ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་སྐོར་རགས་ཙམ་གླེང་བ།—— ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དཔེར་བླངས་པ།

ཤེས་རབ་ཉི་མ།① ཚེ་རིང་དབང་མོ།② རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


[གནད་བཏུས] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་ལོ༦༠རིང་གི་སློབ་གྲྭའི་འཛུགས་སྐྱོང་བརྒྱུད་རིམ་ཁྲོད་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་ཐད་ལ་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་དེ། བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི་མ་ལག་ཆ་ཚང་ཞིག་དང་སྤུས་ཀ་ལེགས་པ་ཞིག་བཙུགས་ཏེ། ཤེས་རིག་གི་རྨང་གཞི་ཟབ་ཅིང་རྒྱ་ཆེ་བ་དང་སློབ་སྲོལ་གཟབ་ནན་ཡིན་པའི་དགེ་རྒན་རུ་ཁག་ཅིག་གྲུབ་ཡོད་ལ། བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་དང་བོད་ཁུལ་ལ་ཞབས་འདེགས་སྒྲུབ་མཁན། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བྱེད་མཁན་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་མཁན་གྱི་ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཡོད།
[གནད་ཚིག] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་རིག་པ། ཤེས་ལྡན་མི་སྣ་གསོ་སྐྱོང་།
①ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཡིན།

② ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་འབུམ་རམས་པ་ཡིན།

        ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་རིགས་གནད་དོན་ཐག་གཅོད་དང་མི་རིགས་སོ་སོ་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་དང་སྐུལ་སྤེལ་བྱ་བའི་ཆེད་དུ་གསར་དུ་བཙུགས་པའི་མཐོ་རིམ་སློབ་ཆེན་གསར་གྲལ་ཞིག་ཡིན། ༡༩༥༠ལོར། སྲིད་དོན་སྤྱི་ཁྱབ་ཁང་གི་སྐབས་དྲུག་ཅུའི་གྲོས་ཚོགས་ཐོག་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཚོད་ལྟའི་འཆར་ཟིན་དང་ཀྲུང་དབྱང་མི་རིགས་སློབ་གླིང་བཙུགས་པའི་ཚོད་ལྟའི་འཆར་ཟིན་ལས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ལོ་རྒྱུས་རིག་གནས་སྐོར་ཞིབ་འཇུག་བྱེད་མཁན་གསོ་སྐྱོང་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ཡོད། དེའང་ཐོག་མར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་འཛུགས་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཡོད་ལ་སྒོས་སུ་བོད་ཀྱི་སྐད་ཡིག་དེ་དམིགས་སུ་བཀར་ནས་སྔོན་ལ་འཛུགས་རྒྱུ་འཆར་འགོད་བྱས།
        བོད་སྐད་ཡིག་ཐད་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་འཛུགས་མགོ་ཚུགས་པའི་སྐབས་ནས་དོ་སྣང་བྱེད་སའི་ལས་དོན་ཆ་ཤས་ཤིག་ཡིན། ཀྲུང་དབྱང་མི་རིགས་སློབ་ཆེན་ནི་ཝའེ་ཡོན་ཧའེ་ཡི་དབུ་ཁྲིད་འོག པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུའུ་ཏའོ་ཆུན་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་ཡིག་སློབ་དཔྱོད་ཚོ་ཆུང་གི་མགོ་འཛིན་དུ་བསྐོས། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་བཟུང་ལོ་རྒྱུས་ཐོག་བོད་ཡིག་འཛིན་གྲྭ་ཨང་དང་པོ་དེ་ཡིན།
