སློབ་གྲོགས་ཚོ། བདག་གིས་ཁྱེད་ཅག་ལ་དགོངས་དག་ཞུ་འོས།

བཀྲ་བྷ།① རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


གླེང་གཞི།
        སློབ་གྲོགས་ཚོ། ང་རང་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་གྱུར་ཏེ་ལོ་ངོ་བཅུ་བདུན་འདས་སོང་ལ། དགེ་རྒན་གྱི་ལས་ལ་ཞུགས་ཏེ་ལོ་ངོ་དུ་མ་འགོར་རྗེས། ངས་ནམ་རྒྱུན་རྒྱུ་མཚན་དུ་མ་ཞིག་གི་དབང་གིས་ཁྱེད་ཅག་ལ་དགོངས་དག་ཞུ་འོས་སྙམ་བྱུང་། ཀྱེ་ཀྱེ་སློབ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་གིས་དགེ་རྒན་གྱིས་སློབ་མ་རྣམས་ལ་དགོངས་དག་ཞུ་དོན་རྟོགས་སམ། འོ་རེད་ལགས། གལ་སྲིད་ཁྱེད་ཅག་གིས་སློབ་གྲྭ་ཆེན་མོས་སློབ་མ་སྐྱོང་ལུགས་ཐད་ཀྱི་ཉེས་དམིགས་རྟོགས་ཡོད་ན། བདག་གིས་དགོངས་དག་ཞུ་དོན་ཏུར་རེར་རྟོགས་སྲིད།
གཅིག ལས་འགན་དང་སྒུལ་ཤུགས།
        སློབ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་ནི་སློབ་འབྲིང་གང་ཞིག་གི་སློབ་མ་ཡིན་སྐབས། སློབ་གྲྭ་ཆེན་མོ་ནི་རིག་པའི་ཞིང་ཁམས་ཉམས་དགའ་བ་ཞིག་ཡིན་པ་དང་། དེ་གར་བཞུགས་སུ་གསོལ་བའི་དགེ་རྒན་ལྷན་རྒྱས་ནི་ཤེས་བྱའི་མཛོད་དུ་གྱུར་པ། ག་དུས་མཁོ་ན་དེ་དུས་བཀའ་དྲིན་སྩོལ་སྲིད་པའི་གང་ཟག་རླབས་ཆེན་འབའ་ཞིག་ཡིན་པར་སྙམ་ཡོད་ངེས་མོད། འོན་ཏེ་སློབ་གྲྭ་ཆེན་མོར་ཞུགས་རྗེས། དགེ་རྒན་ཕལ་མོ་ཆེ་ནི་སློབ་ཁྲིད་ཀྱི་སྐབས་ལས་མི་མཐོང་བ་དང་། དོགས་གཞི་ཞིག་དང་འཕྲད་དེ་དགེ་རྒན་འཚོལ་སྐབས། དགེ་རྒན་མང་པོ་ནི་གནས་གང་ཞིག་ན་བཞུགས་སུ་གསོལ་བ་གཏན་ནས་མི་ཤེས། སྣང་ཚུལ་འདི་ཉིད་དང་འཕྲད་སྐབས། ཁྱེད་ཅག་གིས་སློབ་ཆུང་གི་དགེ་རྒན་དྲན་སྲིད། སློབ་འབྲིང་གི་དགེ་རྒན་དྲན་སྲིད། ནམ་རྒྱུན་སློབ་མ་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་བསླབ་ལ་སྐུལ་བ་དང་དོགས་གཞི་སེལ་བཞིན་ཡོད་པའི་དགེ་རྒན་དམ་པ་དེ་དག་དྲན་སྲིད། ཀ་ཡེ་སློབ་གྲོགས་ལྷན་རྒྱས་ལགས། བདག་ནི་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པ་དང་། བདག་གི་སྤྱོད་ལམ་ཡང་སློབ་ཆེན་གྱི་དགེ་རྒན་ཕལ་མོ་ཆེའི་རྗེས་སུ་འགྲོ་བས། སློབ་གསོའི་སྣང་ཚུལ་འདི་ཉིད་གོམས་སྲོལ་ཞིག་ཏུ་གྱུར་འདུག་པའི་སྐབས་སུ། འུ་ཐུག་སྟེ་བདག་གི་སློབ་མར་གྱུར་པའི་སློབ་གྲོགས་རྣམས་ལ་དགོངས་དག་ཞུ་བ་དང། སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་རྣམས་ལ་གུས་འདུད་ཞུས་པ་ཡིན།
        བརྩེ་ལྡན་གྱི་སློབ་གྲོགས་ལྷན་རྒྱས་ལགས། སྤྱིར་ན་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ནི་དགེ་རྒན་ཡིན་པ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན་ཡང་དེ་བཞིན་དུ་དགེ་རྒན་ཡིན་པས། ཀུན་གྱི་བྱ་བའི་སྲོག་ཤིང་ནི་སློབ་གསོ་ཡིན་དགོས་འདུག་མོད། སློབ་གསོ་གཉེར་ལུགས་ལ་ཧེ་བག་འདི་འདྲ་འབྱུང་དོན་ཅི་ཡིན་ཞེ་ན། ཞིབ་ཏུ་བརྟགས་ན་དེ་ནི་སློབ་གྲྭས་དགེ་རྒན་ལ་ལས་འགན་འགེལ་ལུགས་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ། སློབ་ཆུང་དང་སློབ་འབྲིང་ལ་ཆ་མཚོན་ན། དགེ་རྒན་གྱི་ལས་འགན་ནི་སློབ་ཁྲིད་ཡིན་པ་དང། སློབ་གཙོ་སོགས་ཀྱིས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་ལས་ཀ་ལེགས་པར་སྒྲུབ་མིན་དང་སློབ་ཁྲིད་ཀྱི་ལས་འགན་ལེགས་གྲུབ་བྱུང་མིན་ལ་བརྟགས་ཏེ་སློབ་གསོ་དང་སློབ་ཁྲིད་གཉིས་ཀར་དོ་དམ་བྱེད་བཞིན་ཡོད་པ་ན། ལས་འགན་འགེལ་ལུགས་འདི་ཉིད་དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱ་བའི་སྒུལ་ཤུགས་སུ་གྱུར་ཏེ། དགེ་རྒན་རྣམས་ཀྱིས་སེམས་ཤུགས་སློབ་མའི་ཕྱོགས་ལ་བསྐོར་ནས་སློབ་ཁྲིད་ལ་འབད་པ་དང་། སློབ་ཁྲིད་ཀྱི་སྤུས་ཀ་ཇེ་མཐོར་གཏོང་བར་འབད་པའི་སྣང་ཚུལ་བྱུང་བ་རེད། འོན་ཏེ་སློབ་གྲྭ་ཆེན་མོར་ཆ་མཚོན་ན། དངོས་གཞི་སློབ་མའི་ཆུ་ཚད་ཇེ་མཐོ་དང་འཇོན་ཐང་ཇེ་ཆེར་གཏོང་བར་འབད་དགོས་ཞེས་ས་སྒྲོག་གནམ་སྒྲོག་བྱེད་བཞིན་ཡོད་མོད། ལག་ལེན་དངོས་ལ་འཇུག་སྐབས། དགེ་རྒན་ཕལ་མོ་ཆེས་རང་གི་ལུས་སེམས་ཁག་གཉིས་སུ་བགོས་ཏེ། ཁག་ཅིག་གིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། ཁག་གཞན་ཞིག་གིས་རིག་གཞུང་ཞིབ་འཇུག་དང་ལས་གཞི་བརྩོན་ལེན་བྱེད་པར་འབད་བཞིན་ཡོད་པ་ན། སློབ་གྲྭ་ཆེན་མོའི་དགེ་རྒན་ཁྲོད་དུ་ལུས་སེམས་གཉིས་ཀ་སློབ་ཁྲིད་ཁོ་ནའི་ཕྱོགས་སུ་འབུལ་མཁན་མང་པོ་མེད་པའི་སྣང་ཚུལ་བྱུང་བ་རེད། ཞིབ་ཏུ་བསམས་ན་དགེ་རྒན་རྣམས་ཀྱང་ཁག་པོ་ཡིན་ཏེ། སློབ་གྲྭ་ཆེན་མོར་ཆ་མཚོན་ན། དཔྱད་རྩོམ་འབྲི་བ་ནི་དགེ་རྒན་རྣམས་ཀྱི་ངེས་གཏན་ཅན་གྱི་ལས་འགན་ཞིག་ཡིན་པ་མ་ཟད། ལས་ཐོབ(职称)ཇེ་མཐོར་གཏོང་ན་དཔྱད་རྩོམ་དང་ལས་གཞི་ལ་བརྟེན་དགོས། ཤེས་རམས་པ་དང་འབུམ་རམས་པའི་སློབ་སྟོན་དགེ་རྒན་བྱེད་ན་དཔྱད་རྩོམ་དང་ལས་གཞི་ལ་བརྟེན་དགོས། མདོར་ན། དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་སྤུས་ཀ་ག་འདྲ་བཟང་རུང་། གལ་སྲིད་དཔྱད་རྩོམ་དང་ལས་གཞི་མེད་ན། དེ་ཉིད་དགེ་རྒན་ཕུལ་དུ་བྱུང་བ་རྣམས་ཀྱི་གྲས་སུ་ཚུད་མི་སྲིད་པས། དགེ་རྒན་རྣམས་ཀྱིས་ལུས་སེམས་གཉིས་ཀ་སློབ་ཁྲིད་ཕྱོགས་ལ་འབུལ་ཐབས་ཡོད་དམ། སྣང་ཚུལ་འདི་ལ་གཞིགས་ན། བདག་སོགས་སློབ་ཆེན་གྱི་དགེ་རྒན་མང་པོས་སློབ་མ་རྣམས་ལ་དགོངས་དག་ཞུ་དགོས་པ་མ་ཟད། སློབ་གྲྭ་ཆེན་མོས་སྤྱི་ཚོགས་ཡོངས་ལ་དགོངས་དག་ཞུ་དགོས་འདུག་པ་འདྲ།
གཉིས། ཚད་གཞི་དང་སྒུལ་ཤུགས།
        ཀྱེ་ཀྱེ་སློབ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་སློབ་ཆུང་དང་སློབ་འབྲིང་ན་ཡོད་སྐབས། དགེ་རྒན་རྣམས་ཀྱིས་སློབ་མའི་རྒྱུགས་སྐར་ལ་དང་དོད་ཆེན་པོ་བྱེད་པས། སློབ་མ་གང་ཞིག་གི་རྒྱུགས་འབྲས་བཟང་ན་དགེ་རྒན་དགའ་བ་དང་། སློབ་མ་གང་ཞིག་གི་རྒྱུགས་འབྲས་ཞན་ན་དགེ་རྒན་སྐྱོ་བའམ་ཁྲོ་བ་ཡིན་མོད། འོན་ཏེ་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམས་ལ་ཆ་མཚོན་ན། ལ་ལས་རང་ཉིད“དགེ་རྒན་བཟང་པོ”ཞིག་ཡིན་པ“ར་སྤྲོད”བྱེད་ཆེད་སློབ་མ་རྣམས་ལ་སྐར་མ་མཐོན་པོ་རེ་སྤྲོད་བཞིན་ཡོད་པ་དང་། ལ་ལས་སློབ་མ་རྗེས་མ་རྣམས་རང་གི་འདེམ་སྦྱོང་སློབ་ཚན་ཕྱོགས་སུ་འགུགས་ཆེད་རྒྱུགས་ཀྱི་སྐབས་སུ་རྒྱུགས་སྐར་མཐོན་པོ་རེ་སྤྲོད་པའི་སྲོལ་ཡོད་རུང་། དགེ་རྒན་གྲས་སུ་སློབ་མའི་རྒྱུགས་སྐར་ལ་དང་དོད་ཆེན་པོ་བྱེད་མཁན་ཅུང་ཉུང་བ་འདྲ།
        ཀྱེ་ཀྱེ་བརྩེ་ལྡན་གྱི་སློབ་གྲོགས་ལྷན་རྒྱས་ལགས། སྤྱིར་ན་སློབ་ཆུང་དང་སློབ་འབྲིང་གི་རྒྱུགས་འབྲས་ནི་རྒྱུགས་འབྲས་ཡིན་པ་དང་། སློབ་གྲྭ་ཆེན་མོའི་རྒྱུགས་འབྲས་ཀྱང་དེ་བཞིན་དུ་རྒྱུགས་འབྲས་ཡིན་པ་མ་ཟད། རྒྱུགས་འབྲས་ལས་སློབ་མའི་སྦྱངས་འབྲས་ག་འདྲ་ཡིན་པ་རྟོགས་ཐུབ་པས་ན། སློབ་གྲྭའི་རིམ་པ་མི་འདྲ་རུང་དགེ་རྒན་ཀུན་གྱིས་རྒྱུགས་སྐར་ལ་མཐོང་ཆེན་བྱས་ན་འགྲིག་མོད། འོན་ཀྱང་རྒྱུགས་སྐར་གྱི་ལྟ་བ་ལ་ཧེ་བག་ཆེན་པོ་འདི་འདྲ་འབྱུང་དོན་ཅི་ཡིན་ཞེ་ན། ཞིབ་ཏུ་དཔྱད་ན་དེ་ནི་སློབ་གྲྭས་དགེ་རྒན་རྣམས་ཀྱི་བྱ་བར་གདེང་འཇོག་བྱེད་པའི་ཚད་གཞི་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ། སློབ་ཆུང་དང་སློབ་འབྲིང་ལ་ཆ་མཚོན་ན། སློབ་མའི་རྒྱུགས་འབྲས་བཟང་མིན་དེ་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་སྤུས་ཀ་བཟང་མིན་གྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཚད་གཞི་འདི་ཉིད་གཞིར་བཟུང་སྟེ་དགེ་རྒན་གྱི་བྱ་བར་གདེང་འཇོག་བྱེད་བཞིན་ཡོད་པ་ན། དགེ་རྒན་རྣམས་ལ་མཚོན་ན་ཚད་གཞི་འདི་ནི་སློབ་ཁྲིད་ཀྱི་སྒུལ་ཤུགས་སུ་གྱུར་ཏེ། དུས་རྒྱུན་གྱི་བྱ་བའི་ཁྲོད་དུ་སློབ་མའི་སྦྱངས་འབྲས་དང་རྒྱུགས་འབྲས་ཇེ་ལེགས་སུ་གཏོང་བ་ལ་འབད་བཞིན་ཡོད། འོན་ཏེ་སློབ་གྲྭ་ཆེན་མོར་ཆ་མཚོན་ན། དགེ་རྒན་རེ་ལ་སློབ་ཁྲིད་ཀྱི་ལས་འགན་ངེས་གཏན་ཅན་ཞིག་ཡོད་མོད། འོན་ཏེ་དགེ་རྒན་རྣམས་དུས་ལྟར་སློབ་ཁྲིད་ལ་འགྲོ་བ་དང་སློབ་ཁྲིད་ཀྱི་གོ་རིམ་རྫོགས་པར་