང་གླེང་ཕྱོགས་སྒྲུབ་བྱ་ཡིན་ལ་དོན་དག་སྣ་ཚོགས་དང་དངོས་པོ་སྣ་ཚོགས་ཡོད་པ་དེ་སྒྲུབ་རིམ་རེད། སྒྲུང་གཏམ་ལ་ཡིན་ན། རྩོམ་པ་པོ་རྩོམ་གྱི་ཕྱི་རོལ་ལ་བུད་དེ། དེ་ནས་མི་སྣ་ཞིག་གི་རྗེས་སུ་འབྲངས་ནས་མི་སྣ་དེ་འབྲེལ་བ་བྱས་ཏེ་དོན་དག་གང་བྱུང་བའི་གོ་རིམ་དང་དོན་དག་ཇི་ལྟར་སྒྲུབ་པའི་རིམ་པ་བྲིས་ན་ཆོག་པར་སྙམ།
དྲུག་པ། རྩོམ་རིག་ལ་མི་རིགས་ཀྱི་ཁྱད་ཆོས་ཐོན་དགོས་པ།
སྙན་ངག་འབྲི་སྐབས། དེང་སྐབས་ཀྱི་རང་མོས་སྙན་ངག་ནང་གི་རྒྱན་དང་ཚོར་བ་བསྐྱེད་བྱེད་ཀྱི་རྒྱུ། ཚོར་བ་ཡིན་ན་མི་རིགས་རང་གི་གོམས་སྲོལ་དང་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས། མི་རིགས་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དང་ཁ་གྱེས་བཞིན་ཡོད་པར་སྙམ། ཕྱི་རྒྱལ་གྱི་རྩོམ་ལ་ལད་མོ་དང་རྒྱའི་རྩོམ་ལ་ལད་མོ་བྱས་ཡོད་པ་དེ་འདྲ་ཡིན་ན། མི་རིགས་རང་གི་རིག་གནས་དང་མི་རིགས་རང་གི་གོམས་གཤིས་ཀྱི་ཚོར་བ་དེ་བསྐྱེད་མི་ཐུབ་བོ། །
སྙན་ངག་མེ་ལོང་མའི་རྗེས་སུ་འབྲངས་ན། མི་རིགས་ལ་རྩོམ་རིག་གི་མཛེས་དཔྱོད་ཀྱི་ལྟ་བ་དང་མི་རིགས་རང་ལ་མཛེས་དཔྱོད་ཀྱི་ལྟ་བ་བཅས་གཉིས་བྱུང་བ་ཡིན། དཔེར་ན། སྐྱེས་མ་རྐེད་པ་ཤིན་ཏུ་ཕྲ་བ་དེ་རྒྱ་གར་གྱི་མཛེས་དཔྱོད་ལྟ་བ་རེད། ང་ཚོས་ཀྱང་སྐེད་པ་ཕྲ་བ་དེ་འབྲི་ཀྱིན་ཡོད་པ་རེད། ཡིན་ཡང་། སྐེད་པ་ཡོད་དང་མེད་འཕྱང་མོ་ཉུག་ཞེས་འབྲི་བ་དེ་བོད་རང་གི་མཛེས་དཔྱོད་ཀྱི་ལྟ་བ་ཡིན་ནམ། སྐེད་པ་ཕྲ་བ་དེ་མཛེས་པ་ཞིག་མིན་པར་དེ་གྲོག་མ་ཞིག་གི་རྣམ་པར་གྱུར་ཡོད་ཟེར་བ་ཡིན། འདི་ལྟ་བུ་ནི་སྙན་ངག་མེ་ལོང་བརྒྱུད་ནས་འདི་ལྟ་བུའི་མཛེས་དཔྱོད་ཀྱི་ལྟ་བའི་སྐྱོན་བྱུང་བ་དག་སྤངས་དགོས་པའི་གནས་ཡིན་པར་འདོད། ཡང་སྙན་ངག་པ་ལ་ལས་སྔོན་རྒྱ་གར་གྱི་མེ་ལོང་མ་ལུགས་ཀྱི་སྙན་ངག་རྩོམ་སྟངས་སྤངས་པ་དང་། དེ་ནས་རྒྱ་དང་ཕྱི་རྒྱལ་གྱི་རྩོམ་རིག་ལ་སློབ་སྦྱོང་བྱས་ཏེ་དེའི་རྒྱན་བཀོལ་སྟངས་སྣ་ཚོགས་ནང་འདྲེན་བྱས་ན་ཕལ་ཆེར་བོད་རང་གི་མི་རིགས་ཀྱི་འཚོ་བ་དང་མི་རིགས་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དང་རིང་དུ་གྱེས་པ་ཞིག་རེད། དེ་ལས་བོད་པ་རང་གི་འཚོ་བ་དང་བོད་པ་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དེ་གཞིར་བཟུང་ན་ལེགས་པར་སྙམ།