        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟིགས་སྐྱོང་འོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི་བྱ་གཞག་ལ་འབྲས་བུ་ཕུལ་དུ་བྱུང་བ་ཐོན་ཡོད་ལ། དེར་རང་ཉིད་ཀྱི་ཁྱད་ཆོས་དང་ལྡན་པ་མ་ཟད་རྒྱལ་ཁབ་ལའང་བྱས་རྗེས་ཆེན་པོ་བཞག་ཡོད། ༡༩༥༢ལོ་ནས་བཟུང་། དགེ་རྒན་གྱི་དཔུང་སྡེ་རྒྱ་ཆེར་གཏོང་བའི་ཆེད་དུ་སྐབས་དེར་བོད་ཁུལ་གསུམ་ནས་ཐུན་མིན་གྱི་ཡོན་ཏན་ཡོད་པའི་དགེ་རྒན་ཁག་ཅིག་བོད་ཡིག་སློབ་དཔྱོད་ཚོ་ཆུང་ནང་དུ་ལས་གནས་སྤར་ཞིང། རེ་ཞིག་དགེ་རྒན༣༥ཙམ་ལ་སླེབས་ཡོད། ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་འཛིན་གྲྭའི་སློབ་ཁྲིད་མགོ་ཚུགས་པའི་དུས་ཚོད་ནི༡༩༥༡ལོའི་ཟླ༥པའི་ཚེས༢༨ཉིན་ཡིན་ལ། ཉིན་དེ་ནི་ཀྲུང་གོ་གསར་པའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི་བྱ་གཞག་ལ་མཚོན་ན་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ཡོད་པའི་སྔོན་འགྲོ་ཞིག་ཡིན།
        དུས་རབས་ཕྱེད་ཙམ་གྱི་སློབ་གྲྭ་བཙུགས་པའི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་ཐད་ལ་བཞག་པའི་བྱས་རྗེས་གཙོ་བོ་ཕྱོགས་གསུམ་ནས་མངོན་ཡོད་དེ།
        གཅིག་ནི་རིམ་པ་ཆ་ཚང་ཅན་དང་ཆུ་ཚད་མཐོན་པོ་ཅན། སྤུས་ཀ་འབུར་ཐོན་ཅན་གྱི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་མ་ལག་ཅིག་བཙུགས་ཡོད་པ་དེ་རེད། ༡༩༥༡ལོའི་ཟླ༥པར་རྒྱལ་ཡོངས་མཐོ་རིམ་སློབ་ཆེན་ནང་ཐེངས་དང་པོར་བོད་ཡིག་འཛིན་གྲྭ་བཙུགས་པ་ནས་བཟུང་། སློབ་གྲྭའི་ནང་སྔ་ཕྱིར་བོད་སྐད་ཡིག་རྩོམ་རིག་དང་ལོ་རྒྱུས་སོགས་རིག་གཞུང་ཚན་ཁག་གི་ཆེད་སྦྱོང་ཟབ་སྦྱོང་དང་། དངོས་གཞིའི་ཆེད་ལས། རབ་འབྱམས་པ་དང་འབུམ་རམས་པའི་མིང་བཏགས་དབང་བཅོལ་སོགས་གསར་འཛུགས་བྱས། ༡༩༥༣ལོར་ཨ་མདོ་བོད་ཡིག་འཛིན་གྲྭ་བཙུགས། ༡༩༦༠ལོར་ཀྲོའུ་ཨེན་ལའེ་ཙུང་ལིའི་བཀའ་སློབ་ལྟར་བོད་ཡིག་ཆེད་ལས་ཀྱིས་སྐབས་དང་པོའི་བོད་ཡིག་ཡིག་རྙིང་ཞིབ་འཇུག་འཛིན་གྲྭ་སྡུད་ལེན་བྱས། དེ་ནས་བཟུང་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་ཆེད་ལས་ལ་ཆེད་སྦྱོང་སློབ་མ་དང་། དངོས་གཞིའི་སློབ་མ། ཞིབ་འཇུག་སློབ་མ་སོགས་རིམ་པ་གསུམ་གྱི་སློབ་མ་ཡོད་དེ་རིམ་པ་མང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་ཅིག་ཏུ་བསྐྲུན། དུས་རབས༢༠པའི་ལོ་རབས༥༠ནས་བཟུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་སུའུ་ལེན་དང་ཡོ་རོབ་གླིང་ཤར་མའི་སློབ་མ་སྡུད་མགོ་ཚུགས། སློབ་མ་དེ་ཚོས་གཙོ་བོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག བོད་རིག་པ་སོགས་སློབ་གཉེར་བྱེད་པར་ཕེབས་པ་རེད། ལོ་རབས༦༠སྐབས་ལ་ཡང་ཡོ་ནན་ནས་སློབ་མ་བསྡུས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་རྒྱལ་ཡོངས་མཐོ་རིམ་སློབ་ཆེན་ནང་ཕྱི་རྒྱལ་གྱི་སློབ་མ་བསྡུས་པའི་སློབ་ཆེན་ཆེས་སྔ་ཤོས་དེ་ཡིན། ༡༩༨༡ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིགས་ཞིབ་འཇུག་ཁང(རྗེས་ནས་བོད་རིག་པའི་ཞིབ་འཇུག་ཁང་ཞེས་འབོད)བཙུགས། ༡༩༩༣ལོར་སྔར་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་སློབ་དཔྱོད་ཁང་དང་བོད་རིག་པའི་ཞིབ་འཇུག་ཁང་གཉིས་ཟླ་སྒྲིལ་བྱས་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སྡེ་ཁག་དངོས་སུ་བཙུགས་ཤིང། བོད་རིག་པའི་ཞིབ་འཇུག་ཁང་ད་དུང་སོར་འཇོག་བྱས་ཡོད། ༢༠༠༠ལོར་བོད་རིག་པའི་ཞིབ་འཇུག་སྡེ་ཁག་རྒྱ་བསྐྱེད་ནས་བོད་རིག་པའི་ཞིབ་འཇུག་གླིང་དུ་བསྐྲུན། དེའི་འོག་ཏུ་བོད་རིག་པའི་སྡེ་ཁག་དང་བོད་རིག་པའི་ཞིབ་འཇུག་ཁང་སོགས་ཡོད། ད་ལྟར་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་དང་བོད་རིག་པའི་ཞིབ་འཇུག་ཁང་ལ་བསྒྱུར་ཡོད། སློབ་གྲྭ་འཛུགས་སྐྱོང་གི་རིམ་པ་དང་རིག་གཞུང་ཚན་ཁག་དང་ཆེད་ལས་སྒྲིག་གཞི། སློབ་ཚན་མ་ལག་འཛུགས་སྐྲུན། སློབ་ཁྲིད་མ་དཔེ་གསར་གཏོད་སོགས་གང་ཅིའི་ཐད་ནས་བཤད་ན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་བོད་རིག་པ་ཞིབ་འཇུག་མི་སྣ་གསོ་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་ཆེན་མང་པོ་ཞིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།
        གཉིས་ནི་ཤེས་ཡོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་སློབ་སྲོལ་གཟབ་ནན་དང་བསམ་བློ་འཐུས་སྒོ་ཚང་བའི་དགེ་རྒན་རུ་ཁག་ཅིག་བསྐྲུན་ཡོད། ཡུའུ་ཏའོ་ཆུན་གྱིས་བོད་ཡིག་འཛིན་གྲྭ་བཙུགས་པ་ནས་བཟུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་དང་དགེ་རྒན་རུ་ཁག་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་ལ། ལོ༥༠ལྷག་གི་རིང་ལ། ཡུའུ་ཏའོ་ཆུན། དུང་དཀར་བློ་བཟང་འཕྲིན་ལས། སྐལ་བཟང་འགྱུར་མེད། བློ་བཟང་ཆོས་འབྱུང་། ཝང་ཡའོ། ཧུའུ་ཐན། ཐུང་ཅིང་ཧཱ་སོགས་རྒྱལ་ཁབ་ཕྱི་ནང་ལ་མཚན་སྙན་གྲགས་མཐོ་བའི་བོད་རིག་པའི་ཆེད་མཁས་པ་མང་པོ་ཞིག་གིས་སྔ་ཕྱིར་སློབ་གྲྭའི་ནང་དུ་དགེ་རྒན་གྱི་ཕྱག་ལས་གནང་། གཞན་ཡང་ད་དུང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང། ཚོགས་གཙོ་གཞོན་པ་དགེ་སློང་པ་ཀྲུའུ་ཧྲུའུ་ཅཱ། དགེ་བའི་བཤེས་གཉེན་ཧྥ་ཙུན། དགེ་བའི་བཤེས་གཉེན་ཀན་ཁུང་། ཀྲང་ཁེ་ཆང་། ཅིི་ཤན་ལིང་། རན་ཅིའི་ཡུའུ། ཝང་སན་ལ་སོགས་པ་ཚང་མས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་འཛིན་གྲྭ་ལ་འཆད་ཁྲིད་དང་སློབ་ཁྲིད་གནང་མྱོང་། དུས་ཡུན་རིང་པོར་མི་གྲགས་ཅན་དེ་ཚོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཁྲོད་ཕྱག་རྗེས་བླ་ན་མེད་པ་བཞག་མྱོང་། དེ་རིང་གི་བོད་རིག་པའི་ཞིབ་འཇུག་གླིང་དེའང་རྒན་དར་གཞོན་གསུམ་ཟུང་དུ་སྦྲེལ་བའི་དགེ་རྒན་ཚེ་རིང་ཐར་ཡོན་ཀྲང་གནང་བའི་རུ་ཁག་ཚད་ལྡན་ཞིག་ཏུ་གྱུར་ཡོད།
