[གནད་ཚིག] རྫས་འགྱུར། མཐོ་རྒྱུགས་འདྲི་གཞི། མཉམ་འཇོག་བྱ་ཡུལ།
རྫས་འགྱུར་བསླབ་ཚན་གྱི་རྒྱུགས་གཞིར་ཁྱོན་ཡོངས་ནས་བལྟས་ན་རྨང་གཞིར་རྐང་ཚུགས་ཤིང་ནང་དོན་གྱི་སྲོག་རྩ་མི་འགྱུར་བའི་སྟེང་ནས་དུས་བསྟུན་གསར་འཚོལ་དང་ནུས་པ་རྒྱ་སྐྱེད་སོགས་ཀྱི་བསམ་བློ་རྩ་དོན་དུ་བཟུང་བ་དང་། ནང་དོན་ཇུས་འདོན་ལུགས་དང་མཐུན་ལ་ཁེབས་ཚད་རྒྱ་ཆེ་བ། དཀའ་སླ་ཚད་དང་རན་པ་སོགས་ཀྱི་ཁྱད་ཆོས་དུ་མ་མངོན་པས། མཐོ་རིམ་སློབ་གྲྭར་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་སྡུད་བྱེད་ཀྱི་ལག་ཆ་འོས་ལེགས་ཤིག་རེད་ཟེར་ན་མི་ཆོག་པ་མེད་པའི་ཚད་དུ་གདའ།
གཉིས་པ། རྒྱུགས་གཞིའི་ཁྱད་ཆོས་དང་འདྲི་གཞི་ལ་དཔྱད་པ།
དེ་ཡང་འདྲི་གཞིའི་འབྱུང་ཁུངས་ནི་འཁྲིད་དེབ་ལས་མ་འདས་པར་མཐོ་འབྲིང་གི་རྨང་གཞིའི་ནང་དོན་ལ་ཁ་ཕྱོགས་ནས་རྨང་གཞིའི་ཤེས་བྱ་ཚད་འཇལ་བྱེད་པ་ཞིག་རེད། ད་ལོའི་རྒྱུགས་འདི་ཡང་རྒྱུགས་ལེན་ཚད་གཞིའི་རྩ་དོན་ལག་ལེན་མཐའ་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་ལོ་སྔོན་མ་དག་གི་རྒྱུགས་གཞིའི་ནང་དོན་དང་བསྟུན་ཅི་ཐུབ་བྱས་ཡོད། ལོ་འདི་དག་གི་མཐོ་རྒྱུགས་ཀྱི་འདྲི་གཞིའི་ཁྱབ་ཁོངས་བྱེ་བྲག་ཏུ་དྲངས་པ་གཤམ་གྱི་རེའུ་མིག་ལྟར།
རྒྱལ་ཡོངས་ཀྱི་རྒྱུགས་གཞིIIགཞིར་བཟུང་ནས་ཅུང་ཙམ་དཔྱད་ན།
གོང་གི་ནང་དོན་འདི་དག་དང་རིགས་འདྲ་བའི་འདྲི་གཞིར་ང་ཚོས་སློབ་ཐུན་སྐབས་སུ་འཁྲིད་སྦྱོང་མང་པོ་བྱས་ཡོད་ན་ཡང་འདྲི་གཞི་གཅིག་འདྲ་ཅན་ཞིག་མཐོ་རྒྱུགས་སུ་འབྱུང་མི་སྲིད་པས། རྨང་གཞི་ཅུང་བརྟན་པོ་ཆགས་ཡོད་པའི་སློབ་མར་མཚོན་ན། ལན་འདེབས་ཐུབ་ངེས་ཡིན་པ་དང་རྨང་གཞི་ཞན་ལ་རིགས་ལམ་མི་གསལ་བའི་སློབ་མ་མང་པོར་འདྲི་གཞིའི་རྣམ་པ་ཅུང་ཟད་བསྒྱུར་བ་ཙམ་གྱིས་མིག་འཕྲུལ་ཀླད་རྡིབ་ཏུ་སོང་ནས་ཡིད་ཚིམ་པའི་སྐར་འབྲས་ལེན་དཀའ། དེས་ན་ང་ཚོས་རྫས་འགྱུར་བསླབ་ཚན་ལས་རང་ཉིད་ཀྱི་ནུས་པ་དང་རྒྱུགས་འབྲས་ཇི་ལྟར་མཐོར་འདེགས་སུ་གཏོང་དགོས་ཞེ་ན། གཤམ་དུ་བདག་གིས་ཆེས་ཐོག་མའི་ཀུན་སློང་དང་བར་གྱི་སློབ་སྦྱོང་། མཇུག་མཐའི་བསྐྱར་སྦྱོང་སོགས་དུས་རིམ་སོ་སོར་རེ་འདུན་ཙམ་ཞུས་ན།