བརྒྱུད་ན་ཆོག་པ་དང། རྒྱུགས་སྐར་ལེགས་མིན་གདེང་འཇོག་བྱེད་པའི་སྲོལ་དང་ཚད་གཞི་མེད་པས། དགེ་རྒན་མང་པོས་སློབ་མའི་རྒྱུགས་སྐར་ལ་དང་དོད་མ་བྱས་པ་འདྲ། དེ་མིན། སློབ་ཆུང་གི་སློབ་མ་སློབ་འབྲིང་ལ་ཞུགས་ན་རྒྱུགས་འབྲས་ལ་བརྟེན་དགོས་པ་དང་། རྒྱུགས་འབྲས་ལེགས་མིན་ནི་དགེ་རྒན་གྱི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱེད་ལུགས་དང་འབྲེལ་བ་དམ་པོ་ཡོད་ལ། སློབ་འབྲིང་གི་སློབ་མ་སློབ་ཆེན་ལ་ཞུགས་ན་རྒྱུགས་འབྲས་ལ་བརྟེན་དགོས་པ་དང། རྒྱུགས་འབྲས་ལེགས་མིན་ནི་དེ་བཞིན་དགེ་རྒན་གྱི་བྱ་བ་ལ་གདེང་འཇོག་བྱེད་ལུགས་དང་འབྲེལ་བ་ཡོད་མོད། སློབ་ཆེན་སློབ་མ་སློབ་མཐར་ཕྱིན་རྗེས། ལས་ཀ་རྙེད་མིན་ནི་སློབ་མའི་ལས་ཀ་ཞིག་ཏུ་གྱུར་འདུག་པ་ན། དགེ་རྒན་མང་པོས་སློབ་མའི་རྒྱུགས་སྐར་ལ་དང་དོད་མ་བྱས་པ་འདྲ། གོང་ནས་གླེང་པ་ལས་ཀྱང་གལ་ཆེ་བ་ཞིག་ནི། དགེ་རྒན་ཞིག་གི་སློབ་མ་རྣམས་ཀྱི་རྒྱུགས་སྐར་ག་འདྲ་བཟང་རུང་། གལ་སྲིད་གྲངས་ཀ་ངེས་ཅན་ཟིན་པའི་དཔྱད་རྩོམ་དང་ཚད་རིམ་མཐོན་པོ་ཅན་གྱི་ལས་གཞི་མེད་ན། དེ་ཉིད་དགེ་རྒན་ཕུལ་དུ་བྱུང་བ་རྣམས་ཀྱི་གྲས་སུ་ཚུད་མི་སྲིད་པ་མ་ཟད། དགེ་རྒན་ཆེན་མོའི་ལས་ཐོབ་འཐོབ་མི་སྲིད་པ་དང་། ཤེས་རམས་པ་དང་འབུམ་རམས་པའི་སློབ་མའི་དགེ་རྒན་དུའང་འགྱུར་དཀའ་བས། དགེ་རྒན་རྣམས་ཀྱིས་ལུས་སེམས་གཉིས་ཀ་སློབ་ཁྲིད་ཕྱོགས་སུ་འབུལ་ཐབས་ཡོད་དམ། སྣང་ཚུལ་འདི་ལ་གཞིགས་ན། བདག་སོགས་སློབ་ཆེན་གྱི་དགེ་རྒན་མང་པོས་སློབ་མ་རྣམས་ལ་དགོངས་དག་ཞུ་དགོས་པ་མ་ཟད། སློབ་གྲྭ་ཆེན་མོས་སྤྱི་ཚོགས་ཡོངས་ཀྱི་སློབ་མ་དང་ཁྱིམ་བདག་རྣམས་ལ་དགོངས་དག་ཞུ་དགོས་འདུག་པ་འདྲ།
གསུམ། ཐབས་ལམ་དང་སྦྱངས་འབྲས།
