གངས་ཅན་མིག་གཅིག་ཐོན་མི་སམྦྷོ་ཊ། ། སྒྲ་རིག་རྒྱ་མཚོའི་མཐར་སོན་ཆོས་འབྱུང་གནས། ། བརྡ་སྤྲོད་གཞུང་དོན་གསལ་འགྲེལ་ཆོས་བཟང་ཞབས། ། རྣམ་གསུམ་མཛད་རྗེས་སྙིང་གི་རི་མོར་མཛེས། ། རང་རེའི་བོད་གངས་ཅན་གྱི་ལྗོངས་འདིར་འཇམ་དབྱངས་མིའི་རྣམ་རོལ་སློབ་དཔོན་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་གཏོད་མཛད་ཅིང་། བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་སུམ་ཅུ་པ་དང་རྟགས་འཇུག་གཉིས་མཛད་པ་ནས་ད་བར་དུ་གཞུང་འདི་གཉིས་ཀྱི་འཆད་ཉན་རྒྱུན་མ་ཆད་པར་དར་བར་མ་ཟད། འདི་གཉིས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ཀྱང་བགྲང་གིས་མི་ལང་བ་ཞིག་བཞུགས་ལ། དེ་དག་ལས་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་གཉིས་ཀྱི་འགྲེལ་པ་ནི་ཉི་ཟླ་ལྟར་གྲགས་ཆེ་ལ་དོན་ལ་ཡང་གནས། མཁས་དབང་སི་ཏུའི་འགྲེལ་པའི་རྗེས་སུ་འབྲངས་ནས་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སི་ཏུའི་ཞལ་ལུང་ནི་ཚིག་ཉུང་དོན་འདུས་གཞན་ལས་ལྷག་པའི་ཁྱད་ཆོས་མང་དུ་ཡོད་པས་སློབ་གྲྭ་ཆེན་མོ་དུ་མའི་བརྡ་སྤྲོད་ཀྱི་བསླབ་དེབ་ཏུ་བདམས་ནས་སློབ་ཁྲིད་བྱེད་བཞིན་ཡོད་ལ། འདིར་ཁོ་བོས་ཀྱང་སློབ་ཁྲིད་བྱེད་སྐབས་ཉེ་བར་མཁོ་བའི་སྔོན་འགྲོའི་སྐོར་དང་མཆོད་བརྗོད། བར་སྐབས་ཚིགས་བཅད་བཅས་ཀྱི་འགྲེལ་པ་མདོར་བསྡུས་ཤིག་བྲི་བར་བྱ་བ་ལ།
དང་པོ། མཛད་པ་པོའི་ཆེ་བ།
དངུལ་ཆུ་དྷརྨ་བྷ་དྲའམ་བླ་མ་ཆོས་བཟང་མཆོག་ནི། གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་མཁའ་འགྲོ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་སྟེ་སྤྱི་ལོ༡༧༧༢ལོའི་ཟླ་བ་དགུ་པའི་ཚེས་དགུའི་ཉིན་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སྐུ་ཞང་རྒན་པོ་ལྷ་བུ་ཞེས་པ་ལས་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས། ཁྱིམ་ཚང་ཤིན་ཏུ་དབུལ་པོ་ཡིན་པས་ར་ལུག་འཚོ་རྫིའི་ཞོར་ལ་རྡོ་ལེབ་ངོས་འཇམ་དང་ས་གཞི་ངོས་སྙོམས་སོགས་ལ་ཡི་གེ་འབྲི་སྦྱོང་གིས་མཛུབ་རྩེ་ཐེངས་མང་པོར་བརྡོལ་ཡང་ཇི་མི་སྙམ་པར་རྒྱུན་འཁྱོངས་མཛད་དེ་ཡུན་མི་རིང་བར་དབུ་ཆེན་དང་དབུ་ཆུང་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་བཞི་པ་རབ་འདོད་ཤིང་སྦྲུལ་ཏེ་སྤྱི་ལོ༡༧༨༥ལོའི་ཟླ་དང་པོར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ནས་སློབ་དཔོན་བློ་བཟང་རྒྱལ་མཚན་གྱི་མདུན་ནས་དབུ་སྐྲའི་གཙུག་ཕུད་འབུལ་བཞེས་ཀྱིས་རབ་ཏུ་བྱུང་། མཚན་ལ་བློ་བཟང་ཚེ་རིང་ཞེས་གསོལ། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔའི་ཉིན་མཁས་དབང་དངུལ་ཆུ་ངག་དབང་རྡོ་རྗེའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བཞེས། བསྲུང་བྱ་མཐའ་དག་ཚུལ་བཞིན་དུ་བསྲུངས། སྐབས་དེར་སྐུ་ཆས་ཤིན་ཏུ་ཞན་མོད་ཚོགས་ནས་འགྱེད་ཆུང་རེ་རྙེད་ནའང་དཔེ་ཆ་བླུ་བ་སོགས་མཛད་ནས་རང་གི་འཚོ་བ་ངན་ངོན་ཙམ་གྱིས་ཆོག་པར་མཛད། དགུང་ལོ་བཅོ་བརྒྱད་ཐོག་གཅེན་པོ་རྟ་མགྲིན་དབང་རྒྱལ་དུས་ལས་འདས་པ་དང་། བཅུ་དགུ་པའི་ཐོག་མ་ཡུམ་དང་སྲུ་མོ་གཉིས་ཀྱང་སྔ་རྟིང་དུ་འདས་པས་ཐུགས་སྐྱོ་ཚད་མེད་པ་འཁྲུངས་ཏེ་དབེན་གནས་དངུལ་ཆུ་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། ལོ་དེར་སློབ་དཔོན་ཡེ་ཤེས་དཔལ་གྲུབ་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