1. རྫས་འགྱུར་སློབ་པའི་དམིགས་ཡུལ་གསལ་བ།
རྫས་འགྱུར་གྱིས་བཟོ་ཞིང་ལས་དང་སྨན་བཅོས་འཕྲོད་བསྟེན། དམག་དོན་རྒྱལ་སྲུང་སོགས་ཀྱི་ཐད་དུ་ནུས་པ་བླ་ལྷག་འདོན་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ཟས་གོས་འགྲོ་འདུག་སོགས་ཕྱོགས་སོ་སོ་རྫས་འགྱུར་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས། ཐོག་མར་རྫས་འགྱུར་སློབ་པའི་སྤྲོ་སྣང་དང་དགའ་ཞེན་གསོ་སྐྱོང་བྱེད་དགོས།
(1)སློབ་སྦྱོང་ཡག་པོ་བྱ་དགོས་པ། སློབ་ཁྲིད་མ་ཚོགས་པའི་ཡར་སྔོན་གྱི་སྔོན་སྦྱོང་། སློབ་ཁྲིད་སྐབས་ཀྱི་ཞིབ་ཉན་དང་ཟིན་འགོད། སློབ་ཁྲིད་རྗེས་ཀྱི་ལས་བྱ་དང་བསྐྱར་སྦྱོང་། བློ་སྐྱོར། གཞན་དགེ་རྒན་དང་སློབ་གྲོགས་ལ་གྲོས་འདྲི་སོགས་ལེགས་པར་བསྒྲུབས་ཏེ་ཁྱོན་ཡོངས་ནས་རྨང་གཞིའི་ཤེས་བྱ་སྲ་བརྟན་དུ་གཏོང་དགོས།
(2)ཚོད་ལྟ་བྱ་རྒྱུར་དགའ་བ། རྫས་འགྱུར་ནི་ཚོད་ལྟ་རྨང་གཞི་བྱེད་པའི་རང་བྱུང་ཚན་རིག་ཅིག་ཡིན་ཁར་རྒྱུན་དུ་དངོས་བཤེར་དང་སྦྲགས་ནས་གཞུང་ལུགས་ལ་མཐོང་ཐོས་མྱོང་གསུམ་བྱས་ན། སློབ་མའི་བློ་སྒོ་འབྱེད་པར་ཕན་པ་ཆེན་པོ་ཡོད་པ་དང་འཚོ་བའི་ཁྲོད་ཀྱི་བློ་ལས་འགོངས་པའི་ཤེས་བྱ་མི་ཉུང་བ་ལ་བློ་སྐྱེད་ངང་གིས་འབྱུང་སྲིད།
(3)ནང་སྒོས་སུ་མཐོ་གསུམ་དུ་སླེབས་པ་ན་ལོ་དུ་མའི་རྒྱུགས་གཞིའི་འདྲི་གཞི་ལ་མང་དུ་དཔྱད་ནས་བསྐྱར་སྦྱོང་གི་ཁ་ཕྱོགས་མ་ནོར་བ་གཞིར་བྱས་ཏེ་སྦྱོང་བ་མཐིལ་ཕྱིན་པ་བྱེད་དགོས།
བཞི་པ། རྒྱུགས་གཞིར་དྲིས་ལན་འདེབས་སྐབས་མཉམ་འཇོག་བྱ་དགོས་ས་གླེང་བ།
1. དྲིས་ལན་གནད་ལ་འཁེལ་དགོས་པ།
