འོག་གི་རེའུ་མིག་ལས་ཤད་ཀྱིས་སྒྲ་གདངས་གཅིག་པའི་ཚེག་ཁྱིམ་སྐོར་རེ་རྫོགས་པ་མཚོན།
རེའུ་མིག་འདིར་གསལ་བཤད་ཞུ་དགོས་པ་འགའ་ཡོད་དེ། རེའུ་མིག་ཏུ་གསལ་བ་བཞིན་ལུས་ཀྱི་ཡི་གེ་འཕུལ་ལྡན་དང་མགོ་ཅན་གྱི་སྒྲ་ཕན་ཚུན་འདྲ་ཡང། གསལ་བྱེད་རྐྱང་པ་དང་ཡོངས་སུ་གཅིག་པ་མ་ཡིན་པར་སྣང་སྟེ། ས་སྐྱ་བསོད་ནམས་རྩེ་མོའི《ཡི་གེ་བཀླག་ཐབས》སུ་རྐ་སོགས་དང་ཀྐ་ཡི་སྒྲ་གཅིག་པར་བསྟན་འདུག་ལ། སྣར་ཐང་ལོ་ཙཱ་པའི་སྔགས་བཀླག་ཐབས་སུ“འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག།།”ཅེས་དང་། བཀླག་ཐབས་དེའི་རང་འགྲེལ་དུ“ཁ་ཁེངས་པ་སྐད་གསང་མཐོན་པོའི་གདངས་ཀྱིས་བཀླག་ལ”ཞེས་གསུངས་པར་བལྟས་ན། འདྲ་བའི་གསལ་བྱེད་བརྩེགས་པ་དང་གསལ་བྱེད་རྐྱང་པ་གཉིས་ཀྱི་སྒྲ་གདངས་མི་གཅིག་པ་ཤེས་ཐུབ། ད་དུང《ཡི་གེ་བཀླག་ཐབས》སུ“དབུས་པས་ར་སའི་མགོ་ཅན་དང་རྐྱང་པ་འདྲེས”ཞེས་གསུངས་པར་བརྟགས་ན། དུས་རབས་བཅུ་གཉིས་པར་གཙང་སྐད་དུ་མགོ་ཅན་དང་རྐྱང་པའི་སྒྲ་གདངས་ལ་ཁྱད་པར་ཡོད་ཅིང་། དབུས་སྐད་དུ་ཡང་ལ་མགོ་ཅན་གྱི་སྒྲ་གདངས་དེ་རྐྱང་པ་དང་ཁྱད་པར་ཡོད་པ་ཤེས་ཐུབ། གོང་གི་དག་ཡིག་ལ་ལར་གསལ་བྱེད་རྐྱང་པ་དང་མགོ་འཕུལ་ཅན་ཕན་ཚུན་བསྡུར་ཏེ་སྟོན་པ་འགའ་ཞིག་ཡོད་ན་ཡང། བོད་སྐད་ཀྱི་ལོ་རྒྱུས་འགྱུར་ལྡོག་གི་ཁྱབ་མཉམ་རང་བཞིན་གཞིར་བཟུང་ནས་རེའུ་མིག་འདིར་གསལ་བྱེད་རྐྱང་པའི་སྒྲ་གདངས་དེ་མགོ་འཕུལ་ཅན་དང་མི་འདྲ་བར་བསྡུས་པའོ། ། གཞན་ཡང《དག་ཡིག་ཉེར་མཁོ་བསྡུས་པ》རུ“ཡུ་མར་ཇ་ནི་ཇ་རྐྱང་སྟེ། ། བ་བྱ་མཁའ་ལ་འཕུར་བའི་བྱ”གསུངས་པར་བལྟས་ན། ཇ་དང་བྱ་གཉིས་སྒྲ་གཅིག་ཀྱང་། 《དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ》རུ“ལྕགས་རིགས་ཞ་ནི་ཞ་རྐྱང་