་བློ་བཟང་སྐལ་བཟང་ཆོས་རྒྱལ་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་མང་དུ་གསན། བླ་མའི་གསུང་རྩོམ་འགའི་ཡི་གེ་པ་ཡང་བྱས། དགུང་ལོ་ཉེར་གཉིས་ནས་སོ་གཉིས་བར་ལོ་བཅུ་ལྷག་གི་རིང་ལ་བཀྲ་ཤིས་ལྷུན་པོ་དགོན་པར་ཐེངས་མང་དུ་ཕེབས་ཏེ་ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་དང་། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ། གྲུབ་དབང་སྐལ་བཟང་ཆོས་རྒྱལ་སོགས་སློབ་དཔོན་མཁས་པ་མང་པོ་ལས་ཟབ་ཆོས་མཐའ་ཡས་པ་གསན། ཁྱད་པར་དུ་རྗེ་དྲུང་བློ་བཟང་དགེ་འདུན་གྱི་སྐུ་དྲུང་དུ་ལེགས་སྦྱར་སྒྲ་རིག་པ་དང་། སྙན་ངག སུམ་རྟགས། མངོན་བརྗོད། སྡེབ་སྦྱོར་སོགས་རིག་གནས་ཆེ་ཆུང་དུ་མར་ཐོས་བསམ་སྒྲོ་འདོགས་བཅད་པས་མཁས་གྲུབ་ཀྱི་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པར་གྱུར། དགུང་ལོ་སོ་ལྔ་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད། དེ་ནས་བཟུང་དགུང་ལོ་བརྒྱད་ཅུའི་བར་གྲུ་འཛིན་དུ་འཆད་ཉན་མཛད་པར་ཐེངས་འགའ་ཕེབས་པ་མ་གཏོགས་དུས་ཕལ་ཆེ་བར་དངུལ་ཆུའི་རི་ཁྲོད་དུ་སྒྲུབ་པ་དང་ཆོས་འཆད་ཉན་ཁོ་ནས་དུས་འདའ་བར་མཛད། སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་འབའ་ཞིག་ལ་གཞོལ། སློབ་མ་ལ་མཁན་ཆེན་ངག་དབང་སྙན་གྲགས་དང་། རི་སྦུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་། ཁང་སར་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས། སྐུ་དབོན་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱུང། གསུང་རྩོམ་གྱི་ཆ་ནས། འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཡིག་མཁས་གྲུབ་དགོངས་འདུས་དང། འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་རྣམ་པར་བཤད་པ་འཁྲུལ་ཟད་མཁས་པའི་ཞལ་ལུང་། སྒྲོལ་མའི་རྣམ་བཤད་ཡིད་འཕྲོག་ཨུཏྤ་ལའི་ཆུན་པོ། རྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དོན་ལྟ་བའི་འདྲེན་བྱེད། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། བོད་མཁས་སྙན་ངག་གི་གབ་ཚིག་གི་དཔེར་བརྗོད་ཀྱི་འགྲེལ་པ། ཡིག་བསྐུར་གྱི་རྣམ་གཞག་མདོར་བསྡུས། ལམ་གཙོའི་འགྲེལ་པ་ཚིག་དོན་གསལ་བའི་སྒྲོན་མེ། གཞན་ཡང་སྒྲུབ་ཐབས་དང་ཆོ་ག དཀར་ཆག དྲིས་ལན། གསོལ་འདེབས་སོགས་དང། ཁོང་གི་གསུང་ཟིན་བྲིས་སུ་བཀོད་པ་ཡང་ཟིན་བྲིས་སྐལ་ལྡན་རེ་སྐོང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་སྙིང་གི་ཐིག་ལེ། འཇིགས་བྱེད་བསྐྱེད་རིམ་ཟིན་བྲིས་དྲང་སྲོང་བླ་མའི་ཞལ་ལུང་། རྗོགས་རིམ་ཟིན་བྲིས་གསང་ཆེན་མྱུར་ལམ། གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་ཟིན་བྲིས། བླ་མ་ལྔ་བཅུ་པའི་ཟིན་བྲིས་འདོད་དགུའི་བུམ་བཟང་། བྱང་སེམས་ཀྱི་བསླབ་བྱའི་ཟིན་བྲིས་བྱང་ཆུབ་གཞུང་ལམ་སྙིང་པོ། བདེ་ལམ་ཟིན་བྲིས་རིན་ཆེན་བང་མཛོད། ཕྱག་ཆེན་ཟིན་བྲིས་འཁྲུལ་བ་ཀུན་སེལ། སྙིང་པོ་དོན་གསུམ་གྱི་ཟིན་བྲིས་གྲུབ་ཆེན་ཞལ་ལུང་གསལ་བའི་མེ་ལོང་། གཏོར་མ་བརྒྱ་རྩའི་ཟིན་བྲིས་སྐལ་ལྡན་ཡིད་ཀྱི་རེ་སྐོང་། བློ་སྦྱོང་དོན་བདུན་མའི་ཟིན་བྲིས་རྒྱལ་སྲས་སྙིང་ནོར། ནཱ་རོ་ཆོས་དྲུག་གི་ཟིན་བྲིས་ཡིད་ཆེས་དགོངས་རྒྱན་སོགས་པོ་ཏི་དྲུག་བཞུགས། དགུང་ལོ་བརྒྱད་ཅུར་ཕེབས་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་སྟེ་སྤྱི་ལོ༡༨༥༡ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ལ་དངུལ་ཆུའི་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད། རྣམ་ཐར་རྒྱས་པར་ཐུགས་སྲས་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་རྗེ་བཙུན་བླ་མ་དྷརྨ་བྷ་དྲའི་རྣམ་པར་ཐར་པ་ཞྭ་སེར་བསྟན་པའི་མཛེས་རྒྱན་ལས་ཤེས་པར་བྱའོ། །