        ཀྱེ་ཀྱེ་བདག་གི་སློབ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་སློབ་ཆུང་དང་སློབ་འབྲིང་ན་ཡོད་དུས། སྐད་ཡིག་དང་རྩིས་རིག་སོགས་ངེས་གཏན་ཅན་གྱི་སློབ་ཚན་སྐོར་ཞིག་སློབ་མཐར་ཕྱིན་པའི་བར་དུ་སྦྱང་དགོས་པ་དང་། སློབ་ཚན་དེ་དག་འཁྲིད་སྐབས། སྔོན་མ་སྔོན་མ་ནི་ཕྱི་མ་ཕྱི་མའི་རྨང་གཞི་བྱས་ཏེ། ནང་དོན་ནི་སླ་བ་ནས་དཀའ་བའི་ཕྱོགས་སུ་འཕོ་བཞིན་ཡོད་པ་ན། སློབ་མ་རྣམས་ཀྱིས་ཤེས་བྱའི་རིགས་ཤིག་གོ་རིམ་ཡོད་པའི་སྒོ་ནས་སྦྱང་ཆོག་མོད། འོན་ཏེ་ཁྱེད་ཅག་སློབ་ཆེན་ལ་ཞུགས་རྗེས། རང་གིས་བདམས་པའི་ཆེད་ལས་དང་མཐུན་པའི་སློབ་ཚན་སྐོར་ཞིག་སྦྱང་དགོས་ཀྱང་། སློབ་ཚན་མང་པོ་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྨང་གཞིར་གྱུར་མེད་པ་མ་ཟད། གཅིག་གིས་གཅིག་ལ་རམ་འདེགས་ཀྱི་ནུས་པའང་འདོན་དཀའ་བ་ན། ཆེད་ལས་ཀྱི་སློབ་ཚན་ནི་ཐར་ཐོར་དུ་གྱུར་པ་དང་། དེའི་ཁར་ད་དུང་ཆེད་ལས་དང་འབྲེལ་བ་ཅི་ཡང་མེད་པའི་སློབ་ཚན་སྐོར་ཞིག་བསྣན་པ་ན། སློབ་ཚན་གྱི་སྤྱི་ཁོག་ནི་སྔར་ལས་ཐར་ཐོར་དུ་གྱུར་པ་དང་། སློབ་མ་རྣམས་ཀྱིས་ཤེས་བྱ་ཐར་ཐོར་མང་པོ་ཞིག་ཐར་ཐོར་ངང་ནས་སྦྱང་དགོས་པས། སློབ་མའི་སྦྱངས་འབྲས་ལ་ཁྱབ་རྒྱ་ཆེ་རུང་། སྦྱངས་པ་ཀུན་ལ་ཟབ་ཆ་དང་ཞིབ་ཆ་མེད་པའི་སྣང་ཚུལ་བྱུང་བ་རེད།
        ཀྱེ་ཀྱེ་བརྩེ་ལྡན་གྱི་སློབ་གྲོགས་ལྷན་རྒྱས་ལགས། སྤྱིར་ན་སློབ་ཆུང་དང་སློབ་འབྲིང་ནི་སློབ་གྲྭ་ཡིན་པ་དང། སློབ་གྲྭ་ཆེན་མོའང་དེ་བཞིན་དུ་སློབ་གྲྭ་ཡིན་པས། སློབ་གྲྭ་ཆེ་ཆུང་ཀུན་ལ་གཏན་འཇགས་རང་བཞིན་ལྡན་པ། གོ་རིམ་གསལ་བ། འབྲེལ་བ་དམ་པོ་ཅན་གྱི་གསོ་སྐྱོང་ཐབས་ལམ་ཞིག་ཡོད་ན་འགྲིག་པ་ཡིན་མོད། འོན་ཀྱང་སློབ་གྲྭ་ཆུང་འབྲིང་དང་སློབ་གྲྭ་ཆེན་མོས་མི་སྣ་སྐྱེད་སྲིང་བྱེད་ལུགས་ལ་ཧེ་བག་འདི་འདྲ་འབྱུང་དོན་ཅི་ཡིན་ཞེ་ན། དེ་ནི་སློབ་གྲྭ་ཆུང་འབྲིང་དང་སློབ་གྲྭ་ཆེན་མོའི་གནས་བབ་དང་འོས་འགན་སོགས་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ། སློབ་ཆུང་དང་སློབ་འབྲིང་ལ་ཆ་མཚོན་ན། སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་རིམ་འཕར་བའི་ཕྱོགས་སུ་བཀོད་ཡོད་པ་མ་ཟད། སློབ་ཆུང་ནས་སློབ་འབྲིང་ལ་འཕར་དགོས་ན་འདྲ། སློབ་འབྲིང་ནས་སློབ་གྲྭ་ཆེན་མོར་འཕར་དགོས་ཀྱང་ཆོག