ལ། ། འཕུར་བའི་བྱ་ནི་བ་བྱ་ཡིན”ཞེས་དང་། “འཆིང་བྱེད་ཞགས་པ་ཞ་ཞགས་ལ། ། ཕྱགས་མ་དག་ནི་ཕ་ཕྱགས་ཡིན”ཞེས་གསུངས་པར་བལྟས་ན། ཞ་བྱ་ཕྱ་གསུམ་སྒྲ་འདྲ་བར་སྣང་། ཡིན་ན་ཡང་ད་ལྟའི་དབུས་གཙང་སྐད་དུ་ཞ་དང་བྱ་གཉིས་ཀྱི་སྒྲ་གདངས་ཐ་དད་དུ་སྣང་བས་གོང་མ་ལྟར་ཕྱོགས་བསྡུས་བྱས་པ་ཡིན།
(གཉིས) ལུས་ཀྱི་ཡི་གེའི་སྒྲ་གདངས་ཕྱོགས་སྡོམ་བྱས་ནས་དེའི་ཁྱད་ཆོས་བརྗོད་པ།
གཤམ་དུ་གོང་གསལ་རེའུ་མིག་ཁྲོད་ཀྱི་སྒྲ་གདངས་གཅིག་པའི་ཡི་གེ་དེ་དག་མུ་མཐུད་དུ་ལེགས་སྒྲིག་བྱེད་པ་དང་། བོད་ཡིག་དང་དེང་རབས་ཡུལ་སྐད་ཕན་ཚུན་ལྟོས་ཟླ་ཡིན་པའི་རིགས་འདེད་བྱེད་པ། དེང་གི་དབུས་གཙང་སྐད་ཀྱི་སྒྲ་གདངས་བཅས་མཉམ་འབྲེལ་གྱིས་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་ལུས་ཀྱི་ཡི་གེའི་ཀློག་ཚུལ་ཕྱོགས་སྡོམ་བྱས་པའི་རེའུ་མིག་ཅིག་བཀོད་ན་འདི་ལྟ་སྟེ།
གོང་གི་རེའུ་མིག་ལྟར་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་བོད་ཡིག་གི་ལུས་ཀྱི་ཡི་གེའི་ཀློག་ཚུལ་ལམ་སྒྲ་གདངས་དེ་ད་ལྟའི་དབུས་གཙང་ཡུལ་གྱི་བོད་ཡིག་གི་ཀློག་ཚུལ་དང་ཡུལ་སྐད་ལ་བསྡུར་ན། ཐུན་མིན་གྱི་ཁྱད་ཆོས་འདི་དག་ཡོད་དེ།
༡.འས་འཕུལ་ཅན་དང་མས་འཕུལ་ཅན་གཉིས་ཀྱི་སྒྲ་གདངས་ཕན་ཚུན་འདྲ་ཡང་དེ་གཉིས་མགོ་འཕུལ་ཅན་གཞན་རྣམས་དང་སྒྲ་གདངས་མི་གཅིག་པ་རེད། ཁྱད་ཆོས་འདིས་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་དབུས་གཙང་སྐད་དེ་བཙན་པོའི་དུས་ཀྱི་སྐད(བོད་ཡིག)དང་བསྡུར་ན། མགོ་འཕུལ་གྱི་སྒྲ་གདངས་ཕལ་མོ་ཆེའི་སྒྲ་ཉམས་པའམ་ཞན་པར་གྱུར་ཡོད། ཡིན་ནའང་གསལ་བྱེད་སྦྲགས་མའི་དབྱངས་སྔོན(གསལ་བྱེད་སྦྲགས་མའི་ཧྲེང་མུའུ)ངེས་པར་ཡོད་དེ། དཔེར་ན། མས་འཕུལ་ཅན་དེ་འས་འཕུལ་ཅན་དང་ནོར་འགྲོ་བར་ས་སྐྱ་བསོད་ནམས་རྩེ་མོས་གསུངས་ཤིང་། ས་སྐྱ་པཎྜི་ཏའི་དག་ཡིག་གཉིས་སུའང་མས་འཕུལ་ཅན་དང་འས་འཕུལ་ཅན་མི་འཁྲུལ་བའི་ཕྱིར་དག་ཡིག་བརྩམས་ཡོད་པ་མ་གཏོགས། མས་འས་འཕུལ་བ་དང་གསལ་བྱེད་རྐྱང་པ་ཕན་ཚུན་ནོར་འགྲོ་བར་བསྟན་པ་གཅིག་ཀྱང་མི་འདུག