(1) གདམ་གསེས་དང་ཁ་སྐོང་སོགས་ཀྱི་འདྲི་གཞི་སྒྲུབ་སྐབས་ཁ་བྱང་གི་རེ་འདུན་ལྟར་ཆེ་བ་ནས་ཆུང་བ། དྲག་པ་ནས་ཞན་པ། ཡིན་པ་དང་མིན་པ་སོགས་གང་དེ་ཕན་ཚུན་འཁྲུལ་ནས་གོ་འཛོལ་མི་ཐེབས་པར་བྱ་དགོས། རྫས་འགྱུར་ཚུལ་འབྲི་སར་དངོས་པོའི་མིང་མི་འབྲི་བ། རྫས་འགྱུར་མཉམ་བྱའི་ཚུལ་འབྲི་སར་གྱེས་རྡུལ་མཉམ་བྱའི་ཚུལ་མི་འབྲི་བར་དྲིས་ལན་ནད་ཐོག་གཙགས་འཁེལ་ཡིན་དགོས།
(2) སྒྲ་དོན་གཟུགས་གསུམ་ཉེ་བ་སྟེ། དཔེར་ན། འཕོ་འགྱུར་ཕྱོད་དང་བརྒྱ་ཆའི་འདུས་ཚད། མཉམ་བསྲེས་རྫས་དང་འདྲེས་འགྱུར་རྫས། རྒྱུ་རྐྱང་པ་དང་ལྷད་མེད་རྫས། ཐེན་དང་ཐིན། གློག་རྡུལ་ཚུལ་དང་གློག་རྡུལ་གྲངས། ཆ་འདྲ་གྲུབ་འགལ་གཟུགས་དང་རྒྱུ་གཅིག་ཐ་དད་གཟུགས། འདྲེས་འགྱུར་བྲིན་དང་གློག་ཁུར་གྲངས། མཚུངས་རྟགས་དང་ལྡོག་རུང་རྟགས་སོགས་ཕན་ཚུན་རྙོག་དྲ་མི་བཟོ་བར་དག་གསལ་ཐོན་པར་བྱ་དགོས།
(3) དངོས་བཤེར་བྱེད་ཐབས་ཀྱི་ཆ་ནས་རྫས་འགྱུར་གྱི་མིང་བརྡ་བཀོལ་བར་གནད་དུ་ཐིངས་དགོས། དཔེར་ན། འཚག་རྒྱག་པ་དང་རླངས་འབེབས་རླངས་འགྱུར། བདར་ཆགས། དབྱེ་ལེན་སོགས་ཀྱི་སྤྱིའི་ཆ་ནས་མཉམ་བསྲེས་རྫས་དེ་དབྱེ་གྱེས་བྱེད་པ་འདྲ་ཡང་བྱེ་བྲག་གི་རང་ཉིད་ལ་འཚམ་པའི་བྱེད་ཐབས་ཡང་དག་པ་དེ་སྤྱོད་དགོས།
2. དྲིས་ལན་ཆ་ཚང་འདེབས་དགོས་པ།
དྲིས་ལན་འདེབས་སྐབས་དཔེར་ན། རྫས་འགྱུར་མཉམ་བྱའི་ཚུལ་གྱི་ཆ་རྐྱེན་མི་འབྲི་བ། སྙོམས་སྒྲིག་མི་བྱེད་པ། སྙིགས་བསིང་དང་རླུང་གཟུགས་ཀྱི་རྟགས་མི་འགོད་པ། རྩིས་རྒྱག་གི་ཐོབ་གྲངས་ལ་འཇལ་བྱེད་ཚད་གཞི་མི་སྦྱར་བ་སོགས་ནན་ཏན་མི་བྱེད་པའི་མཇུག་འབྲས་ངན་པ་མི་འབྱུང་བའི་ཆེད་རྗེས་ཕྱོགས་ཡང་དག་འཐུས་ཚང་ཡོང་བར་འབད་དགོས།
ལྔ་པ། འདྲི་གཞིར་དྲིས་ལན་འདེབས་ཐབས་ཀྱི་ཆ་ནས་གླེང་བ།
1. གདམ་གསེས་ཐད་ཀྱི་འདྲི་གཞི་སྒྲུབ་སྐབས་ཐད་ཀར་ཐབས་དང་དོར་ལེན་ཐབས། འོལ་ཚོད་ཐབས་སོགས་ཅི་རིགས་སྤྱོད་དགོས།
2. འདྲི་གཞི་འགའ་རེར་རིམ་འདེད་ཐབས་དང་ཁ་ཤས་ལྡོག་འདེད་ཐབས་ཀྱིས་བསྒྲུབ་དགོས་པ།
3. འདྲི་གཞི་ཁ་ཤས་བོད་ཡིག་ཁོ་ནའི་སྟེང་ནས་གོ་བ་མི་ལོན་ཚེ་རྒྱ་ཡིག་ལ་ཟུར་ལྟ་བྱེད་དགོས་པ།
4. འདྲི་གཞིར་ཞིབ་ཏུ་དཔྱད་ནས་མངོན་ལྐོག་གཉིས་ཀྱི་ཆ་རྐྱེན་འཚོལ་དགོས་པ།