        གསུམ་ནི་བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་དང་བོད་ཁུལ་ལ་ཞབས་འདེགས་སྒྲུབ་མཁན། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བྱེད་མཁན་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་མཁན་གྱི་ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཡོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཆེད་ལས་དེས་ལོ༦༠ཡི་རིང་ལ་རྒྱ་རིགས་དང་བོད་རིགས། མི་རིགས་གཞན་པ་སོགས་ཀྱི་སློབ་མ་མང་པོ་གསོ་སྐྱོང་བྱས་ཡོད། ཁོ་ཚོར་རྨང་གཞི་བརྟན་པོ་ཡོད་པ་དང་། ལས་སྒོ་ཆ་ཚང་ཡིན་པ། རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་ཡོང་བ་དང་། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སོགས་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། དཔལ་ཡོན་ཅན་དང་ཡར་ཐོན་ཅན། མཐུན་སྒྲིལ་ཅན། རྫོགས་ལྡན་གྱི་བོད་གསར་པ་འཛུགས་རྒྱུ་བཅས་ལ་མཛད་རྗེས་ཆེན་པོ་བཞག་ཡོད།
        སློབ་གྲྭས་ད་དུང་རྒྱལ་ཁབ་ཕྱི་ནང་ལ་བོད་རིག་པའི་ཞིབ་འཇུག་སྐོར་སྐད་གྲགས་ཆེ་བའི་ཆེད་མཁས་པ་མང་པོ་གསོ་སྐྱོང་བྱས་ཡོད། དཔེར་ན་ཝང་ཡའོ་དང། ཧུའུ་ཐན། ལྷག་པ་ཕུན་ཚོགས། ཧང་ཧའོ། ཁྲེང་ཆིང་དབྱིང་ལ་སོགས་པའི་བོད་རིག་པ་བ་གྲགས་ཅན་ཚང་མ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་མཐར་ཕྱིན་པ་རེད། ཕྱི་རྒྱལ་གྱི་སྔར་ཅེ་ཁེ་སི་ལའོ་ཧྥ་ཁེའི་ཤར་ཕྱོགས་ཞིབ་འཇུག་ཁང་གི་མགོ་འཛིན་ཡའེ་སི་ཧྥུའུ་ཀའོ་མཱ་ཧྲི་དང་། སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ཁང་ཡོན་ཧྲི་ཅིའུ་ཏེ། ཨུ་རུ་སུའི་ཡིའུ་ལི་པཱ་ཧྥེར་ནོ་ཝའེ་ཆི། འཇར་མན་གྱི་ཧྲུའུ་པའོ་ཐུ་ལ་སོགས་པའི་རྒྱལ་སྤྱི་བོད་རིག་པ་གྲགས་ཅན་ཚོ་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་གཉེར་བྱས་མྱོང་ཡོད། དེང་སང་བོད་རིག་པའི་ལས་རིགས་ཁག་ཏུ་ཡོད་པའི་མཁས་དབང་དར་གཞོན་མང་ཆེ་བ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་འབྲལ་ཐབས་མེད་པའི་ལས་འབྲས་ཡོད། སློབ་གྲྭས་བོད་ཁུལ་དུ་ལས་རིགས་སོ་སོའི་ནང་དུ་བྱ་བ་སྒྲུབ་བཞིན་པའི་ཕུལ་བྱུང་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད་དེ། དཔེར་ན་སྔར་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་པ་སངས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲུང་ཡིག་ཆེན་མོ་མགོན་པོ་བཀྲ་ཤིས། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཚེ་གཡང་ལ་སོགས་པ་ཡོད། ཁོང་ཚོས་བོད་ཁུལ་དུ་གཞི་བཅས་ནས་བོད་ཁུལ་འཕེལ་རྒྱས་དང་རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་པར་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གྲུབ་ཡོད་དེ། ཕྱོགས་སྡོམ་བྱས་ན་གཙོ་བོར་ཕྱོགས་གསུམ་ནས་བཤད་ཆོག