དེའི་ཕྱིར་དེང་སང་གཙང་སྐད་དུ་མས་འས་འཕུལ་བའི་ལུས་ཀྱི་ཡི་གེ་རྣམས་གསལ་བྱེད་རྐྱང་པའམ་མགོ་འཕུལ་ཅན་དང་སྒྲ་གདངས་གཅིག་ཏུ་ངེས་ཀྱང་། དུས་རབས་བཅུ་གསུམ་པར་དེ་ལྟ་མ་ཡིན་པར་ངེས། ས་སྐྱ་བསོད་ནམས་རྩེ་མོས“གཙང་པས་མས་འཕུལ་འས་འཕུལ་དུ། ། ནོར་ཞིང”ཞེས་གསུངས་པ་ལ་བལྟས་ན། དུས་སྐབས་དེར་དབུས་པས་མས་འཕུལ་དང་འས་འཕུལ་མི་ནོར་བ་མ་ཟད། གཙང་སྐད་དུ་ཡང་འས་འཕུལ་གྱི་སྒྲ་གདངས་མ་ཉམས་པ་རྟོགས་ཐུབ།
༢.དུས་རབས་བཅུ་གཉིས་པ་ཡས་མས་སུ་དབུས་གཙང་སྐད་དུ་གསལ་བྱེད་རྐྱང་པ་དང་མགོ་འཕུལ་ཅན་གྱི་སྒྲ་གདངས་གཅིག་ཏུ་འགྱུར་བའི་མགོ་བརྩམས་ཡོད་དེ། གོང་གི《དག་ཡིག་ཉེར་མཁོ་བསྡུས་པ》དང《ཡི་གེའི་བཀླག་ཐབས》གཉིས་སུ་གསལ་བྱེད་རྐྱང་པ་དང་མགོ་འཕུལ་ཅན་ཕན་ཚུན་བསྡུར་ནས་བཤད་པ་རེ་གཉིས་ལས་མི་མཐོང་ཡང་། དག་ཡིག་ཕྱི་མ་དེ་གཉིས་སུ་གསལ་བྱེད་རྐྱང་པ་དང་མགོ་འཕུལ་ཅན་ཕན་ཚུན་བསྡུར་བ་ཇེ་མང་དུ་སོང་ཡོད་དོ། ། དཔེར་ན། དུས་རབས་བཅུ་དྲུག་པར་སླེབས་དུས་བས་འཕུལ་གྱི་སྒྲ་ཡོངས་སུ་ཉམས་ཡོད་དེ། དཔལ་ཁང་ལོ་ཙཱ་པས་སྤྱི་ལོ༡༥༣༨ལོར་བརྩམས་པའི《དག་ཡིག་ངག་སྒྲོན》དུ“ཕྱག་དར་ལག་དར་གད་མོ་དང་། ། སྐྲ་ཤད་སོགས་ལ་བས་འཕུལ་སྤང་། ། བསེར་བུ་སྐྱོ་བསངས་རྒྱ་མོ་བཟའ། ། ཕྱི་བདར་སོགས་ལ་མེད་ན་ནོར”⑦ སོགས་གསུངས་པ་ལྟ་བུའོ། །
༣.དབུས་སྐད་དང་གཙང་སྐད་བསྡུར་ན། སྒྲ་གདངས་ཀྱི་སྤྱིའི་ཁྱད་ཆོས་གཅིག་ཏུ་ངེས་ཀྱང་། ཡུལ་སྐད་དེ་གཉིས་སོ་སོའི་འཕེལ་འགྱུར་གྱི་ཚད་ཅུང་ཟད་མི་འདྲ་སྟེ། 《ཡི་གེ་བཀླག་ཐབས》སུ“དབུས་པས་ར་སའི་མགོ་ཅན་དང་། ། རྐྱང་པར་འདྲེ་ཞིང་ཡ་སྟ་དང་། ། ར་སྟར་ཡང་ནི་ནོར་བ་ཡོད”ཅེས་གསུངས་པར་བལྟས་ན། སྐབས་དེར་དབུས་སྐད་ཀྱི་ར་སའི་མགོ་ཅན་གྱི་སྒྲ་ཡོངས་སུ་ཉམས་པ་དང་། གཙང་སྐད་དུ་མ་ཉམས་པ་རྟོགས་ཐུབ་པ་དང་། ད་དུང“གཙང་པས་མས་འཕུལ་འས་འཕུལ་དུ། ། ནོར་ཞིང་ར་ཡི་མགོ་ཅན་དང་། ། གས་འཕུལ་དས་འཕུལ་ནོར་བ་ཡོད”ཅེས་པར་བརྟགས་ན། གཙང་སྐད་དུ་གས་འཕུལ་དང་དས་འཕུལ་གྱི་སྒྲ་ཡང་ཟུར་ཙམ་རེ་ཡོད་པ་དང་། ར་སའི་མགོ་ཅན་གྱི་སྒྲ་ཡང་ཟུར་ཕྱིན་པ་ཞིག་མིན་པ་རྟོགས་ཐུབ་ལ། ད་ལྟའི་ཨ་མདོའི་བླ་བྲང་སྐད་དུ་རྐ་སྐ་དཀའ་རྣམས་ཀྱི་སྒྲ[hka]ལྟར་འབྱིན་པ་ལྟ་བུ་དང་ཨེ་འདྲ་སྙམ།
༤. དེང་སང་གི་དབུས་གཙང་སྐད་དུ་སྲ་དེ་ས་དང་འདྲ་བར[sa5 5]ཞེས་ཀློག་པ་དང་། བསྲ་དེ་མཚམས་ལ་ལར[tsa5 5]ཞེས་ཀློག་ལ། མཚམས་ལ་ལར[sa5 5]
འམ[sa5 5]རུ་ཀློག་མོད། དུས་རབས་བཅུ་གཉིས་པ་ཡས་མས་སུ་སྲ་དང་བསྲ་གཉིས་ཀའི་སྒྲ་གདངས་དེ་ཀྲ་དང་དཀྲ་སོགས་དང་འདྲ་བ་གོང་གི་དག་ཡིག་དག་ལས་ཤེས་ཐུབ།
༥. དུས་རབས་བཅུ་གཉིས་པ་ཡས་མས་སུ་དབུས་གཙང་སྐད་དུ་ཝ་བཏགས་ཀྱིས་སྒྲའི་ཁྱད་པར་མི་འབྱེད་པ་དག་ཡིག་དག་ལས་ཤེས་ཐུབ། ཡིན་ནའང《ཡི་གེའི་བཀླག་ཐབས》སུ“ཝ་ནི་ཀུན་ལ་གདགས་རུང་ཡང་། ། སྐབས་ཀྱིས་བཅོ་ལྔ་དག་ལ་འཇུག། ཝ་བཏགས་གུག་བསྐྱེད་མི་འཇུག་པས། ། དེས་ན་ཝ་ནི་ཡན་ལག་ཡིན”ཞེས་གསུངས་པ་དང་། བཙན་པོའི་དུས་ཀྱི་དབོན་ཞང་རྡོ་རིང་དུ་བོད་རྒྱ་ཤན་སྦྱར་གྱི་རྒྱའི་སྲིད་བློན་རྣམས་ཀྱི་མིང་རུས་བཀོད་པ་ལ། “金紫光”ཞེས་པར་ཀྀམ་ཙཱ་ཀྭང་དང། “王播”ཞེས་པར་འྭང་ཕ། “杜元颖”ཞེས་པར་དྭོ་འགྭན་ཡྭེང་ཞེས་བཀོད་པ་དང། སྐད་བརྡ་རིག་པ་སྨྲ་བ་རྣམས་ཀྱིས་དེང་གི་ཡུལ་སྐད་ཀྱི་ཝ་སྟའི་སྒྲ་གདངས་ལ་བརྟགས་པ་བཅས་ལ་བལྟས་ན། ཝ་སྟའི་སྒྲ་གདངས་ནི་ཐོག་མ་ནས་དབྱངས་ཤིག་གམ་དབྱངས་ཕྱེད་ཀ་ཞིག་ཏུ་ངེས་སོ། །
