ཞིང་བའི་ཡོང་འབབ་ཇེ་ལེགས་སུ་གྱུར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-12



        ས་ཆ་མཐའ་འཁོབ་ཀྱི་སྲོལ་རྒྱུན་འདེབས་འཛུགས་ལས་རིགས་ཀྱི་དཔལ་འབྱོར་ཁེ་འབབ་དམའ་པ་དང་། འཕེལ་རྒྱས་ཐབས་ལམ་སྣ་རྐྱང་ཡིན་པའི་གནད་དོན་ཐག་གཅོད་པའི་ཆེད་དུ། ཉེ་བའི་ལོ་ཤས་ཀྱི་རིང་ལ། མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གིས་རང་འགུལ་སྒོས་ཚན་རིག་ཞིབ་བརྩད་གནང་བ་དང་། སྐྱེ་ཁམས་དང་། ལྗང་མདོག འཕེལ་རྒྱས་བཅས་ཀྱི་ལམ་ཕྱོགས་དང་དམ་པོར་སྦྲེལ་བ་བརྒྱུད། ཕན་ནུས་ལྡན་པའི་སྒོ་ནས་ས་ཞིང་འཁོར་རྒྱུགས་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་པར་མ་ཟད། ཧུར་ཐག་གིས་དེང་རབས་ཞིང་ལས་ཐོན་ལས་སྤྱི་གཉེར་ཁང་གི་འཕེལ་རྒྱས་གཞི་ཁྱོན་ཅན་དང་། རྟེན་གཞི་ཅན་གྱི་ཁྱད་ལྡན་ཞིང་བའི་ཐོན་རྫས་ནང་འདྲེན་བྱས་ནས། ནུས་ཆོད་ལྡན་པའི་སྒོ་ནས་ས་ཞིང་འདེབས་འཛུགས་ཁེ་འབབ་མཐོར་འདེགས་བྱུང་བ་དང་། ཞིང་ལས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་གི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། 
        མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོ་ནི་ཞིང་ལས་གཙོ་བོར་གཉེར་བའི་ཡུལ་ཚོ་ཞིག་ཡིན་ལ། སྡེ་མིའི་ཞིང་ས་མང་ཆེ་ཤས་རི་གཤམ་དུ་ཡོད་པ་དང་། ལོ་མང་པོའི་རིང་མཐོ་སྒང་སྲོལ་རྒྱུན་གྱི་ལོ་ཏོག་འདེབས་འཛུགས་གཙོ་བོར་གཉེར་བཞིན་ཡོད་པས། མུའུ་རེའི་ཐོན་ཚད་སྒོར་བཞི་བརྒྱ་ཡས་མས་ཡིན། དཔལ་འབྱོར་གྱི་ཁེ་འབབ་དམའ་བས མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐབས་མེད། དབུལ་ཐར་འགག་སྒྲོལ་གྱི་སྣེ་ཁྲིད་པ་ཡིན་པའི་ཆ་ནས། གདོང་སྣེ་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་སེམས་འཚུབ་པར་གྱུར་འདུག ས་གནས་དཔལ་འབྱོར་དར་སྤེལ་གཏོང་བའི་ཆེད་དུ། ཏང་ཨུ་སྲིད་གཞུང་གིས་ས་ཞིང་ལ་བརྟེན་རྒྱུ་ཐག་བཅད། ཐོག་མའི་དུས་རིམ་གྱི་དཔྱད་ཞིབ་འདྲི་བརྩད་བརྒྱུད། 2017ལོར་། ཏང་ཨུ་སྲིད་གཞུང་གིས་གོང་འབབ་མ་སྡེ་བ་ཚོད་ལྟའི་ས་ཚིགས་སུ་བྱས་ཤིང་། ས་ཞིང་འཁོར་རྒྱུགས་ལ་བརྟེན་ནས་སྔ་རྗེས་སུ་ཕྲུམ་ལི་དམར་པོ་མུའུ་150འདེབས་འཛུགས་བྱས་ཡོད་ལ། འདེབས་འཛུགས་ཚོད་ལྟ་བྱས་པའི་གནས་ཚུལ་ཉམས་དགའ་བ་ཞིག་ཡིན་པས། སིལ་ཏོག་སྨིན་རྗེས་ཀྱི་དཔལ་འབྱོར་ཡོང་འབབ་ཡག་པོ་ཡོང་རྒྱུ་ཡིན་པར་སྔོན་དཔག་བྱེད་བཞིན་འདུག