སོས་དལ་གནས་ཚེ་རྫུན་ཉིད་ཐན་དུ་བལྟས། །
གལ་ལ་ཐུག་དུས་རྫུན་ལ་རེ་ལྟོས་བྱས། །
བྱ་བ་གང་ལའང་མེད་དུ་མི་རུང་བའི། །
རྫུན་མཆོག་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
རྫུན་ནི་ཀུན་ལ་གནོད་པའི་འདྲེ་ཡིན་གྱི། །
རྫུན་ནི་ཀུན་ལ་ཕན་པའི་ལྷ་ཡང་ཡིན། །
རྫུན་པ་གྲངས་ལས་འདས་པས་ཁྱོད་བསྟེན་ན། །
རྫུན་མཆོག་མཐུ་ལྡན་ཁྱོད་ཀྱིས་འཕྲིན་ལས་བསྒྲུབས། །
རྫུན་གྱི་ཚིག་ཅེས་ངན་པར་སྨད་པ་དང་། །
ཐབས་མཁས་གསུངས་ཞེས་བཟང་པོར་བསྒྲགས་པ་གཉིས། །
བཤད་མཁན་མི་ལ་མཐོ་དམན་མ་གཏོགས་པ། །
ཞིབ་པར་དཔྱད་ན་གཉིས་ཀ་རྫུན་དུ་གྲུབ། །
གལ་ཏེ་རྫུན་གྱི་ཐབས་ལ་མཁས་པ་ན། །
སྲིད་འདིར་འདོད་དོན་གང་ཡོད་ཐོབ་གྱུར་ཅིང་། །
རྫུན་གྱི་ཐབས་འཕྲུལ་དག་ལ་མི་མཁས་ན། །
འཇིག་རྟེན་ཀུན་གྱིས་སྨད་པའི་གནས་སུ་འཛིན། །
བོང་ང་ཕན་པའི་སྨན་དང་གནོད་པའི་དུག །
སྨན་པ་མཁས་པའི་སྡེབ་སྦྱོར་ཉིད་ལ་རག །
རྫུན་གཏམ་ཕན་པའི་གྲོགས་དང་གནོད་པའི་དགྲ། །
རྫུན་པ་མཁས་པའི་ལག་ལེན་ཉིད་ལ་རག །
བདག་གིས་རྫུན་ལ་བསྔགས་བརྗོད་བྱེད་ཙ་ན། །
བདེན་པར་རློམ་རྣམས་ཐུགས་དགོངས་ཁྲེལ་བའང་སྲིད། །
འོན་ཏེ་ཁོང་ཡང་གལ་ལ་ཐུག་གྱུར་ན། །
རྫུན་ལ་རེ་ལྟོས་བྱེད་པ་གདོན་མི་ཟ། །
སྤྱིར་ན་རྫུན་ལ་དབྱེ་སྒོ་མང་ན་ཡང་། །
བཤད་མཁན་བཟང་ངན་དབང་གིས་རྣམ་པ་གསུམ། །
མཁས་པའི་རྫུན་དང་བླུན་པོའི་རྫུན་ཞེས་དང་། །
དེ་གཉིས་བར་ན་གནས་པའི་རྫུན་བཅས་སོ། །
མཁས་པའི་རྫུན་ནི་བརྟན་ཙམ་ཡོད་ན་ཡང་། །
རྫུན་དུ་ཤེས་དུས་མེད་པ་མ་ཡིན་ཏེ། །
མུ་སྟེགས་གཞུང་གི་སྣོད་བཅུད་བཟོས་ཚུལ་རྣམས། །
ད་ལྟར་རྫུན་དུ་ཤེས་པ་ཇི་བཞིན་ནོ། །
ཚངས་པ་བ་རྣམས་འཇིག་རྟེན་ཁམས་འདི་ནི། །
ཚངས་པས་ངེད་ཅག་དོན་དུ་སྤྲུལ་ཞེས་སྨྲ། །
བྱ་དང་རི་དྭགས་སྒོ་ཕྱུགས་ཉ་ལ་སོགས། །
མི་ཡི་ཟས་ཀྱི་ཆེད་དུ་སྤྲུལ་སྐད་དོ། །
མི་ཡང་ཤ་རྩི་དཀར་ནག་ཁྱད་པར་གྱིས། །
བྲམ་ཟེ་རྒྱལ་རྗེ་དམངས་རིགས་གོ་རིམ་བཞིན། །
ཚངས་པའི་ཁ་དང་ལག་གཉིས་རྐང་ལས་བྱུང་། །
ཐ་ཤལ་རིགས་བསྲེས་གདོལ་རིགས་ཡིན་ནོ་ཟེར། །