༦. དབྱངས་གུག་འགྲེང་གཉིས་ལྡན་ཚེ་གསལ་བྱེད་སྡེ་བ་དང་པོའི་ཡི་གེ་རྣམས་ཡ་སྟ་ཡོད་མེད་གཉིས་ཀ་སྒྲ་འདྲ་བར་འགྱུར་ལ། སྣ་སྒྲ་ང་ཉ་གཉིས་ཀྱང་སྒྲ་འདྲ་བར་འགྱུར་ཏེ། 《ཡི་གེའི་བཀླག་ཐབས》སུ“ཀེ་ཀྱེ་ཁེ་ཁྱེ་གེ་གྱེ་དང་། ། ངེ་ཉེ་ཀི་ཀྱི་ཁི་ཁྱི་དང་། ། གི་གྱི་ངི་ཉི་དགེ་དགྱེ་ནོར། ། གུག་འགྲེང་ཡ་དང་གནས་གཅིག་ཕྱིར”ཞེས་གསུངས་པ་དང་། 《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ》རུ“ངེས་པ་སྒྲོ་འདོགས་ཆོད་པ་སྟེ། ། ཉེས་པ་མ་ལེགས་པ་ཡི་མིང”ཞེས་ངེས་དང་ཉེས་གཉིས་ཕན་ཚུན་བསྡུར་ཡོད་པ་དང་། 《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག》ཏུའང་དབེ་དང་དབྱེ། དགེ་དང་དགྱེ། ངེས་དང་ཉེས་བཅས་ཕན་ཚུན་བསྡུར་ཡོད་ལ། “ཁེངས་དང་དགེ་བ་ཀེང་རུས་དང་། ། ཡི་གེ་སོགས་ལ་ཡ་བཏགས་མེད། །”
ཅེས་གསུངས་པ་ལྟ་བུའོ། །
༧. གོང་གི་རེའུ་མིག་དེས་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་དབུས་གཙང་སྐད་ཀྱི་ལུས་ཀྱི་ཡི་གེའི་སྒྲ(ཧྲེང་མུའུ)མཚོན་ཐུབ་པའི་དབང་དུ་བཏང་ན། སྐབས་དེའི་ལུས་ཀྱི་ཡི་གེའི་སྒྲའི་བསྡོམས་ནི་བདུན་ཅུ་ཡས་མས་ཤིག་ཏུ་ངེས་ཤིང་། བཙན་པོའི་དུས་ཀྱི་སུམ་ཆའི་གཅིག་ལྷག་དང་། དེང་རབས་དབུས་གཙང་སྐད་དང་མངའ་རིས་སྐད་ལས་ལྡབ་གཅིག་གིས་མང་བ། དེང་རབས་སྡེ་དགེའི་སྐད་ལས་ཉི་ཤུ་ཙམ་གྱིས་མང་བ། དེང་རབས་ཨ་མདོའི་འབྲོག་སྐད་ལས་རྔ་བའི་ཁྱུང་མཆུ་སྐད་ཀྱི་ཕྱེད་ཀ་ཙམ། ཨ་མདོའི་རོང་མ་འབྲོག་སྐད་ཀྱི་བླ་བྲང་སྐད་ལས་བཅུ་ལྷག་གིས་མང་བ་ཞིག་རེད།
གཉིས་པ། ཡན་ལག་གི་ཡི་གེའི⑧ སྒྲ་གདངས་དང་། མཐུད་ཀློག་གི་ཁྱད་ཆོས་གླེང་བ།