འདྲི་གཞིའི་ཁ་བྱང་དུ་ཐད་ཀར་མངོན་པའི་ཆ་རྐྱེན་ཡོད་ལ་མི་མངོན་པའི་ཆ་རྐྱེན་ཡང་ཡོད་པས་བློ་ཞིབ་མོས་གབ་པ་གསལ་འབྱེད་བྱེད་ཤེས་དགོས། དཔེར་ན། མངོན་གསལ་བསྟན་ཡོད་པའི་ཞུ་ཁུ་གར་པོ་དང་སླ་བོ་ལྟ་བུ། མི་མངོན་པའི་ཆ་རྐྱེན་ལས་ཤུགས་ནས་རྟོགས་དགོས་པ། དཔེར་ན།
(1) མདོག་མེད་དྭངས་གསལ་གྱི་སྐྱུར་གཤིས་ཞུ་ཁུ། (ཞུ་ཁུའི་ནང་དུ་མདོག་ཅན་གྱེས་རྡུལ་མེད་པ་དངH+ ཡོད་པ་མཚོན )
(2) ཁིལ་ལྕགས་རྫས་ཞུ་ཁུ་དང་འཕྲད་ན་མདོག་རྒྱ་སྨུག་མངོན་པ་དེ་པུན་ཧྥུན་ཡིན་པ་དང་། བསིང་ཕྱེ་དང་འཕྲད་ན་ཁ་དོག་སྔོན་པོ་མངོན་པ་དེ་ཏེན་ཡིན་པ་ལྟ་བུའི་རྟེན་འབྱུང་གི་འབྲེལ་བ་ལས་སྦས་པའི་བརྡ་འཕྲིན་དེ་དག་མངོན་པར་ཕྱུང་དགོས།
མདོར་ན། འདྲི་གཞི་སླ་མོ་དག་དཀའ་མོར་མི་གཏོང་བ། ཐབས་དང་ལན་གཅིག་ཙམ་ཁོ་ནར་མི་སེམས་པ། གཙོ་ཕལ་གྱི་དབྱེ་བ་གསལ་ལ། དུས་ཚོད་ཀྱི་བཀོད་སྒྲིག་ལུགས་དང་མཐུན་པའི་འོག་ཐབས་ཤེས་སྣ་ཚོགས་ལ་བརྟེན་དགོས།
དྲུག་པ། དངོས་བཤེར་འདྲི་གཞིར་དྲིས་ལན་འདེབས་ཐབས་ཀྱི་ཆ་ནས་གླེང་བ།
སྤྱིར་མཐོ་རྒྱུགས་ཀྱི་རྫས་འགྱུར་ཚོད་ལྟ་ནི་སློབ་མའི་དངོས་བཤེར་གྱི་བསམ་བློ་མ་གཏོགས་ལག་འགུལ་གྱི་ནུས་རྩལ་ཚད་ལེན་བྱ་ཐབས་བྲལ་བ་དེས། སློབ་མའི་ཚོད་ལྟའི་ནུས་རྩལ་འཛོམས་པོ་ཡོད་མེད་བརྟག་དཀའ་བར་བརྟེན་ཉེ་བའི་ལོ་འདི་དག་གི་རིང་ལ་ཚོད་ལྟའི་འདྲི་གཞི་དག་བྱེ་བྲག་ཞིབ་ཕྲར་ཁ་ཕྱོགས་ཡོད།
1. ཚོད་ལྟའི་རྩ་བའི་རིགས་པ་རང་རྒྱུད་ལ་ངེས་པའི་རྨང་གཞིའི་སྟེང་ཚོད་ལྟའི་སྒྲུབ་ཐབས་ཡང་དག་པ་དང་སྒྲུབ་རིམ་ཆ་ཚང་བ། གཞན་དངོས་བཤེར་འདྲི་གཞི་སྒྲུབ་པའི་གོ་རིམ་ཁྲོད་དུ་དངོས་བཤེར་གང་དེའི་འབྱུང་སླ་བའི་གནད་དོན་བཙལ་ཤེས་ཤིང་དེའི་སྔོན་འགོག་བྱེད་ཐབས་དང་མྱུར་སྐྱོབ་བྱེད་ཐབས་ལུགས་དང་མཐུན་པོ་བཟོ་དགོས།