གཉིས་པ། མཚན་གྱི་དོན།
ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། ཞེས་འབྱུང་སྟེ། བརྡ་སྤྲོད་གསལ་བའི་སྙིང་པོ་ལས། ལེགས་སྦྱར་སྐད་ལ་བསྡུས་པ་ཡི། ། རྣམ་དབྱེ་དབྱེ་དང་སོ་སོ་བ། ། བསྡུ་དང་གཞན་དུ་བསྒྱུར་བ་ནི། ། བོད་ལ་བདེ་ཆེད་སྐབས་བཞིན་བྱ། ། ཞེས་གསུངས་པས་ཡུལ་གངས་ཅན་གྱི་སྐད་ཀྱང་ཡིན་ལ། བརྡ་སྤྲོད་པའི་བསྟན་བཅོས་ཀྱང་ཡིན་པའི་གཞི་མཐུན་པར་བྱས་ནས་ཡུལ་གངས་ཅན་གྱི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཞེས་བྱས་ཀྱང་བོད་སྐད་རྐྱང་པ་ལ་མི་རུང་བ་ཆེར་མེད་མོད་ཀྱི། སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ལས། དེ་ལ་བྱཱ་ཀ་ར་ཎ་ནི་ལུང་སྟོན་པའམ་བརྡ་སྤྲོད་པ་སྟེ། སྒྲའི་མཚན་ཉིད་མིང་ཚིག་ཡི་གེའི་རྣམ་འགྱུར་གྱི་སྒོ་ནས་དོན་ལུང་སྟོན་པའམ་བརྡ་སྤྲོད་པས་དེ་སྐད་ཅེས་བྱའོ། ། ཞེས་གསུངས་པ་ལྟར། བརྡ་སྤྲོད་པ་ནི་སྒྲའི་མཚན་ཉིད་དམ་བརྗོད་དོན་གྱི་བརྡ་གདུལ་བྱ་ལ་ངོ་སྤྲད་ནས་གོ་བར་བྱེད་པ་ཡིན་ཅིང་།
དབྱངས་ཅན་བརྡ་སྤྲོད་ཀྱི་འགྲེལ་པ་མཆོག་ཏུ་གསལ་བ་ལས། ཤིང་ནི་ལས་སོ། ། གཅོད་པ་ནི་བྱ་བའོ། ། ཤིང་མཁན་ནི་བྱེད་པ་པོའོ། ། སྟ་རེས་རྡེག་པ་ནི་བྱ་བྱེད་ལས་གསུམ་དུ་བསྡུ་ན་བྱེད་པོར་འདུ་བས། བྱེད་པ་པོ་གཙོ་ཕལ་གཉིས་ཀྱི་གཙོ་བོ་ཤིང་མཁན་དང་། ཕལ་པ་ནི་སྟ་རེའོ། ། ཞེས་གསུངས་པ་ལྟར་ཤིང་མཁན་གྱིས་ཤིང་ལ་སྟ་རེས་གཅོད་ཅེས་ཤིང་མཁན་དང་སྟ་རེ་གཉིས་ཀ་བྱེད་པ་པོ་ཡིན་པས་རྣམ་དབྱེ་གསུམ་པ་སྟེར་པ་བཞིན་དུ། སམྦྷོ་ཊས་གདུལ་བྱ་ལ་གངས་ཅན་གྱི་སྐད་ཀྱིས་སྒྲའི་དོན་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་ཞེས་སམྦྷོ་ཊ་བྱེད་པ་པོ་གཙོ་བོ་དང་། གངས་ཅན་གྱི་སྐད་བྱེད་པ་པོ་ཕལ་པ་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་ངེས་པར་འཐོབ་ཅེས་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ལས་
གསུངས་སོ། །
གསུམ་པ། མཆོད་བརྗོད་ཀྱི་དོན།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཞེས་པ་བོད་སྐད་དུ་བསྒྱུར་ན། ན་མོ་ནི་འདུད་པའམ་ཕྱག་འཚལ་བ། གུ་རུ་ནི་ལྕི་བ་སྟེ་ཡོན་ཏན་གྱིས་ལྕི་བའི་བླ་མ། མཉྫུ་ནི་འཇམ་པ། གྷོ་ཥ་ནི་དབྱངས། ཨ་ཡ་ནི་ལ་དོན་ཏེ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་པའོ། ། དེ་ཡང་བླ་མ་སྟེ་གོང་མའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པས་ན་བླ་མ། སྒྲིབ་གཉིས་ཀྱི་རྩུབ་རེག་དང་བྲལ་བས་ན་འཇམ། གསུང་དབྱངས་ཀྱི་བདག་ཉིད་ཡིན་པས་ན་དབྱངས། ཕྱག་འཚལ་བ་ནི་སྒོ་གསུམ་གུས་པས་འདུད་པའི་དོན་ནོ། ། ཡོན་ཏན་མཆོག་མངའ་སླུ་མེད་རིན་ཆེན་གསུམ། ། ཡེ་ཤེས་མེ་ལོང་གཙུག་ན་ཟླ་བ་དང་། །
རྟ་དབྱངས་བཙུན་པ་ཟླ་བ་སམ་བྷོ་ཊ། ། ལ་སོགས་འཕགས་བོད་མཁས་པའི་ཚོགས་སྤྱི་དང་། ། ཁྱད་པར་དམ་ཆོས་འོ་མའི་རྒྱུན་བཟང་གིས། ། མང་ཐོས་ལུང་གི་ལུས་སྟོབས་ཆེར་བསྐྱེད་ནས། ། རྟོགས་པའི་བསམ་འཕེལ་ལག་རྩེར་སྨིན་མཛད་པའི། ། དྲིན་ཅན་བླ་མའི་ཚོགས་ལ་གུས་བཏུད་ནས། ། ཞེས་པ་སྟེ། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། ། མཁྱེན་དང་བརྩེ་དང་ནུས་པར་ལྡན། ། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ། ཅེས་དང་། བསམ་མེད་གཉིས་མེད་རྟོགས་མེད་པ། ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། ། གང་ཞིག་གང་གིས་ཆགས་བྲལ་བ། ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ། ཞེས་དང་། ཇི་ལྟ་ཇི་སྙེད་ནང་གི་ནི། ། ཡེ་ཤེས་གཟིགས་པ་དག་པའི་ཕྱིར། ། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། ། བླ་མེད་ཡོན་ཏན་དང་ལྡན་ཉིད། ། ཅེས་སོགས་ཀྱི་ཡོན་ཏན་མཆོག་མངའ་བའམ་ལྡན་པའི་སྐྱབས་གནས་སླུ་བ་མེད་པའི་རིན་ཆེན་ནམ་དཀོན་མཆོག་གསུམ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་མེ་ལོང་རྗེ་བཙུན་འཇམ་པའི་དབྱངས། གང་གི་གཙུག་ན་ཟླ་བ་ཕྱེད་པའི་རྒྱན་ཆས་སྤུད་པའི་ཤེས་རབ་ཀྱི་ལྷ་མོ་དབྱངས་ཅན་མ་དང་།
སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། ཞེས་བསྔགས་པའི་རྒྱ་གར་གྱི་སྙན་ངག་མཁན་པོ་སློབ་དཔོན་རྟ་དབྱངས་དང་། ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག ཅེས་བསྔགས་པའི་སྒྲ་རིག་སྨྲ་པའི་དབང་པོ་བཙུན་པ་ཟླ་བ། བོད་གངས་ཅན་གྱི་ལྗོངས་འདིར་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་པའི་གཞུང་ལུགས་ཐོག་མར་མཛད་པ་པོ་ཐོན་མི་སམ་བྷོ་ཊ་དང་། སོགས་ཁོངས་ནས་འཕགས་བོད་དུ་བརྡ་སྤྲོད་རིག་པའི་གཞུང་ལུགས་འདི་ཉིད་དར་ཞིང་རྒྱས་པར་མཛད་པའི་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་འདིར་བྱོན་པའི་མཁས་པའི་དབང་པོའི་ཚོགས་སྤྱི་དང་། ཁྱད་པར་དུ་རྒྱལ་བའི་ལུང་རྟོགས་ཀྱི་དམ་ཆོས་འོ་མའི་རྒྱུན་བཟང་གིས་རྩོམ་པ་པོ་བདག་ལ་གཞུང་ལུགས་དྲི་མ་མེད་པར་མང་དུ་ཐོས་པའི་བློ་གྲོས་ཀྱི་ལུས་སྟོབས་ཆེར་བསྐྱེད་ནས་། རྟོགས་པའི་ཡོན་ཏན་གྱི་དགོས་འདོད་མ་ལུས་འབྱུང་བའི་ནོར་བུ་བསམ་འཕེལ་རིན་པོ་ཆེ་ལག་རྩེར་སྨིན་པའམ་གཏོད་པར་མཛད་པའི་དྲིན་ཅན་བླ་མའི་ཚོགས་རྣམས་ལ་གུས་པས་བཏུད་ནས་ཞེས་པའོ། །
མིང་ཚིག་རིན་ཆེན་འབྱུང་གནས་སིན་དྷུའི་བདག།། རིག་བྱེད་རྣམ་བཞི་སྨྲ་བའི་ཉེར་ལེན་རྒྱུ། ། བསླབ་གསུམ་མྱུ་གུ་སྐྱེད་བྱེད་རྒྱ་མཚོའི་གོས། ། གང་དེ་མདོར་བསྡུས་ཚིག་གིས་བཤད་པར་བྱ། ། བརྡ་སྤྲོད་པའི་གཞུང་གི་བརྗོད་བྱའི་གཙོ་བོ་མིང་ཚིག་ཡི་གེ་གསུམ་གྱི་རིན་པོ་ཆེའི་འབྱུང་གནས་སིན་དྷུའི་བདག་པོ་སྟེ་མཚོ་མ་དྲོས་པ་ལྟ་བུ་དང་། ཕྱི་རོལ་པའི་ངེས་བརྗོད་དང་མཆོད་སྦྱིན། སྙན་ཚིག སྲིད་སྲུང་སྟེ་རིག་བྱེད་བཞི་སྨྲ་བར་བྱེད་པའི་ཉེར་ལེན་གྱི་རྒྱུ་ལྟ་བུ། ནང་པ་སངས་རྒྱས་པའི་ལུང་གི་བསྟན་པ་སྡེ་སྣོད་གསུམ་ལ་ཐོས་བསམ་ལས་བྱུང་བའི་རྟོགས་པའི་བསྟན་པ་བསླབ་པ་རིན་པོ་ཆེ་གསུམ་གྱི་མྱུ་གུ་སྐྱེད་བྱེད་རྒྱ་མཚོའི་གོས་ཅན་སྟེ་ས་གཞི་ལྟ་བུའི་གཞུང་ལུགས། བརྡ་སྤྲོད་པའི་གཞུང་གི་གཙོ་བོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྟན་བཅོས་གང་དེ་སྔོན་བྱོན་མཁས་པ་སྤྱི་དང་ཁྱད་པར་དུ་མཁས་པའི་དབང་པོ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རྗེས་སུ་འབྲངས་ཏེ་མདོར་བསྡུས་ཚིག་གིས་བཤད་པར་བྱའོ་ཞེས་རྩོམ་པར་དམ་བཅས་པའོ། །
བཞི་པ། བདག་སྒྲའི་སྐབས།
དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ལས། བདག་གིས་འགྲེལ་པ་རྩོམ་སྐབས། གཞུང་དོན་འགྲེལ་ལུགས་ཕལ་ཆེར་རྗེ་སི་ཏུའི་འགྲེལ་ཚིག་རྨད་དུ་བྱུང་བར་མཐོང་ནས་དེ་ཉིད་སོར་བཞག་ཏུ་བཀོད་པ་ཤས་ཆེ་ཡང་། འདིར་འགྲེལ་པའི་དཔེ་ཤིན་ཏུ་མི་གསལ་བར་བརྟེན། སྔ་མོ་བཀྲ་ཤིས་ལྷུན་པོར་མཐོང་བའི་རྗེ་ཞྭ་དམར་པས་མཛད་པའི་འགྲེལ་ལུགས་བློ་ཡུལ་དུ་གང་ངེས་ལ་གཞི་བྱས་ནས། པུ་ཞེས་པ་པ་སྡེ་དང་ལིང་ག་ཞེས་པ་རྟགས་ཏེ། པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང་པོ། མ་ནིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་རྣམས་མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲར་འགྱུར་ཞེས་བཀོད་པ་ཡིན། ཞེས་དང་། ཡང། པུ་ལིང་གའི་པུ་ཞེས་པ་པ་སྡེ་ལ་ངོས་འཛིན་པ་དེ། རྗེ་ཞྭ་དམར་པའི་འགྲེལ་ལུགས་སུ་མ་ཟད། སྒྲ་པཱ་ཎི་པ་དང་ཙནྡྲ་པ་གཉིས་ཀར། ཨུ་ཏའི་སྡེ་དང་བཅས་པའོ། ། ཞེས་པ་དང་། དབྱངས་ཅན་སྒྲ་མདོ་ལས། ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ། ། ཞེས་གསུངས་པས་སྒྲ་མདོ་ཆེན་པོ་རྣམས་ཀྱི་དགོངས་པར་གནས། ཞེས་གསུངས་སོ། །
ལྔ་པ། བར་སྐབས་ཚིགས་བཅད་ཀྱི་དོན།
སྨྲས་པ། ཨ་འདུས་རིག་བྱེད་སྲད་བུ་ལ་བརྒྱུས་པའི། ། ཀ་འཕྲེང་མཁའ་མེའི་གྲངས་འཁྱུད་ཨཀྵ་ར། ། མིང་གཞིའི་སྔོན་རྗེས་འཇུག་པའི་རྣམ་འགྱུར་ཅན། ། ཚིག་ཕྲད་རྣམ་དབྱེའི་མགུལ་རྒྱན་སྤེལ་ཟིན་ནས། །
ཨ་འདུས་པའམ་ཨཱ་ལི་སྟེ་དབྱངས་ཀྱི་ཡི་གེ་རིག་བྱེད་དེ་ཨི་ཨུ་ཨེ་ཨོ་བཞིའི་སྲད་བུ་ལ་བརྒྱུས་པའི། ཀ་འཕྲེང་མཁའ་མེའམ་སུམ་ཅུའི་གྲངས་ལ་འཁྱུད་པའི་ཨཀྵ་ར་སྟེ་གསལ་བྱེད་དང་། མིང་གཞིའི་ཡི་གེ་སོ་སོ་ལ་སྔོན་འཇུག་དང་རྗེས་འཇུག་སྦྱར་བ་ལ་བརྟེན་ནས་བྱུང་པའི་མིང་ཚིག་གི་རྣམ་འགྱུར་མི་འདྲ་བ་ཅན་དང་། དེ་དག་རྣམ་དབྱེ་དང་ཚིག་ཕྲད་ཀྱི་རྐྱེན་སྦྱར་བ་ལ་བརྟེན་ནས་ཚིག་གི་སྦྱོར་བ་སྣ་ཚོགས་པ་འགྲུབ་པར་བྱེད་པའི་ཚུལ་གསལ་བར་སྟོན་གཞུང་སུམ་ཅུ་པའི་རྣམ་བཤད་ཚིག་ཉུང་དོན་འདུས། ཁ་གསལ་གོ་བདེ་བློ་གསལ་མགུལ་བའི་རྒྱན་དུ་གྱུར་པ་སྤེལ་ཟིན་ནས་ཞེས་པའོ། །
སྤྱི་དང་བྱེ་བྲག་རྟགས་ཀྱི་དབྱེ་བ་ཡིས། ། དུས་གསུམ་བདག་གཞན་བྱ་བྱེད་སྒྲ་དོན་ལ། ། འཇུག་ཚུལ་སྔོན་མེད་ལེགས་བཤད་མ་ཎི་ཀའི། ། དོ་ཤལ་གཟུར་གནས་སྐྱེ་བོའི་རྒྱན་དུ་དགོད། ། བོད་ཀྱི་དབྱངས་གསལ་གྱི་ཡི་གེ་སྤྱི་དང་། བྱེ་བྲག་ཏུ་མིང་གཞི་དང་སྔོན་འཇུག རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་དང་།
དེ་དག་གི་འཇུག་པ་བཞིའི་རྣམ་གཞག་སྤྱི་དང་ཁྱད་པར་དུ་སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པའི་སྐབས་ནས་བསྟན་པའི་འདས་མ་འོངས་ད་ལྟ་བའི་དུས་གསུམ་དང་། དངོས་པོ་བདག་གཞན་དང། བྱ་བྱེད་ལས་གསུམ་སོགས་ཀྱི་རྣམ་གཞག སྔོན་རྗེས་མིང་གསུམ་གྱི་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་སོགས་ཀྱི་རྣམ་བཤད་སྔོན་མེད་པའི་ལེགས་བཤད་མ་ཎི་ཀ་སྟེ་ནོར་བུའི་དོ་ཤལ་ལྟ་བུ་ཞིག་གཟུར་གནས་མཁས་པའི་སྐྱེ་བོའི་མགུལ་པའི་རྒྱན་དུ་དགོད་པར་བྱའོ། ། ཞེས་རྟགས་འཇུག་གི་རྣམ་བཤད་རྩོམ་པར་དམ་བཅས་པའོ། །
དྲུག་པ། མཇུག་རྩོམ་གྱི་དོན།
སྨྲས་པ། ཤཱཀྱ་སེངྒེའི་བསྟན་ལ་རབ་ཞུགས་ཤིང་། ། ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་། ། མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས། ། བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས། །
བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་གྱིས་རབ་ཏུ་ཞུགས་ཤིང་། ཡོངས་རྫོགས་དགེ་སློང་གི་བརྟུལ་ཞུགས་ལ་ལེགས་པར་གནས་པ་གང་དེའི་མཚན་ནི། ལག་པའི་མིག་སྟེ་ལག་པ་གཉིས་དང་མིག་གཉིས་ཀྱི་མངོན་བརྗོད་ཡིན་པས་གསལ་བྱེད་ཀྱི་སྡེ་པ་གཉིས་པའི་ཡི་གེ་གཉིས་པ་ཆ་དང་། དེ་ལ་དབྱངས་དང་རྗེས་འཇུག་བཞི་པ་དང་བཅུ་པ་རྣ་རུ་དང་སས་བརྒྱན་པས་ཆོས་དང་། མཚམས་ཀྱི་བགྲོད་པ་སྟེ་མཚམས་ནི་དྲུག་དང་བགྲོད་པ་ནི་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་ཡོད་པས་གཉིས་ཀྱི་མིང་ཡིན་པས་སྡེ་པ་དྲུག་པའི་གཉིས་པ་ཟ་ཡིག་དང་། དེ་ལ་འཕུལ་ལམ་སྔོན་འཇུག་དང་རྗེས་འཇུག་རྩེ་མོ་སྟེ་གསུམ་པ་བ་དང་ཟུང་སྟེ་གཉིས་པ་ངས་བརྒྱན་པས་བཟང་ཞེས་པ། དེ་གཉིས་བསྡོམས་པས་ཆོས་བཟང་ངམ་དྷརྨ་བྷ་དྲར་འབོད་བྱའམ་མིང་ལྡན་པ་གང་དེ་ཡིས་ཞེས་རྩོམ་པ་པོའི་མིང་གྲངས་ཀྱི་གབ་ཚིག་ལ་སྦྱར་ནས་བསྟན་པའོ། །
གངས་ཅན་མིག་གཅིག་སམ་བྷོ་ཊ་ཡི་གཞུང་། ། གངས་ཅན་བརྡ་སྤྲོད་ཕྱི་མོ་སུམ་རྟགས་དོན། ། གངས་ཅན་མཁས་པ་ཀུན་གྱི་ལེགས་བཤད་བཞིན། ། གངས་ཅན་བསྟན་འགྲོའི་དོན་དུ་སྦྱར་མོད་ཀྱི། ། བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་ཀྱི་སྣང་བས་འགྲོ་བ་ཀུན་ལ་བློ་གྲོས་ཀྱི་མིག་སྦྱིན་པའི་ཆ་ནས་གངས་ཅན་མིག་གཅིག་སམ་བྷོ་ཊ་ཡི་གཞུང་མཆོག་ཏུ་གྱུར་པ། གངས་ཅན་པའི་སྐད་དང་མཐུན་པའི་བརྡ་སྤྲོད་པའི་གཞུང་ལུགས་ཀུན་གྱི་ཕྱི་མོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་གྱི་གནད་འགག་མཐའ་དག བོད་གངས་ཅན་གྱི་རིམ་བྱོན་མཁས་པ་ཀུན་གྱི་ལེགས་བཤད་བཞིན་དུ་ཀུན་སློང་རྣམ་པར་དག་པའི་སྒོ་ནས། གངས་ཅན་ལྗོངས་འདིའི་སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་དང་འགྲོ་བ་སེམས་ཅན་གྱི་དོན་དུ་སྦྱར་མོད་ཀྱི་ཞེས་པའོ།།
རྒྱལ་བསྟན་སྣང་གཏེར་དུས་རིས་སྒྲིབ་ལ་ཉེ། ། དབང་གྱུར་མཁས་པའི་མཚོ་སྐྱེས་ཕལ་ཆེར་ཟུམ། ། གཟུ་ལུམ་སྤྱོད་པའི་འབྱུང་བྱ་རང་དགར་རྒྱུ། ། བསིལ་ལྗོངས་སྐྱེ་བོའི་གདོང་མུན་ཇི་ལྟར་སེལ། །
རྒྱལ་བསྟན་སྣང་གཏེར་སྟེ་ཉི་མ་དགོང་དྲོའི་དུས་ལ་བབས་པ་ན་ནུབ་རིས་སྒྲིབ་ལ་ཉེ་བའམ་སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཉེ་བ་དང་། ནང་པའི་བསྟན་པའི་ཆོས་ཀྱི་དབང་དུ་གྱུར་པའམ་དབང་པོར་གྱུར་པའི་སྐྱེ་བོ་འཕགས་པ་དང་ལུང་ཇི་བཞིན་མཁྱེན་པའི་མཁས་པའི་མཚོ་སྐྱེས་ཕལ་ཆེར་ཟུམ་པའམ་སྐུ་མྱ་ངན་ལས་འདས་པའི་རྣམ་པ་བསྟན་ཅིང་། ཆོས་ཀྱི་དེ་ཉིད་མ་མཐོང་ཞིང་གཟུ་ལུམ་སྤྱོད་པའམ་མ་བརྟགས་གྱ་ཚོམ་དུ་འཇུག་པའི་འབྱུང་བྱ་འུག་པ་རྣམས་རང་དགར་རྒྱུ་ཞིང་ངན་རྟོག་རྣམས་ཀྱིས་བསྟན་པ་འདིའི་ཚིག་དོན་གྱི་ཆ་ཡོངས་སུ་དཀྲུགས་ཤིང་ལྟ་ངན་གང་སར་ཁྱབ་པའི་དུས་ངན་འདིར། བསིལ་ལྡན་གངས་ལྗོངས་འདིའི་སྐྱེ་བོའི་གདོང་གི་མུན་པའམ་བློ་གྲོས་ཀྱི་མུན་པ་ཇི་ལྟར་སེལ་བར་བྱེད་དེ་བྱེད་མི་ནུས་སོ། །
ཞེས་ཐུགས་སྐྱོ་བའི་རྣམ་པ་མཛད་པ་སྟེ། ཀུན་མཁྱེན་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། ། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། ། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། ། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ། ཞེས་གསུངས་པ་དང་མཐུན་པར་མཛད་པའོ། །