ད་དུང་གནའ་བོའི་རྫུན་པ་མཁས་ཆེན་གྱིས། །
གང་བཤད་རྫུན་གྱི་གྲངས་མཐའ་ཡས་ན་ཡང་། །
རེ་ཞིག་འདིས་ཀྱང་མཁས་པའི་རྫུན་གཏམ་གྱི། །
མཚོན་གཞི་ཙམ་དུ་རུང་ངམ་སྙམ་སྟེ་བཀོད། །
བླུན་པོའི་རྫུན་ནི་རྟོགས་པ་སླ་བར་ཟད། །
དེ་རིང་གང་བཤད་སང་ཉིན་རྫུན་དུ་མཐོང་། །
ངག་འཁྱལ་སྨྲ་ལ་བདག་བཟུང་དཀའ་བའི་ཕྱིར། །
བཤད་ཀྱིན་བཤད་ཀྱིན་རྫུན་རྐུབ་རང་གིས་ཕུད། །
འདི་ནི་ཤེས་པར་སླ་བས་མཚོན་གཞི་ཡང་། །
འགོད་པའི་ངལ་བ་ལྷག་པོ་མ་བགྱིས་ཤིང་། །
དགོས་པ་མེད་པར་རང་སྣང་གང་ཤར་གྱིས། །
རྫུན་གཏམ་ཐམས་ཅད་འདི་རུ་འདུ་བ་ལགས། །
བར་མའི་རྫུན་ནི་དེ་ཙམ་མི་བརྟན་ནའང་། །
རང་དོན་སྒྲུབ་ལ་དགོས་མཁོ་ཆེ་བ་ཉིད་། །
འདོད་དོན་སྒྲུབ་ཕྱིར་བླ་མ་དཔོན་པོའི་སར། །
ཁ་མཁས་ངོ་བསྟོད་བྱས་པའི་ལས་རྣམས་སོ། །
མཛེས་སྡུག་ལང་ཚོ་དར་བའི་བུད་མེད་འགས། །
མི་དཔོན་དྲུང་དུ་འཇོ་སྒེག་ཉམས་འགྱུར་དང་། །
ཁ་མཁས་ངོ་བསྟོད་ཤ་མར་མཆོད་པ་ཡིས། །
བུ་ཆུང་ལས་བྱེད་གྲལ་དུ་ཚུད་ཐབས་བྱས། །
འདིས་མཚོན་བར་མའི་རྫུན་ཞེས་བྱ་བ་ནི། །
ཆེ་ཕྲའི་འདོད་དོན་གང་ཞིག་བསྒྲུབ་པ་ལའང་། །
འཇིག་རྟེན་འདི་ན་མེད་དུ་མི་རུང་ཕྱིར། །
ཡིད་བཞིན་ནོར་བུ་དེ་དང་ཁྱད་པར་མེད། །
རྫུན་མཁས་རྣམས་ནི་བདེན་པའི་གྲལ་དུ་བཏེགས། །
རྫུན་མི་ཤེས་པ་རྫུན་པའི་གྲལ་དུ་ཕུད། །
འཇིག་རྟེན་རྫུན་ལ་རྟོག་དཔྱོད་མ་ཞུགས་པའི། །
བླུན་པོ་འདི་རྣམས་བཞད་གད་གནས་སུ་ཆེ། །
ད་དུང་རྫུན་འདི་ཞིབ་ཕྲ་བཤད་དགོས་ན། །
ཉིན་གྲངས་བརྒྱ་ལ་བཤད་ཀྱང་མི་ཚར་མོད། །
འོན་ཀྱང་རྫུན་ལ་མཉེས་མཁན་ཉུང་བའི་ཕྱིར། །
སྣག་ཤོག་གྲོན་པའི་རྒྱུ་ལས་མ་མཆིས་སྙམ། །
རྫུན་པའི་མི་རྣམས་རྫུན་པའི་ཡུལ་ལ་ཆགས། །
རྫུན་ཉོན་མོངས་ཀྱིས་རྫུན་པའི་འཁོར་བར་འཁྱམས། །
རྫུན་པའི་སྣོད་བཅུད་རྫུན་དུ་མ་རྟོགས་ན། །
རྫུན་བྲལ་འཐོབ་ཅེས་རྫུན་གྱི་ཚིག་ཁོ་ན། །
རྫུན་པའི་འཁོར་བར་འཁྱམས་པའི་སྐྱེས་འགྲོ་རྣམས། །
རྫུན་མིན་ཆོས་ཀྱི་གནས་ལུགས་ལེགས་རྟོགས་ཏེ། །
རྫུན་མིན་ས་ལམ་རིམ་པར་མཐར་ཕྱིན་ནས། །
རྫུན་བྲལ་སྐུ་བཞིའི་ས་ལ་སྙེགས་གྱུར་ཅིག །