དབུས་གཙང་སྐད་དུ་དུས་ད་ལྟའང་གནའ་བོའི་བོད་སྐད་ཀྱི་དབྱངས་མ་ཉམས་པར་ཡོད་པ་མ་ཟད། བསྡོམས་པས་དབྱངས་རྐྱང་པ་བརྒྱད་དང་སྦྲགས་མ་བཞི་ཡོད་པ་དང་། 《ཡི་གེའི་བཀླག་ཐབས》སུ“དབུས་གཙང་གཉིས་ཀའི་ཡུལ་མཐིལ་གྱི། ། ཐ་མལ་པ་ཡི་སྐད་རྣམས་ལ། ། མཐའ་རྟེན་རྫོགས་པ་རབ་ཏུ་ཉུང།།”
ཞེས་གསུངས་པར་གཞིགས་ན། དུས་སྐབས་དེའི་དབུས་གཙང་གི་མི་སེར་ཕལ་བའི་སྐད་དུ་རྗེས་འཇུག་འགའ་ཞིག་གི་སྒྲ་གདངས་གསལ་པོར་མི་ཐོན་པ་རྟོགས་ཐུབ་ལ། བོད་སྐད་སྤྱིའི་འཕེལ་ཕྱོགས་ནི་རྗེས་འཇུག་ཉམས་པ་དང་སྦྲགས་ནས་དབྱངས་གསར་བ་འབྱུང་བ་ཞིག་ཡིན་པས། སྐབས་དེ་ལའང་རྗེས་འཇུག་ཉམས་པ་དང་བསྟུན་ནས་དབྱངས་གསར་བ་བྱུང་ཡོད་སྲིད།
རྒྱ་ཡིག་གི་ཡོན་རྒྱལ་རབས་ཀྱི་ཡིག་ཚང་འགའ་ན། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན(1239- 1280) ལ“八合思巴罗古罗思监藏”དང་། གྲགས་པ་འོད་ཟེར(1246-1303)ལ“乞刺思八斡节”དང། གུ་ཤྲཱི་བསོད་ནམས་གྲགས་པ(1359-1408)ལ“琐南札思巴”ལྟར་སྒྲ་སྒྱུར་བྱས་ཡོད་པས་སྐབས་དེ་དག་ཏུ་བོད་ཀྱི་ཡུལ་ལུང་ལ་ལ་ན་རྗེས་འཇུག་སའི་སྒྲ་མ་ཉམས་པ་ཤེས་ཐུབ། ཡིན་ནའང་སྐབས་དེ་དག་ཏུ་དབུས་གཙང་སྐད་དུ་རྗེས་འཇུག་སའི་སྒྲ་ཉམས་པའི་མགོ་ཚུགས་ཡོད་སྲིད་དེ། དུས་རབས་བཅོ་ལྔ་པར་ལོ་ཙཱ་པ་ཞ་ལུ་ཆོས་སྐྱོང་བཟང་པོས་མཛད་པའི《བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ》རུ“གསུང་རབ་མཁྱེན་རབ་རིག་སྔགས་དང་། ། མཁའ་སྤྱོད་ས་སྤྱོད་གོ་འཕང་དང་། ། ཉམ་ང་ཉམ་ཆུང་ཉམ་ཐག་དང་། ། ལོ་ཏོག་སོགས་ལ་ས་མཐའ་སྤང་། ། ལྷས་བྱིན་ཀླུས་བྱིན་མིས་བྱིན་སོགས། ། མང་པོ་ཞིག་ལ་མེད་ན་ནོར། །”⑨ཞེས་གསུངས་པར་བལྟས་ན། དུས་རབས་བཅོ་ལྔ་པའི་གོང་རོལ་ཞིག་ནས་རྗེས་འཇུག་ས་ཡིག་གི་སྒྲ་གདངས་ཉམས་ཟིན་པ་རྟོགས་ཐུབ།
《ཡི་གེའི་བཀླག་ཐབས་ཀྱི་རང་འགྲེལ》དུ་རྗེས་འཇུག་དང་མིང་མཐའི་ཡི་གེ་གཅིག་པ་ཡིན་ན་ལྡབས་པའི་ཟུར་ཡང་འབྱིན་དཀའ་བས་བྱིན་ནོ་ལ་བྱི་ནོ་དང། འགྱུར་རོ་ལ་འགྱུ་རོ། བྱེད་དོ་ལ་བྱེ་དོ། འགལ་ལོ་ལ་འགའ་ལོ། བསམ་མོ་ལ་བསའ་མོ་ལ་སོགས་སུ་ནོར་བར་ཀློག་པའམ་འབྲི་བར་བསྟན་པར་བལྟས་ན། ཡི་གེ་དེ་དག་ལ་མིང་མཐའ་མེད་པའི་ཚེ་རྗེས་འཇུག་ལ་དང་དའི་སྒྲ་ཡང་ཉམས་མེད་པར་སྣང་མོད། ཡིག་ཆ་ཞིབ་མོ་ཞིག་མ་རྙེད་པས་ཞིབ་ཏུ་བརྗོད་ཐབས་བྲལ།
ཚེག་ཁྱིམ་མཐུད་ཀློག་གི་དབང་གིས་ཚེག་ཁྱིམ་སྔ་ཕྱིའི་སྒྲ་གདངས་ལ་འགྱུར་བ་འབྱུང་བ་དང་ཚིག་སྡུད་ཀྱི་དབང་གིས་རྗེས་འཇུག་བྱུང་བ་ཡང་ཡོད་དེ། གོང་གསལ་དག་ཡིག་དག་ལས་འབྱུང་བ་ཁག་ཅིག་བཀོད་ན། ཚེག་ཁྱིམ་སྔ་མས་ཚེག་ཁྱིམ་ཕྱི་མའི་སྒྲ་གདངས་ལ་འགྱུར་བ་གཏོང་བ་ནི། 《ཡི་གེའི་བཀླག་ཐབས》ཀྱི་རང་འགྲེལ་དུ“མིང་མཐར་ཝ་སྒྲ་དབྱུང་དཀའ་སྟེ། ། འགྱུར་བ་ལ་འགྱུ་ར། གསལ་བ་ལ་གསའ་ལ། བྱུང་བ་ལ་བྱུང་ང་། ར་ལ་ང་མཐར་དེ་ནོར་ཞིང་། ། གཞན་དག་བ་ནི་དགའ་བོ་ལ་དགའ་འོ། འར་ནོར་འགྱུར། ། ང་པ་དབང་པོ་ལ་དབའ་པོ། །”ཞེས་གསུངས་པ་དང་། 《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག》ཏུ་མངོན་པར་ལ་མངོན་འབར་དང། བྲམ་ཟེ་ལ་བྲམ་གཟེ་དང་། ལེགས་སོ་ལ་ལེགས་གསོ་དང་། ཐོག་མ་ལ་ཐོག་དམའ། གུས་པ་ལ་གུས་སྤ། མོས་པ་ལ་མོས་སྤ། རྒོད་མ་ལ་རྒོད་དམའ་སོགས་སུ་འབྱུང་བ་རྣམས་མ་དག་པར་བསྟན་པ་བཞིན་ནོ། ། ཚེག་ཁྱིམ་ཕྱི་མས་ཚེག་ཁྱིམ་སྔ་མར་འགྱུར་བ་གཏོང་བ་ནི། 《ཡི་གེའི་བཀླག་ཐབས་ཀྱི་རང་འགྲེལ》དུ་རྗེས་འཇུག་དང་མིང་མཐའི་ཡི་གེ་གཅིག་པ་ཡིན་ན་ལྡབས་པའི་ཟུར་ཡང་འབྱིན་དཀའ་བས་བྱིན་ནོ་ལ་བྱི་ནོ་དང་། འགྱུར་རོ་ལ་འགྱུ་རོ། བྱེད་དོ་ལ་བྱེ་དོ། འགལ་ལོ་ལ་འགའ་ལོ། བསམ་མོ་ལ་བསའ་མོ་ལ་སོགས་སུ་ནོར་བར་ཀློག་པའམ་འབྲི་བར་བསྟན་པ་དང་། 