སྤྱིར་བཏང་དེང་སང་ཐ་སྙད་མང་པོ་ནང་འདྲེན་ཀྱིན་ཡོད་ལ། གཞུང་ལུགས་མང་པོ་འདྲེན་ཀྱིན་ཡོད་པ་རེད། ཡིན་ཡང་། དེར་གནད་དོན་འབྱུང་བཞིན་པ་ནི་ཕྱི་རྒྱལ་གྱི་གཞུང་ལུགས་དང་རྒྱའི་གཞུང་ལུགས་དེའི་ཆོས་ལུགས་དད་མོས་བྱེད་སྟངས་དང་ཐོན་སྐྱེད་བྱེད་སྟངས། ཡུལ་སྲོལ་གོམས་གཤིས་ཡོད་པ་དེའི་ལྟར་རྩོམ་དུ་བྲིས་ཡོད་པ་དེར་མཉམ་མྱོང་ཕྱོགས་སྡོམ་བྱས་ནས་གཞུང་ལུགས་ཤིག་ཏུ་འབྱུང་བ་ཡིན་པས་དེ་ཐམས་ཅད་བོད་ལ་མི་འཚམ། དཔེར་ན། ང་ཚོས་རྩམ་པ་འཐག་ན། བོད་ཀྱི་རྩམ་པ་དེ་ལག་བསྐོར་གྱིས་འཐག་ན་བྲོ་བ་ཞིམ་པ་དང་དེའི་ཡོས་རྩམ་གྱི་ནུས་པ་ཐོན་ཡོད་པ་དང་ཡོས་དེ་རྒྱའི་འཕྲུལ་ཆས་སུ་འཐག་ན་བྲོ་བ་འགྱུར་ཏེ་མི་ཞིམ་པ་ལྟ་བུ་རེད། དེ་བས། རྩོམ་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད། མི་རིགས་ཀྱི་ཁྱད་ཆོས་ཟེར་བ་དེ་དཔེར་ན་ང་ཚོས་ལྭ་བ་ཞིག་ལ་མཚོན་ན། རྐང་བ་ཕྱིར་འབུད་ས་དང་གོམ་པ་སྤོ་ཐུབ་ས། མགོ་འབུད་ས་དང་ལག་པ་ཕྱི་ལ་བསྲིངས་པ་འདི་ལྟ་བུའི་ལྭ་བ་གོན་སྟངས་ནི་འཛམ་གླིང་གི་སྤྱིའི་ཁྱད་ཆོས་ཡིན་མོད། མི་རིགས་རང་རང་གི་ཁོར་ཡུག་གི་གནམ་གཤིས་མི་འདྲ་བའི་དབང་གིས་གོན་པའི་ཁྱད་ཆོས་ཀྱང་མི་འདྲ་ལ། ཁྱད་ཆོས་མི་འདྲ་བ་དེའི་རིགས་དེ་མི་རིགས་གང་དེའི་ཁྱས་ཆོས་རེད། བོད་རིགས་ལ་མཚོན་ནའང་བོད་ལྭའི་ཕུ་རུང་རིང་བོ་ཅན་སོགས་གོན་སྟངས་མི་འདྲ་བ་དེ་མི་རིགས་ཀྱི་ཁྱད་ཆོས་རེད། མི་རིགས་ཤིག་གི་རྩོམ་རིག་གི་གཞུང་ལུགས་དེར་ཡིན་ན་རྒྱའི་ལྭ་བ་དང་ནུབ་ཕྱོགས་ཀྱི་ལྭ་བ་བཟོ་བྱེད་ཀྱི་གཞུང་ལུགས་དེ་བཞིན་དེའི་གཞུང་ལུགས་དེ་ཁྱེར་ཡོང་ནས་བོད་ལྭ་སློག་པ་ལྟ་བུ་བཟོས་ན་ནུབ་ལྭའི་ཀོ་ལྭ་ལྟ་བུར་འགྱུར་འགྲོ་བ་རེད། དེ་ནི་ང་ཚོའི་སྐྱོན་ཆེན་པོ་ཞིག་རེད།
བདུན་པ། སྙན་ངག་གི་ཡུལ་བརྙན་འཛིན་སྟངས།
སྙན་ངག་གི་ཡུལ་བརྙན་ཟེར་བ་དེ་སྙན་ངག་ལ་ཡོད་ལ་རྩོམ་ལུས་གཞན་པ་ལའང་ཡོད། ཡུལ་བརྙན་ཟེར་བ་དེ་སྤྱིར་བཏང་གིས་རྩོམ་ཞིག་ལ་ལྟ་དགོས་པའི་སྐབས་སུ་ཁྱོའི་སེམས་སུ་གཟུགས་བརྙན་དང་རྣམ་པ་འཆར་བ་དེ་ཡིན། དེ་ནི་རྒྱན་སྦྱར་སྟངས་དང་མི་འདྲ། རྒྱན་དེ་ནི་སྙན་ངག་ཡོང་བྱེད་ཀྱི་ཐབས་ཤིག་ཡིན་པ་ལས་ཡུལ་བརྙན་མ་རེད། སྐད་ཆ་གཙོའམ་དོན་གཙོ་ཟེར་བ་དེ་དོན་གཙོ་བོ་ཡིན། རྩོམ་འབྲི་རྒྱུ་དེ་ཚིག་ཅིག་བཤད་པའི་དོན་མིན་པར་དོན་ཞིག་སྟོན་པའི་ཆེད་དུ་རེད། དེའི་ཕྱིར། དོན་སྟོན་པ་ནི་གཙོ་བོ་ཡིན། དོན་སྟོན་སྐབས་སྐད་ཆའི་རྩལ་གང་བཀོལ་ནས་སྟོན་པ་དེ་རྩོམ་པ་པོའི་ནུས་པ་རེད། སྐད་ཆ་དེ་ལག་ཆ་བྱས་ནས་དོན་བསྟན་ཏེ་གཞན་གྱི་ཡིད་འཕྲོག་པ་དང་གཞན་ལ་བློ་སྐྱེད་འབྱུང་བ་སོགས་སྟོན་པ་ནི་དམིགས་ཡུལ་ཡིན། རྩོམ་འབྲི་སྐབས་སྐད་ཆ་ཉུང་ཉུང་བཤད་རྒྱུ་དང་དོན་ཆེན་པོ་སྟོན་རྒྱུ་དེ་འབད་པ་བྱེད་དགོས་པའི་གནས་སོ། །