        གཅིག་ནི་བོད་རིགས་དགེ་རྒན་དང་མི་རིགས་གཞན་པའི་དགེ་རྒན་གཉིས་ཀ་མཉམ་དུ་ཟུང་འབྲེལ་བྱས་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་པར་སྔར་ནས་བོད་རྒྱ་མི་རིགས་གཉིས་ཀའི་མཁས་པ་འཛོམས་ཡོད་ལ། སློབ་ཁྲིད་བྱེད་སྐབས་སློབ་ཚན་ཁ་ཤས་བོད་རིགས་དགེ་རྒན་ཚོས་གཙོ་ཁྲིད་གནང་བ་དང་རྒྱ་རིགས་དགེ་རྒན་ཚོས་གསབ་ཁྲིད་གནང་བ། སློབ་ཚན་ཁ་ཤས་རྒྱ་རིགས་དགེ་རྒན་ཚོས་གཙོ་ཁྲིད་གནང་བ་དང་བོད་རིགས་དགེ་རྒན་ཚོས་གསབ་ཁྲིད་གནང་བས། རྒྱ་བོད་མི་རིགས་གཉིས་ཀའི་དགེ་རྒན་ཚོས་ཕན་ཚུན་སློབ་སྦྱོང་དང་དགེ་སྤེལ་སྐྱོན་སེལ། མཐུན་སྒྲིལ་མཉམ་ལས་བྱས་ནས་ལྷན་དུ་ཡར་རྒྱས་ཡོང་བ་རེད། བོད་རིག་པའི་ཆེད་མཁས་པ་མང་པོ་འཚར་ལོངས་བྱུང་བ་དང་བསྟུན་ནས་མིག་སྔར་བོད་རིག་པའི་ཞིབ་འཇུག་གླིང་དུ་ཕྱག་ལས་གནང་བཞིན་པའི་བོད་ཀྱི་དགེ་རྒན་ཇེ་མང་དུ་སོང་སྟེ། བོད་རིགས་དགེ་རྒན་གཙོ་ཡིན་པ་དང་མི་རིགས་གཞན་གྱི་དགེ་རྒན་རམ་འདེགས་བྱེད་པའི་གནས་བབ་གསར་པ་ཞིག་གྲུབ། དེ་ནི་རིག་གཞུང་ཚན་ཁག་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་གསར་པ་ཞིག་ཀྱང་རེད།
        གཉིས་ནི་མི་སྣ་གསོ་སྐྱོང་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་པ་དེ་གཉིས་ཟུང་དུ་འབྲེལ་བ། བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་དང་དགེ་རྒན་གྱི་རིག་གཞུང་གསར་དུ་གཏོད་པར་འབྲེལ་བ་དམ་ཟབ་ཡོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་ཐོག་མཐའ་བར་གསུམ་དུ་མི་སྣ་གསོ་སྐྱོང་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་ཐབས་གཉིས་ཟུང་དུ་སྦྲེལ་ཏེ་ཚན་རིག་ཞིབ་འཇུག་ལ་བརྟེན་ནས་སློབ་གསོ་མ་ལག་དང་སློབ་གསོའི་ནང་དོན་ལེགས་བཅོས་བྱས་པ། སློབ་གསོའི་སྤུས་ཀ་དང་ཆུ་ཚད་ཇེ་མཐོར་བཏང་བ་རེད། ༡༩༥༣ལོར་དགེ་རྒན་ཆེན་མོ་ཡུའུ་ཏའོ་ཆུན་ལགས་ཀྱིས་རྩོམ་སྒྲིག་གནང་བའི《བོད་རྒྱ་ཁ་སྐད་ཚིག་མཛོད》སྤེལ་བ་ནས་བཟུང་། བོད་རིག་པའི་རིག་གཞུང་སྐོར་ཕྱག་ལས་གནང་བའི་དགེ་རྒན་ཚང་མས་ཚན་རིག་ཞིབ་འཇུག་ལ་དོ་སྣང་ཆེན་པོ་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོན། དུས་རབས༢༠པའི་ལོ་རབས༩༠སྔོན་ལ་པར་སྐྲུན་བྱས་པའི《བོད་རྒྱ་ཁ་སྐད་ཚིག་མཛོད》དང《བོད་ཀྱི་རྩོམ་རིག་ལོ་རྒྱུས》《བོད་ཀྱི་བརྡ་སྤྲོད་སློབ་ཚན》 《ལྷ་སའི་ཡུལ་སྐད་ཀྱི་སྒྲ་སྦྱོར་སློབ་ཚན》སོགས་ལ་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད། དགེ་རྒན་མང་ཤོས་ཀྱིས་ད་དུང《ཀྲུང་གོའི་ལོ་རྒྱུས་ས་ཁམས་གསལ་འགོད》《བོད་རྒྱ་ཚིག་མཛོད་ཆེན་མོ》《ཏུན་ཧོང་ཚིག་མཛོད་ཆེན་མོ》སོགས་ལས་གཞི་ཁྲོད་དུ་བྱས་རྗེས་རླབས་ཆེན་བཞག ༡༩༨༡ལོར་ཧུའུ་ཡའོ་པང་གཙོ་བྱས་པའི་ཀྲུང་དབྱང་གི་དབུ་ཁྲིད་འོག་ཀྲུང་དབྱང་མི་རིགས་སློབ་གླིང་བོད་རིག་པའི་ཞིབ་འཇུག་ཁང་གསར་དུ་བཙུགས། དེ་ནི་སྐབས་དེར་རྒྱལ་ཡོངས་ལ་མཚོན་ན་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཉག་གཅིག་ཡིན། དེས་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། བོད་རིག་པའི་སློབ་ཁྲིད་དང་ཞིབ་འཇུག་གནང་མཁན་གྱི་དགེ་རྒན་ཚོས་རྒྱ་བོད་ཡི་གེའི་ལམ་ནས་རིག་གཞུང་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ། དཔེར་ན《བོད་ས་གནས་ནི་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན》《ཀྲུང་གོ་བོད་ས་གནས་ཀྱི་བོད་ཡིག་ལོ་རྒྱུས་དཔྱད་ཡིག་གཅེས་བཏུས》《ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་ལོ་རྒྱུས་ཡིག་ཆ》《བོད་ཀྱི་རྡོ་རིང་ཡི་གེ》《བོད་ཀྱི་བརྡ་རྙིང་སློབ་ཚན》《བོད་ཀྱི་སྐད་བརྡ་རིག་པའི་སྤྱི་དོན》《བོད་ཀྱི་ལོ་རྒྱུས་སྤྱི་དོན》 《བོད་ཀྱི་རིག་གནས་ལོ་རྒྱུས》《ཆིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ཨམ་བན་གྱི་རྣམ་ཐར》《བོད་བརྒྱུད་ནང་བསྟན་ལྟ་གྲུབ་ཀྱི་ལོ་རྒྱུས》《བོད་ཀྱི་དགོན་པའི་སློབ་གསོ》《ཉེ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག》《ཆིང་རྒྱལ་རབས་སྐབས་ཀྱི་བོད་སྐྱོང་སྲིད་ཇུས་ཞིབ་འཇུག》སོགས་ཡོད། ཞིབ་འཇུག་གྲུབ་འབྲས་མང་ཆེ་ཤོས་ཞིང་ཆེན་རིམ་པ་དང་པུའུ་རིམ་པའི་བྱ་དགའ་ཐོབ། མིག་སྔར་དགེ་རྒན་རྣམ་པས་ད་དུང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལས་གཞི་གཙོ་གནད་མང་པོར་འགན་འཁུར་གནང་ཡོད། བོད་རིག་པའི་རིག་གཞུང་ཚན་ཁག་དང་འབྲེལ་བའི་ཞིབ་འཇུག་ཁ་ཕྱོགས་མང་པོ་ཞིག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་ཀྱི༢༡༡ལས་དོན་དང༩༨༥ལས་དོན་འཛུགས་སྐྲུན་བྱ་གཞག་ནང་དུ་ཚུད་ཡོད།
གསུམ་ནི་ཤེས་བྱ་བརྒྱུད་སྤེལ་དང་སྤྱི་ཚོགས་ལག་ལེན་གཉིས་ཀ་འཆམ་མཐུན་ངང་གཅིག་གྱུར་ཡོང་བ། སློབ་གྲྭ་འཛུགས་སྐྱོང་བྱས་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཆེན་གྱི་རིག་གནས་དང་སློབ་གཉེར་བརྩོན་ཞིབ་ཀྱི་སྙིང་སྟོབས་གྲུབ་ཡོད། ཤེས་བྱ་བརྒྱུད་སྤེལ་དང་སྤྱི་ཚོགས་ལག་ལེན་མཐུན་སྦྱོར་ཡོང་བ་གཉིས་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་མངོན་ཡོད་པ་རེད། སྲོལ་རྒྱུན་དེ་ནི་སྔར་སློབ་གྲྭ་འཛུགས་སྐྱོང་ཐོག་མའི་སྐབས་ལ་ཁུངས་འདེད་བྱས་ཆོག སྐབས་དེའི་བོད་ཡིག་འཛིན་གྲྭའི་སློབ་མ་ཡོངས་རྫོགས་སློབ་དཔོན་ཆེན་མོ་ཡུའུ་ཏའོ་ཆུན་དང་སྐལ་བཟང་འགྱུར་མེད་སོགས་ཀྱི་སྣེ་ཁྲིད་འོག་ལོ་གཅིག་གི་རིང་ལ་ཞི་ཁམས་གངས་དཀར་རི་བོ་ལ་དངོས་སྦྱོང་བྱས། སློབ་མ་དེ་ཚོ་སློབ་མཐར་ཕྱིན་རྗེས་མི་ཉུང་བ་ཞིག་སློབ་གྲྭའི་ནང་དུ་ཕྱག་ལས་གནང་སྟེ་མུ་མཐུད་དུ་རྒྱུན་དེ་བསྐྱངས། བོད་རིག་པའི་དགེ་སློབ་ཚོས་བོད་ཁུལ་གྱི་རོང་འབྲོག་མི་དམངས་དང་མཉམ་ཟ་མཉམ་འདུག་མཉམ་ལས་བྱེད་པའི་བརྒྱུད་རིམ་ཁྲོད། དངོས་སྦྱོང་དང་ཡུལ་སྐད་ཞིབ་འཇུག་བརྟག་དཔྱད་སོགས་ལག་ལེན་སྟེང་ནས་སློབ་ཁྲིད་ཁྲོད་དུ་སྦྱོང་མི་ཐུབ་པ་མང་པོ་ཞིག་རྒྱུས་ལོན་བྱ་ཐུབ་པ་བྱུང་སྟེ་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་སོང་།
