——ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱི་དཔྱད་བརྗོད་གཉིས་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
རྒྱལ་ཁབ་ཅིག་གི་དར་འབྱོར་ནི་མི་དམངས་ཀྱི་འབད་བརྩོན་དང་ཁ་བྲལ་ཐབས་མེད་ཅིང་། མི་རིགས་ཤིག་གི་སྟོབས་འབྱོར་ནི་སྙིང་སྟོབས་ཀྱི་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད།
“ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འབད་བརྩོན་ཁྲོད་གསོ་སྐྱོང་དང་རྒྱུད་འཛིན། འཕེལ་རྒྱས་བྱུང་བའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་ཡོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།” ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། བརྩེ་བ་ཟབ་མོས་ཀྲུང་ཧྭ་མི་རིགས་ལ་བསྟོད་བསྔགས་བྱས་པ་དང་། སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་མི་དམངས་ལ་བསྟོད་གླུ་བླངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ལ་གསལ་འགྲེལ་ཟབ་མོ་གནང་། རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་།
རླབས་ཆེན་གྱི་འབད་བརྩོན་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་ལས་མི་དམངས་དུང་ཕྱུར་མང་པོས་ཐུན་མོང་གིས་བསམ་བློའི་ཁྱིམ་གཞིས་བསྐྲུན་པའི་རྣམ་པ་བཟང་པོ་ཞིག་བཀོད་ཡོད་ཅིང་། ཀྲུང་ཧྭའི་བུ་དང་བུ་མོས་དུས་རབས་གསར་པའི་གཟི་འོད་ལྡན་པའི་འབྲས་བུ་གཏོད་པའི་ཕུགས་འདུན་དང་སྤོབས་ཉམས་མཚོན་ཡོད།
མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་དང་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་སྐྲུན་མཁན་ཡིན། ལོ་ངོ་བརྒྱ་སྟོང་གི་རིང་ཀྲུང་ཧྭའི་བུ་དང་བུ་མོས་དཀའ་བ་ཁྱད་བསད་ཀྱི་ངལ་རྩོལ་དང་། མི་རབས་ནས་མི་རབས་བར་གཅིག་རྒྱུད་གཅིག་འཛིན་གྱི་ལྟ་སྲུང་བྱས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་རྒྱུད་ཆད་མ་མྱོང་བའི་རིག་གནས་གཅིག་པུ་དེ་གསར་དུ་གཏོད་ཡོད། རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ནི་ལྟ་གྲུབ་སྣ་མང་དང་དེབ་ཐེར་དུ་བཀོད་པ་དང་། མཛེས་སྡུག་ལྡན་པའི་རི་ཀླུང་དང་ཡངས་ཤིང་རྒྱ་ཆེ་བའི་འབྲུ་རིགས་ཀྱི་འདེབས་ཞིང་དུ་འོད་ལམ་ལམ་འཚེར་ཡོད་ཅིང་། མཉམ་འདྲེས་མཉམ་བསྲེས་དང་བློ་གཅིག་སེམས་གཅིག་ཡིན་པའི་མི་རིགས་56ལ་མཉམ་དུ་འདྲེས་པ་དང་། ཕུགས་འདུན་འཚོལ་སྙེག་དང་མངོན་འགྱུར་བྱེད་པའི་ཨུ་ཚུགས་ཀྱི་ཁ་ཕྱོགས་མཚོན་ཡོད། རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཀྱིས་གསར་གཏོད་དང་འབད་བརྩོན། མཐུན་སྒྲིལ་དང་ཕུགས་བསམ་གྱིས་གཟི་འོད་འབར་བའི་རིག་གནས་ཀྱི་གྲུབ་འབྲས་སྨིན་ཡོད་ཅིང་། ལོ་རྒྱུས་དེབ་ཐེར་དུ་འགོད་ཐུབ་པའི་རིག་གནས་བྱས་རྗེས་ངོ་མཚར་ཅན་བྲིས་ཡོད། ཡུན་རིང་གསར་སྣོན་གྱི་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ནི་ང་ཚོའི་ལ་རྒྱ་ཡིན་ཞིང་། ང་ཚོའི་ཡིད་ཆེས་ཀྱི་སྒུལ་ཤུགས་ཡིན། ལྷག་པར་དུ་ང་ཚོ་ཆར་རླུང་གིས་འགོག་མི་ཐུབ་པའི་མདུན་སྐྱོད་ཀྱི་རྩ་བའི་སྟོབས་ཤུགས་ཡིན།
དུས་རབས་ནི་སྙིང་སྟོབས་ཀྱི་རྡོ་ཀ་ཤུ་ཁ་ལྟ་བུ་ཡིན། གསར་བརྗེའི་དུས་རབས་སུ། ཀྲུང་གོ་མི་དམངས་ཀྱིས་མགོ་བོ་མ་སྒུར་ཞིང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རྐྱེན་ངན་འགོག་གང་ཐུབ་ཀྱིས་ཁྱིམ་སྲུང་རྒྱལ་སྐྱོབ་དང་ཕྱིའི་བརྙས་བཅོས་འགོག་པའི་བརྗིད་ཆགས་མཛེས་སྡུག་གི་ལོ་རྒྱུས་བྲིས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན། ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་འབད་བརྩོན་ཧུར་ཐག་བྱས་ཏེ། དུས་ཡུན་ཐུང་ངུའི་ལོ་40ཡི་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ཕྲག་ལྷག་གི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཏེ། གོམ་སྟབས་ཆེན་པོས་འཛམ་གླིང་གར་སྟེགས་ཀྱི་ལྟེ་བར་བསྐྱོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཀྲུང་གོ་མི་དམངས་ཀྱིས་ཕུགས་བསམ་སེམས་སུ་བཅངས་ཏེ་ཡང་རྩེར་འཛེག་ཅིང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བསྒྱུར་བཅོས་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་དུ་བཅུག་པ་དང་། ཀྲུང་ཧྭ་མི་དམངས་ཡར་ལངས་བ་ནས་འབྱོར་ཕྱུག་ཏུ་གྱུར་བ། དེ་བཞིན་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་གྱི་མཆོང་སྐྱོད་བསུས། “རང་སྲོག་འདོར་བའི་བློ་སྟོབས་ཅན་ཡོད་པས་ཁོ་ཚོའི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ་ཉི་ཟླ་གསར་དུ་བརྗེ་བའི་སྤོབས་པ་ལྡན་དགོས།” ཞེས་པ་ལྟར་ཀྲུང་གོའི་ལོ་རྒྱུས་ཐོག་གི་མདུན་སྐྱོད་ཀྱི་གོམ་པ་རེ་རེ་ནི་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྐུལ་འདེད་ལས་བྱུང་བར་མ་འདས་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་གྲུབ་འབྲས་རེ་རེ་ནི་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཕྱག་བྲིས་ལས་བྱུང་བ་ལས་མ་འདས་སོ།།
འབྱུང་འགྱུར་ལ་དམིགས་ན་རླབས་ཆེན་བསྐྱར་དར་གྱི་གཟི་འོད་ལྡན་པའི་མདུན་ལམ་ལ་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ཀྱི་འདེགས་སྐྱོར་དགོས། དུས་རབས་གསར་པར་སླེབས་ཤིང་མདུན་ལམ་གསར་པའི་འགོ་རྩོམ། ལོ་རྒྱུས་རིང་ཞིང་དེང་རབས་ཅན་གྱི་ཀྲུང་གོ་ཞེས་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་སྐྱེས་སྟོབས་ཀྱི་དཔལ་འབར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས་དང་རིག་གནས་བཅས་ལ་གསོན་ཤུགས་ཚད་མེད་འབར་ཞིང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་བྱས་རྗེས་ངོ་མཚར་ཅན་རྒྱུན་ཆད་མེད་པར་ཐོན་བཞིན་འདུག མདུན་སྐྱོད་ཀྱི་བགྲོད་ལམ་དུ་ང་ཚོས་ཁ་གཏོད་དགོས་པའི་འགྲན་རྩོད་ད་དུང་མང་པོ་ཡོད་པ་དང་སྔར་ལས་ལྷག་པའི་དཀའ་སྤྱད་ཀྱི་འབད་བརྩོན་ཆེན་པོ་རྒྱག་དགོས། ང་ཚོས་ལྷག་པར་དུ་གསར་གཏོད་ལ་བརྟེན་ནས་བྱས་རྗེས་ངོ་མཚར་ཅན་སྔར་ལས་མང་བ་འཕེལ་དུ་འཇུག་དགོས་ཤིང་། འབད་བརྩོན་ལ་བརྟེན་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་ཡོང་བ་མངོན་འགྱུར་བྱ་དགོས། ལྷག་པར་དུ་མཐུན་སྒྲིལ་ལ་བརྟེན་ནས་གོང་བུ་གཅིག་སྒྲིལ་དང་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་མཉམ་དུ་བསྡུ་དགོས་ཤིང་། ཕུགས་འདུན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་གོམ་བགྲོད་ལ་སྐུལ་འདེད་བྱ་དགོས།
རྟག་ཏུ་རྒྱུན་འཁྱོངས་བྱས་ན་ལས་ཀ་འགྲུབ་ཅེས་པ་ལྟར་ང་ཚོས་དུས་དང་རྣམ་པ་ཀུན་དུ་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ང་ཚོར་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་རྒྱབ་སྐྱོར་དང་ནང་ཞུགས་ཡོད་ན་སེལ་མི་ཐུབ་པའི་འགག་གནད་མེད་ཅིང་། བཟློག་མི་ཐུབ་པའི་དཀའ་ཁག་མེད་དེ། འགྲུབ་མི་ཐུབ་པའི་བྱ་གཞག་ཡོད་མི་སྲིད།
དུས་རབས་གསར་པའི་རླུང་ཤུགས་ཤིན་ཏུ་ཆེ། ཀྲུང་གོའི་ཕུགས་འདུན་གྱི་སྐྱ་རེངས་མདུན་དུ་མངོན། ངལ་རྩོལ་དང་སྤོབས་པ་ལྡན་པའི་ཀྲུང་གོ་མི་དམངས་ཀྱི་སྔར་ལས་ཡིད་ཆེས་དང་རང་བཀུར་རང་འབད་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་བཞིན་ཀྲུང་གོའི་གསོན་ཤུགས་དང་བློ་གྲོས་ནི་རྫོགས་མཐའ་མེད་ཅིང་།
ཀྲུང་གོའི་མདུན་ལྗོངས་དང་འབྱུང་འགྱུར་ནི་དཔག་ཏུ་མེད། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་འཁུར་བའི་ཀྲུང་ཧྭའི་གྲུ་གཟིངས་ཆེན་མོ་དེས་ངར་ཤུགས་ཆེར་བསྐྱེད་ཀྱིས་རེ་བས་ཁེངས་པའི་སང་ཉིན་གྱི་ཕྱོགས་སུ་བསྐྱོད་ཐུབ་ངེས།།