2. རང་གིས་དངོས་བཤེར་ཇུས་འགོད་བྱེད་དགོས་པ་ལྟ་བུའི་འདྲི་གཞི་སྒྲུབ་སྐབས་དང་པོ་ལུང་རིགས་གྲུབ་དགོས་པ། གཉིས་པ་སྒྲུབ་རིམ་སྟབས་བདེ་ཡིན་དགོས་པ། གསུམ་པ་སྣང་ཚུལ་མངོན་གསལ་ཡིན་དགོས་པ། བཞི་པ་མཇུག་འབྲས་ཡང་དག་ཡིན་དགོས་པ། ལྔ་པ་བདེ་འཇགས་ཡིན་ལ་ཁོར་ཡུག་སྲུང་སྐྱོབ་དང་མཐུན་དགོས།
བདུན་པ། རྒྱུགས་ཞུགས་སློབ་མའི་བསམ་བློའི་སྤུས་ཀ་གཙོ་ཆེ་བར་གླེང་བ།
འཛམ་གླིང་གི་བསམ་བློ་རིག་པ་སྨྲ་བ་མང་པོས་ཞིབ་འཇུག་བྱས་པ་ལྟར་ན། རྒྱུགས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་རྒྱུ་གཙོ་བོ་ནི་བློ་རིག་གི་མཆོག་དམན་ཁོ་ན་མིན་པར་རྒྱུགས་རའི་ནང་གི་བསམ་བློའི་སྤུས་ཚད་ཤིན་ཏུ་གཙོ་ཆེ་བ་བསྟན་ཡོད། སེམས་ཁམས་ལྷོད་རྒྱུ་དེ་ནི་རྒྱུགས་འབྲས་ཡག་པོ་ལོན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དེ་བས་སློབ་གྲོགས་རྣམ་པས་སེམས་འཚབ་དང་བློ་ཕམ་མི་སྐྱེ་བར་ཡིད་ཆེས་དང་སྙིང་སྟོབས་ཀྱིས་ཀུན་ནས་བསླངས་ཏེ་རྒྱུགས་རའི་གཡུལ་སར་ཞུགས་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་།
བརྒྱད་པ། མཐོ་རྒྱུགས་ཀྱི་རྒྱུགས་ལེན་ཚད་གཞི་ནི་གཙོ་བོར་གཤམ་གྱི་ཕྱོགས་བཞིའི་ནུས་པ་ལ་དམིགས་ནས་དབྱེ་ཞིབ་ཚད་ལེན་བྱེད་པ་ཡིན།
1. བརྡ་འཕྲིན་རང་རྒྱུད་ལ་ལེན་ཐུབ་མིན་དང་དེ་བསྡུ་སྒྲིག་དང་བཀོལ་སྤྱོད་བྱེད་པའི་ནུས་པ་ཚད་ལེན་པ།
2. རྫས་འགྱུར་ཤེས་བྱར་བརྟེན་ནས་འཚོ་བའི་ཁྲོད་ཀྱི་དོན་དངོས་ལ་འགྲེལ་རྒྱག་མཁས་མིན་དང་ཐག་གཅོད་ནུས་པ་ཚད་ལེན་པ།
3. བསླབ་ཚན་གྱི་ཁྱད་ཆོས་མངོན་པར་འཕགས་དགོས་ཕྱིར། དངོས་བཤེར་དང་རྩད་ཞིབ་བྱེད་པའི་ནུས་པ་ཚད་ལེན་པ།
4. བསམ་བློའི་བདེ་ཐང་དང་སྤུས་ཚད་སོགས་ཀྱི་ཕྱོགས་བསྡུས་ནུས་པ་ཚད་ལེན་པ།
མདོར་ན། སློབ་སྦྱོང་གི་གོ་རིམ་ཁྲོད་དུ་རང་བྱུང་ཚན་རིག་གི་ཤེས་བྱ་མཐའ་དག་ལ་ཚོར་བ་སྐྱེན་པོའི་སྒོ་ནས། མངོན་ལྐོག་གང་རུང་གི་ཤེས་བྱར་བསམ་བློ་གཏོང་མཁས་ལ་གནད་དོན་འདོན་ཕོད་པའི་སློབ་མ་ཞིག་ཡིན་ན། ཚན་རིག་གི་མངར་ཁ་རེ་ཁྱོད་ལ་འཐོབ་སྲིད་ལ་མཐོ་རྒྱུགས་ཀྱི་རྒྱལ་ཁ་ཡང་ཞར་ལ་འཐོབ་ངེས་པ་གདོན་མི་ཟའོ། །