《དག་ཡིག་ཉེར་མཁོ་བསྡུས་པ》རུ“ལྷ་བཙུན་བཟའ་བཏུང་མེད་པ་དང་། ། ཆེ་བཙུན་ན་བཟའ་ཧྲུལ་བ་དང་། ། ལྷ་རྗེ་ང་རྒྱལ་ཆེ་བ་དང་། ། བྱ་རྒོད་རྡོ་རྗེ་བཅོམ་པ་རྣམས། ། མེ་ཏོག་རྒྱ་མཚོར་ལྷུང་བ་འདྲ། ། ཞེས་སོགས་མཐའ་རྟེན་མེད་ཕྱིར་སྤང་། །”ཞེས་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་དང་མགོ་ཅན་གྱི་དབང་གིས་ཚེག་ཁྱིམ་སྔ་མར་རྗེས་འཇུག་བྱུང་བ་གསུངས་པ་བཞིན་ཡིན་ལ། ཚིག་སྡུད་ཀྱི་དབང་གིས་རྗེས་འཇུག་བྱུང་བ་ནི་དག་ཡིག་དེ་རང་དུ་མྱ་ངན་ལས་འདས་པ་ལ་མྱང་འདས་དང། ཕ་རོལ་ཏུ་ཕྱིན་པ་ལ་ཕར་ཕྱིན། ཉེ་བར་ཞི་བ་ལ་ཉེར་ཞི་ཞེས་པ་སོགས་ལྷུག་པའི་ཚེ་མི་འཐོབ་ཀྱང་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ་དགོས་པའང་ཡོད་པར་བསྟན་པ་བཞིན་ནོ། །
⑤མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། སུམ་རྟགས་དང་དག་ཡིག[M]མི་རིགས་དཔེ་སྐྲུན་ཁང་། 2004:214-220
⑥ བསྟན་བཅོས་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་ན་ཡོད་པའི་སྣ་ཐུང་དབུ་མེད་དཔེ་ཚུགས་ཀྱི་བྲིས་མ་ཞིག་ཡིན།
⑦ དཔལ་ཁང་ལོ་ཙཱ་པ་སོགས་ཀྱིས་བརྩམས། ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། [M]མི་རིགས་དཔེ་སྐྲུན་ཁང་། 1989:37
⑧ སྤྱིར་ས་སྐྱ་བསོད་ནམས་རྩེ་མོས་དབྱངས་ཡིག་ལ་ཡན་ལག་གི་ཡི་གེ་ཞེས་བཏགས་ཡོད་ནའང་། གོང་ནས་བརྗོད་པ་ལྟར་ལུས་ཀྱི་ཡི་གེ་ཞེས་པ་གསལ་བྱེད་སུམ་ཅུ་ཁོ་ནར་གོ་བ་མ་ཡིན་པར། དབྱངས་དང་རྗེས་འཇུག་སྦྱར་ཡུལ་གྱི་ཡི་གེ་ཉིས་བརྒྱ་དང་བརྒྱད་ལ་གོ་བ་ཡིན་པས། འདིར་ཡན་ལག་གི་ཡི་གེའི་ཁོངས་སུ་རྗེས་འཇུག་ཀྱང་བསྡུས་ནས། དེང་རབས་སྐད་བརྡ་རིག་པའི་ཁྲོད་ཀྱི་ཡུན་མུའུ(韵母)ཡི་ཚབ་ཏུ་བཞག་པའོ། །
⑨ མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། སུམ་རྟགས་དང་དག་ཡིག[M]མི་རིགས་དཔེ་སྐྲུན་ཁང་། 2004:319