གཏན་འཇགས་རང་བཞིན་ལྡན་པའི་འཕར་ལུགས་ངེས་གཏན་ཅན་ཞིག་ཡོད་པ་ན། སློབ་ཆུང་དང་སློབ་འབྲིང་གིས་སློབ་རིམ་འཕར་ལུགས་དེ་དམིགས་སུ་བཟུང་ནས་སློབ་གསོའི་བྱ་བ་གཉེར་ན་ཆོག་པ་ཡིན། འོན་ཏེ་སློབ་གྲྭ་ཆེན་མོར་ཆེད་ལས་ཀྱི་དབྱེ་མཚམས་གསལ་རུང་། སློབ་མ་རྣམས་སློབ་མཐར་ཕྱིན་རྗེས་རང་གི་ཆེད་ལས་རིང་དུ་བརྒལ་བའི་ལས་རིགས་སྣ་ཚོགས་གཉེར་དགོས་པས། ལས་ཀ་གཉེར་བའི་དགོས་མཁོ་ལ་དམིགས་ཏེ་སློབ་མ་སྐྱེད་སྲིང་བྱེད་པའི་གོ་རིམ་ཁྲོད་དུ་ཆེད་ལས་ཕྱོགས་ཀྱི་སློབ་ཚན་འཁྲིད་པའི་ཞོར་དུ། ཆེད་ལས་ལ་འབྲེལ་བ་ཆེན་པོ་མེད་པའམ་འབྲེལ་བ་གཏན་ནས་མེད་པའི་སློབ་ཚན་སྐོར་ཞིག་མི་འཁྲིད་ཀ་མེད་བྱུང། སྣང་ཚུལ་འདི་ལ་གཞིགས་ནས་བརྗོད་ན། སློབ་གྲྭ་ཆེན་མོའི་སློབ་མ་སྐྱེད་སྲིང་བྱེད་ལུགས་འདི་ནི་སློབ་གྲྭ་ཞིག་དང་དགེ་རྒན་ཞིག་ལ་བརྟེན་ནས་སྒྱུར་ཐབས་མེད་པས། གལ་སྲིད་རང་གི་འོས་འགན་དུ་གྱུར་པའི་སློབ་ཚན་རྣམས་ལྷག་བསམ་ཆེན་པོ་དང་། འབད་པ་ཆེན་པོས་ཁྲིད་ཡོད་ན། དགེ་རྒན་སུ་ཞིག་ཡིན་རུང་སློབ་མ་རྣམས་ལ་དགོངས་དག་ཞུ་མི་དགོས་པ་འདྲ་མོད། འོན་ཏེ་འདི་ལས་ལྡོག་ན་སློབ་མ་རྣམས་ལ་བདག་གིས་ཁྱེད་ཅག་གི་ལང་ཚོ་ཆུད་ཟོས་སུ་བཏང་སོང་ཞེས་དགོངས་དག་མི་ཞུ་ཀ་མེད་ཡིན།
མཇུག་གི་གཏམ།
        སྙིང་ནས་བརྩེ་བའི་སློབ་གྲོགས་ལྷན་རྒྱས་ལགས། དེང་སྐབས་སློབ་གྲྭ་ཆེན་མོ་སོ་སོས་མི་སྣ་གསོ་སྐྱོང་བྱེད་ལུགས་ལ་བཅོས་སྒྱུར་རབ་དང་རིམ་པ་བྱེད་བཞིན་ཡོད་ལ། བཅོས་སྒྱུར་ལ་བརྟེན་ནས་སློབ་གསོ་གཉེར་ལུགས་ཡང་དག་པ་ཞིག་རྙེད་པར་གྱུར་ན། དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་དགོངས་དག་ཞུ་མི་དགོས་པ་དང། སློབ་གྲྭ་ཆེན་མོ་ནི་རྫོགས་ལྡན་གསར་པའི་དུས་རིམ་ལ་བསླེབས་སོང་བ་ཡིན་པར་འདོད། །
① ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1