གདུང་སྤྲུལ་ཕལ་ཆེར་འདོད་ཡོན་སྤྱོད་ལ་ཡེངས། ། སྒོམ་ཆེན་ཕལ་ཆེར་ཟོག་རྫུན་བྱ་བས་བྲེལ། ། མཁས་རློམ་ཕལ་ཆེར་ཚོང་ཞིང་ལས་ལ་སྤྱོད། ། ཀྱེ་མ་ཐུབ་བསྟན་སུ་ཡིས་འཛིན་པར་འགྱུར། ། རིགས་རུས་གདུང་རྒྱུད་ཀྱིས་མཐོ་བའི་མི་ཆེན་དཔོན་ཆེན་དང་། སྐྱེས་རབས་ཕྲེང་བས་མཛེས་པའི་བླ་མ་སྤྲུལ་སྐུ་ཕལ་ཆེར་གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཤིང་དེར་ལོངས་སྤྱོད་པས་གཡེང་བ་དང་། དབེན་པའི་རི་སུལ་དུ་ཐོས་དོན་ཉམས་ལེན་ལ་གཞོལ་བའི་སྒོམ་ཆེན་ཕལ་མོ་ཆེ་ཟོག་རྫུན་ཏེ་གཡོ་སྒྱུ་དང་ཚུལ་འཆོས་ཀྱི་བྱ་བར་མགོ་འཁོར་ནས་བྲེལ་བ་དང། ཡང་གཞུང་ལུགས་མང་དུ་མ་ཐོས་ཤིང་བསམ་པས་སྒྲོ་འདོགས་ནང་ནས་མ་ཆོད་ཅིང་རང་དང་རིགས་མཐུན་ཁྲོད་ན་གྲགས་སྐམ་རབ་ཏུ་རྒྱས་པའི་མཁས་རློམ་ཕལ་ཆེར་གྱིས་ཕྱིའི་དཔལ་འབྱོར་གྱི་ཡོ་ལང་རྒྱས་ཕྱིར་ཚོང་བྱེད་པ་དང་བུན་གཏོང་བ། ཞིང་དང་ཕྱུགས་ཀྱི་ལས་གཉེར་ཞིང་སྤྱོད་པའི་སྙིགས་མའི་དུས་ངན་འདིར། ཀྱེ་མ་ཞེས་མྱ་ངན་གྱི་སྨྲེ་སྔགས་བཏོན་ནས་ད་ནི་ཐུབ་པའི་བསྟན་པ་དྲི་བྲལ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་གང་ཟག་སུ་དང་གང་ཞིག་གིས་འཛིན་པར་བྱེད་པར་འགྱུར་ཏེ་མི་འགྱུར་རོ་ཞེས་པའོ། །
དོན་གཉེར་འདུན་པའི་ཀརྞ་གཏིང་ནས་འགགས། ། ལེགས་ཉེས་ལྟ་བའི་ཙཀྵུ་འགྲིབ་ཀྱིས་ནོན། ། ཕྱོགས་ལྷུང་གདོན་གྱིས་མ་ན་ཆེར་བརླམས་པ། ། དེ་དག་ལེགས་བཤད་ནཱ་དས་ཅི་ཞིག་བྱ། ། ཆོས་དང་རིག་གཞུང་ཟབ་མོ་སྐོམ་པའི་ཆུ་འདོད་པ་ལྟར་བརྩོན་པའི་དོན་གཉེར་གྱི་འདུན་པའི་ཀརྞ་སྟེ་རྣ་བ་གཏིང་ནས་འགགས་ཤིང་ཐོས་པ་བྱ་མི་ནུས། ལེགས་ཉེས་བླང་དོར་གྱི་གནས་ལ་ལྟ་བའམ་རྟོག་ཅིང་དཔྱོད་པའི་ཙཀྵུ་སྟེ་མིག་ནི་སྒྲིབ་བྱེད་ལིང་ཏོག་གི་འགྲིབ་ཀྱིས་ནོན་ནས་གསལ་བར་མཐོང་མི་ནུས། རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་བའི་ཕྱོགས་ལྷུང་གདོན་གྱིས་མ་ན་སྟེ་ཡིད་ཆེས་ཆེར་བརླམས་ནས་ཤེས་པ་ལ་རང་དབང་མ་ཐོབ་པའི་སྨྱོན་པར་གྱུར་པ་དེ་དག་ལ། མ་བཤད་ཉོག་བཤད་ལོག་བཤད་གསུམ་གྱི་སྐྱོན་དང་བྲལ་བའི་ལེགས་པར་བཤད་པའི་ནཱ་ད་སྟེ་སྒྲ་དབྱངས་སྙན་མོས་ཅི་ཞིག་བྱ་སྟེ་ཕན་ཐོགས་པར་མི་འགྱུར་རོ་ཞེས་སྐྱོ་བའི་གསུང་འབྱོན་པའོ། །
འོན་ཀྱང་གཟུར་གནས་དཔྱོད་ལྡན་མཁའ་ནོར་གྱིས། ། བསྐུལ་ཚིག་ཚ་ཟེར་ལན་མང་སྤྲོས་པའི་ཚེ། ། ལེགས་བཤད་སྦྲང་རྩི་སྐྱུག་དང་མི་སྐྱུག་གི ། རང་དབང་འདབ་སྟོང་ཅན་ལ་ཡོད་མ་ཡིན། ། དེ་ལྟ་བུའི་དུས་ངན་འདིར་དགེ་བའི་བྱ་བ་གང་བརྩམས་ཀྱང་དོན་མེད་ལྟ་བུ་ཡིན་མོད། འོན་ཀྱང་ཕྱོགས་རིས་མེད་པའི་བློ་གཟུ་བོར་གནས་ཤིང་། ཆོས་དང་ཆོས་མིན་ལ་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པའི་མཁའ་ནོར་ཏེེ་ཉི་མས། འདི་ལྟ་བུ་ཞིག་རྩོམས་ཤིག་ཅེས་བསྐུལ་ཚིག་གི་ཚ་ཟེར་ལན་མང་དུ་སྤྲོས་པའི་ཚེ། ལེགས་བཤད་ཀྱི་སྦྲང་རྩི་སྐྱུག་དང་མི་སྐྱུག་གི་རང་དབང་དེ་འདབ་སྟོང་ཅན་པདྨ་ལ་ཡོད་པ་མིན་པ་ལྟར། སྡོམ་བརྩོན་དམ་པ་མང་དུ་ཐོས་པའི་དགེ་སློང་ཡེ་ཤེས་བཤེས་གཉེན་སོགས་ཀྱིས་ཡང་ཡང་བསྐུལ་ངོར་མི་རྩོམ་པའི་རང་དབང་བདག་ལ་མ་བྱུང་བས་བརྩམས་པ་ཡིན་ཞེས་པའོ། །