        ལོ༥༠ལྷག་གི་རིང་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཡིག་སྒྱུར་ལས་ཀ གྲངས་ཉུང་མི་རིགས་སྐད་རིགས་བརྟག་དཔྱད་དང་གྲངས་ཉུང་མི་རིགས་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་སོགས་བྱ་འགུལ་ཆེན་པོའི་ཁྲོད་དུའང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་མང་པོ་ཞུགས་ཡོད། ཤེས་བྱ་བརྒྱུད་སྤེལ་དང་སྤྱི་ཚོགས་ལག་ལེན་གཉིས་ཀ་འཆམ་མཐུན་ངང་གཅིག་གྱུར་ཡོང་བའི་རྐྱེན་གྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཆེད་ལས་ཀྱིས་མི་རིགས་སོ་སོའི་སློབ་མ་མང་པོ་གསོ་སྐྱོང་བྱས་ཏེ་ཁོ་ཚོས་མེས་རྒྱལ་གཅིག་གྱུར་ཡོང་བ་དང་། མི་རིགས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ། བོད་ལྗོངས་དང་བོད་ཁུལ་ཡོངས་འཛུགས་སྐྲུན་བྱེད་པར་བྱས་རྗེས་བླ་ན་མེད་པ་བཞག་ཡོད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་སློབ་གྲྭ་འཛུགས་སྐྱོང་བྱས་པ་ནས་བཟུང་། ཀྲུང་དབྱང་གི་དབུ་ཁྲིད་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་། སློབ་གྲྭའི་ནང་གི་བོད་རིགས་སློབ་མ་རྣམས་ལ་མི་རིགས་གཞན་པའི་སློབ་མ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་ཐུག་འཕྲད་ཐེངས་མང་པོར་གནང་ཞིང། བརྗེད་དཀའ་བའི་དོན་དག་ཀྱང་མང་པོ་བྱུང་མྱོང་།
        ལྷག་པར་དུ་སྤྱི་ལོ༡༩༥༦ལོའི་དཔྱིད་མགོའི་སྔ་དྲོ་ཞིག་ལ། ཀྲོའུ་ཨེན་ལའེ་ཙུང་ལིི་ཀྲུང་དབྱང་མི་རིགས་སློབ་གླིང་དུ་གཟིགས་ཞིབ་གནང་དུ་ཕེབས་པས་དགེ་སློབ་ཡོངས་ལ་དྲན་ཤེས་ཟབ་མོ་བཞག སྐབས་དེར་ཀྲོའུ་ཙུང་ལིི་ཆེད་དུ་བོད་རིགས་སློབ་མ་སྡོད་པའི་སྡོད་ཁང་དགུ་པར་ཕེབས་ནས་སློབ་མ་ཚོ་དང་རེ་རེ་བཞིན་ཕྱག་འཇུ་གནང་། ཁོང་གིས་བོད་རིགས་སློབ་མའི་འཚོ་བ་ལ་ཐུགས་ཁུར་གནང་སྟེ་བོད་རིགས་སློབ་མའི་ནང་གི་ནད་པ་ལ་འཚམས་འདྲི་བྱས། ཁོང་གིས་སློབ་མ་རྣམས་ཀྱི་མལ་གོས་ལ་རེག་ནས་ཨེ་འཁྱག་འདྲི། དེའང་ཉལ་ཁྲི་ལ་གནོན་ཐེག་ཚད་ཀྱི་སྲ་མིན་འདྲི། ད་དུང་ཁོང་གིས་སློབ་གླིང་གི་མགོ་འཛིན་པར་བོད་མི་རིགས་སྔར་བཀས་བཀོད་རྒྱུད་འཛིན་དང་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་མནར་གཅོད་ཚད་མེད་ཐེབས་མྱོང་བས་ད་ནི་ཁོ་ཚོར་ཐུགས་ཁུར་ཆེན་པོ་བྱེད་དགོས་པ་དང་། ཆབ་སྲིད་དང་རིག་གནས་སློབ་གསོའི་ཐད་རོགས་སྐྱོར་གནང་ཅི་ཐུབ་བྱེད་དགོས་ཞེས་གསུངས། ཀྲོའུ་ཙུང་ལི་སློབ་གྲྭའི་ནང་ནས་ཕྱིར་ཕེབས་ནས་ཉིན་གསུམ་གྱི་རྗེས་སུ་ཀྲུང་དབྱང་འཕྲོད་བསྟེན་པུའུ་ཡིས་སྨན་བཅོས་མི་སྣ་འགའ་ཆེད་དུ་མངགས་ནས་བོད་རིགས་སློབ་མ་རྣམས་ལ་ལུས་པོར་ཞིབ་བཤེར་བྱས། གཞན་ཡང་ད་དུང་མི་རེ་རེར་ནད་འགོག་བྱེད་པའི་སྨན་དམ་བེ་གང་རེ་གནང། མ་རིང་བར་ཀྲོའུ་ཙུང་ལིས་ཡང་བསྐྱར་བཀའ་སློབ་གནང་དོན། ཀྲུང་དབྱང་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་དང་བོད་ཡིག་ཞིབ་འཇུག་གི་འཛིན་གྲྭ་འཛུགས་དགོས་པ་དང་། ལོ་གསུམ་དེ་སློབ་དུས་གཅིག་ལ་བརྩིས་པ་དང་། ཆ་རྐྱེན་བཟང་བའི་མཐར་ཕྱིན་སློབ་མ་འགའ་ཤས་བདམས་ནས་བོད་ཀྱི་བརྡ་སྤྲོད་དང་གནའ་གཞུང་བརྩམས་ཆོས། ཡིག་ཚགས་རྒྱུ་ཆ། ལོ་རྒྱུས་ཡིག་ཆ་སོགས་ལ་ཞིབ་འཇུག་བྱས་ཏེ་བོད་རིག་པའི་ཤུལ་བཞག་རྒྱུན་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་ཆེད་ལས་ལ་མཁས་པའི་བོད་རིག་པ་བ་མི་རབས་གསར་པ་གསོ་སྐྱོང་བྱ་དགོས་ཞེས་གསུངས། ༡༩༥༩ལོའི་ཟླ༣པར། མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་གཏོང་བ་དང་དམངས་གཙོ་བཅོས་སྒྱུར་བྱ་དགོས་པའི་ཐབས་ཇུས་བཏོན། ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིགས་སློབ་མ༣༠༠ལྷག་གིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས་ཕྱིར་བོད་ལྗོངས་སུ་ལོག་ཏེ་ཟིང་འཁྲུག་ཞི་འཇགས་དང་ལེགས་བཅོས་གཏོང་བའི་བྱ་འགུལ་ནང་དུ་ཞུགས་པར་ཐག་བཅད། ཟླ༡༠པའི་ཚེས༨ཉིན། ཀྲོའུ་ཙུང་ལི་དང་ཀྲུང་དབྱང་གི་དབུ་ཁྲིད་གཞན་པ་འགས་པེ་ཅིན་གསོལ་མགྲོན་ཁང་དུ་ཁོང་ཚོར་སྐྱེལ་མ་བྱེད་པའི་སྤྲོ་ཚོགས་བསྡུས། ཚོགས་ཐོག་ཏུ་ཀྲོའུ་ཙུང་ལིས་གསུང་བཤད་ཐུང་ཐུང་ཞིག་གནང་། ཁོང་གིས་སློབ་མ་རྣམས་བོད་ལྗོངས་སུ་ལོག་རྗེས་མི་དམངས་མང་ཚོགས་སྐུལ་སློང་བྱས་ནས་དཔའ་ངར་ཞུམ་མེད་ངང་འཐབ་འཛིང་བྱ་དགོས་པ་དང། ལུས་སྲོག་བློས་གཏོང་དགོས་ནའང་ཏང་གི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དང་མི་རིགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱ་དགོས་ཚུལ་བསྟན། ཚོགས་འདུ་གྲོལ་རྗེས། ཙུང་ལི་དང་སློབ་མ་ཚོ་མཉམ་དུ་འདྲ་པར་བླངས་ནས་དགོང་ཚིགས་མཉམ་རོལ་བྱས། སློབ་མ་དེ་ཚོས་བོད་ལྗོངས་སུ་ལོག་རྗེས་ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར་ཕན་ནུས་གལ་ཆེ་བ་ཐོན་ཡོད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་འཕེལ་རྒྱས་འགྲོ་བ་དང་། སློབ་གྲྭ་འཛུགས་སྐྱོང་གི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་སྐོར་ལའང་བླང་བྱ་གསར་པ་བཏོན་པ་རེད། ༢༠༠༨ལོའི་ཟླ༡༠པའི་ཚེས༥ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིང་ཐའོ་ཡིས་བོད་ལྗོངས་མི་རིགས་སློབ་གླིང་སློབ་གྲྭ་བཙུགས་ནས་ལོ་འཁོར༥༠སླེབས་སྐབས། སྲོལ་རྒྱུན་བཟང་པོ་དར་སྤེལ་བྱ་དགོས་པ་དང། དུས་རབས་ཀྱི་འགྲོས་དང་བསྟུན་དགོས་པ། མི་རིགས་སློབ་གསོའི་ཆོས་ཉིད་འཚོལ་ཞིབ་བྱ་དགོས་པ། སློབ་གསོ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བོད་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། བོད་ལྗོངས་བདེ་འཇགས་དང་མཐུན་སྒྲིལ་ཡོང་བ་བཅས་ལ་ནུས་པ་གང་ཡོད་འདོན་དགོས་པའི་བླང་བྱ་བཏོན། ང་རང་ཉིད་ཀྱི་བསམ་ཚུལ་ལ་དེ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་སྐོར་ལ་བཏོན་པའི་བླང་བྱ་གསར་པ་ཡང་རེད་འདུག ཏང་ཀྲུང་དབྱང་གི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར། ལས་རིགས་ཁག་སོ་སོའི་རོགས་རམ་འོག་ཏུ། ང་ཚོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱ་གཞག་དེ་དུས་བསྟུན་ཡར་རྒྱས་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་འཇོག་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1