ད་ལོར། གདོང་སྣེ་ཡུལ་ཚོས་འདེབས་འཛུགས་ས་མུའུ་250ལ་རྒྱ་བསྐྱེད་ནས། མིག་མདུན་གྱི་རི་བོ་འདི་ཉིད་ཕྲུམ་ལི་དམར་པོའི་སིལ་སྡོང་གིས་ཁེབས་པར་བྱས་འདུག
        མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅུ་ལན་ཀང་གིས་བཤད་རྒྱུར། ངེད་ཡུལ་ཚོས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་གི་ནུས་ཚད་ལ་ཤུགས་ཆེན་པོ་བརྒྱབ་ཅིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ཧ་ཅང་གལ་ཆེ་བ་ཞིག་ཏུ་བརྩིས་ནས། རབས་གཅིག་རྒྱ་བསྐྱེད་པ་དང། རབས་གཅིག་ནང་འདྲེན་བྱེད་པ། རབས་གཅིག་གསར་འཛུགས་བྱེད་པ་བཅས་ཀྱི་ལམ་ཕྱོགས་ལྟར། གོམ་གང་མདུན་སྤོས་ཀྱིས་བསམ་བློའི་ལྟ་བ་བསྒྱུར་བཅོས་གཏོང་བ་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱས་པ་དང་། ན་ནིང་ས་མུའུ་150ལ་སིལ་དམར་འདེབས་འཛུགས་བྱས་པའི་རྨང་གཞིའི་ཐོག ད་ལོར་ས་ཞིང་སྙོམས་སྒྲིག་དང་། ས་ཞིང་བོགས་གཏོང་། ས་ཞིང་ལེགས་བསྒྱུར། སྡོང་ཕྲུག་འཛུགས་པ། ཡུར་ཆུ་འདྲེན་པ་སོགས་བརྒྱུད་ནས་སིལ་དམར་ར་བ་འཛུགས་བསྐྲུན་ལག་བསྟར་བྱས་ནས། ཁྱོན་བསྡོམས་སྡོང་ཕྲུག་28160འདེབས་འཛུགས་བྱས་ཡོད་ཟེར།
        རྒྱུས་ལོན་པ་ལྟར་ན། ད་ལོར་མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོས་སིལ་དམར་ར་བ་ས་མུའུ་200རྒྱ་བསྐྱེད་འདེབས་འཛུགས་བྱས་ཡོད་པ་དང་། ལོ་གཉིས་རྗེས་ཀྱི་སིལ་སྡོང་གཅིག་གི་ཐོན་འབབ་དེ་རྒྱ་མ་ལྔ་བཅུ་ཡས་མས་དང་། མུའུ་རེའི་ཐོན་འབབ་སྒོར་ཁྲི་གཉིས་ལྷག་ཡིན་པར་སྔོན་རྩིས་བྱེད་བཞིན་འདུག སྤྱི་གཉེར་ཁང་དང་ཞིང་ཁྱིམ་མཉམ་བསྡེབས་ཀྱི་འདེབས་འཛུགས་རྣམ་པས། ཞིང་བའི་འདེབས་འཛུགས་ཉེན་ཁ་སེལ་བར་མ་ཟད་ད་དུང་ས་གནས་མང་ཚོགས་ལ་ལས་ཞུགས་སྟེགས་བུ་འདོན་སྤྲོད་བྱས་ཡོད་པ་དང་། ས་གནས་ཁྱད་ལྡན་ཞིང་བའི་ཐོན་་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། ཞིང་བའི་ཡོང་འབབ་འཕར་སྣོན་ལ་ཤུགས་སྣོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1