དེ་ཕྱིར་འདིར་འབད་ལེགས་བྱས་འབབ་ལྡན་མ། ། བརྒྱ་ཕྲག་གཅིག་ཏུ་བསྡོམས་པའི་རྣམ་སད་ཆུས། ། རབ་རྨོངས་ཁྱབ་འཇུག་རྐང་དྲི་བཀྲུས་ལ་སླར། ། བྱང་ཆེན་རྒྱ་མཚོའི་གསོས་སུ་འཇུག་གྱུར་ཅིག ། དེ་ཕྱིར་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་སི་ཏུའི་ཞལ་ལུང་རྩོམ་པའི་འབད་པ་ལས་བྱུང་བའི་ལེགས་བྱས་དགེ་བའི་འབབ་ལྡན་མ་སྟེ་ཆུ་བོ་བརྒྱ་ཕྲག་མང་པོ་གཅིག་ཏུ་བསྡོམས་པའི་རྣམ་སད་ལྷའི་ཆུ་བོ་གངྒཱས། རབ་ཏུ་རྨོངས་པའི་གདུལ་བྱ་ཁྱབ་འཇུག་གི་རྐང་པའི་དྲི་མ་མཐའ་དག་བཀྲུས་ནས་དག་པར་བྱས་ལ་སླར་ཡང་མི་ཟད་པའི་དགེ་ཚོགས་དེ་དག་གི་མཐུས། རང་གཞན་སེམས་ཅན་ཐམས་ཅད་མཐར་ཐུག་རྫོགས་པའི་བྱང་ཆེན་གྱི་རྒྱ་མཚོ་རྣམ་པར་རྒྱས་པའི་གསོས་སུ་འཇུག་པ་སྟེ་རྫོགས་བྱང་འཐོབ་པའི་རྒྱུར་གྱུར་ཅིག་ཅེས་བསྔོ་བ་སྨོན་ལམ་རྣམ་པར་དག་པ་མཛད་པའོ། །
བདུན་པ། ཕུན་ཚོགས་བརྒྱད་ལྡན་གྱིས་བསྟན་བཅོས་མཛད་ཚུལ།
(ཆོས་ཕུན་སུམ་ཚོགས་པ)ཅེས་ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང། རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཞེས་བྱ་བ་འདི་ནི།
(བསྐུལ་བ་པོ་ཕུན་སུམ་ཚོགས་པ)སྡོམ་བརྩོན་མང་དུ་ཐོས་པའི་དགེ་སློང་ཛྙཱ་ན་མི་ཏྲས་ནན་ཆེན་པོས་བསྐུལ་མ་མཛད་པ་ལ་བརྟེན་ནས(བླ་མ་ཕུན་སུམ་ཚོགས་པ)མཁས་གྲུབ་དམ་པ་ངག་དབང་རྡོ་རྗེ་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་རེག་ཅིང་། སྤེལ་ཁང་པཎྜི་ཏ་ཆེན་མོོའི་ཞལ་གྱི་བདུད་རྩི་ཆ་ཤས་ཙམ་མྱངས་པས(རྩོམ་པ་པོ་ཕུན་སུམ་ཚོགས་པ)བོད་ཀྱི་བརྡ་དག་གི་བསྟན་བཅོས་ཕལ་མོ་ཆེའི་དགོངས་དོན་སྨྲ་བ་ལ་མཁས་པའི་མདུན་སར་མི་ཞུམ་པའི་སྤོབས་པ་ཅུང་ཟད་ཐོབ་པའི་ཤཱཀྱའི་དགེ་སློང་དྷརྨ་བྷ་དྲ་ཞེས་བྱ་བས(ཆོས་ཀྱི་ཁུངས་ཕུན་སུམ་ཚོགས་པ)སུམ་རྟགས་དང་སྨྲ་སྒོ་དང་མཁས་པའི་ཁ་རྒྱན་ལ་སོགས་པའི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྩ་འགྲེལ་མང་པོ་ལ་ཞིབ་ཏུ་དཔྱད་དེ་དེ་དག་གི་ལེགས་ཆ་མཐའ་དག་ཕྱོགས་གཅིག་ཏུ་བཏུས་ནས(རྩོམ་པའི་དུས་ཕུན་སུམ་ཚོགས་པ)རང་ལོ་སོ་ལྔ་པ་ཟད་པ་ཞེས་པ་མེ་སྟག་ལོའི་གྲོ་བཞིན་ཟླ་བའི་དཀར་ཚེས་དགའ་བ་དང་པོའི་ཉིན(རྩོམ་པའི་གནས་ཕུན་སུམ་ཚོགས་པ)གཙང་གཡས་རུ་བཞད་ཀྱི་བྱེ་བྲག་དངུལ་ཆུའི་རི་ཁྲོད་དགའ་ལྡན་རྩེའི་སྤོང་ཁང་དུ་སྦྱར་བ་འདིས་ཀྱང(བསྔོ་བ་ཕུན་སུམ་ཚོགས་པ)རྒྱལ་བའི་བསྟན་པ་རིན་པོ་ཆེ་གངས་ཅན་གྱི་ལྗོངས་སུ་ཡུན་རིང་དུ་གནས་པའི་རྒྱུ་བྱེད་ནུས་པར་གྱུར་ཅིག །
གཞུང་འདི་སློབ་ཁྲིད་བྱེད་སྐབས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཁུངས་མ་མང་པོ་གུང་བསྒྲིགས་ནས་འཆད་ཐུབ་པ་བྱུང་ན་ཕུན་སུམ་ཚོགས་པར་འགྱུར་མོད། དེ་ལྟར་མ་ནུས་ཀྱང་མ་མཐའ་དངུལ་ཆུ་དྷརྨ་བྷ་དྲ་ཁོང་གིས་མཛད་པའི་སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་དང་། འདིའི་ཁུངས་གཏུགས་ས་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་སུམ་རྟགས་རྒྱས་འགྲེལ་མུ་ཏིག་ཕྲེང་མཛེས་མཁས་པའི་མགུལ་རྒྱན། དོགས་གཅོད་དུ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་ཐོན་མིའི་ཞལ་ལུང། དཔེ་བརྗོད་ལ་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་སོགས་སྦྲགས་ཐུབ་པ་བྱུང་ན་ཤིན་ཏུ་ལེགས་པས་དེ་དོན་ཐུགས་ལ་འཛིན་པར་ཞུ།
བརྡ་སྤྲོད་གཞུང་གི་བརྗོད་དོན་ཟབ་ཅིང་བརླིང་། །
བདག་བློའི་རྣམ་དཔྱོད་རྨོངས་པའི་མུན་པས་
བསྒྲིབས། །
དེ་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་ན། །
གཟུར་གནས་མཁས་པའི་སྤྱན་སྔར་བདག་
འཆགས་སོ། །
① མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ན་ཕྱག་ལས་གནང་བཞིན་ཡོད།