སྤྱི་ཟླ་༤པའི་ཚེས་༢༤ཉིན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་བོད་ཡིག་དཔེ་ཆ་ཉོ་སྒྲུབ་ཚོགས་འདུ་དེ་ཁྲི་འདུ་ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(ཚོགས་པ)ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འགན་སྒྲུབ། ཁྲི་འདུ་ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་གིས་རོགས་སྒྲུབ་བྱས་པ་ཡིན་ལ། ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་སྐྲུན་ཁང་༩ཡི་ཚོགས་ཞུགས་འཐུས་ཚབ་༢༣དང་། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(ཚོགས་པ) ཚད་ཡོད་སྤྱི་གཉེར་ཁང་གཙོས་ལྗོངས་ཞིང་ལྔའི་ཞིན་ཧྭ་དཔེ་ཚོང་ཁང་གི་སྤྱི་གཉེར་༦༧ཚོགས་ཞུགས་བྱས་ཡོད་ཅིང་། རྒྱལ་ཡོངས་བོད་ཡིག་དཔེ་སྐྲུན་ཁང་དང་འགྲེམ་སྤེལ་དཔེ་ཚོང་ཁང་ཁག་མཉམ་འཛོམས་ཐོག་དཔེ་སྐྲུན་འགྲེམ་སྤེལ་སྐོར་གྱི་འདས་མ་ད་གསུམ་ལ་བགྲོ་གླེང་ཞིབ་མོ་གནང་།
མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(ཚོགས་པ) བོད་ཡིག་དཔེ་ཆ་སྡེབ་ཚོང་ལྟེ་གནས་ཀྱི་སྤྱི་གཉེར་ཚུའེ་མེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ།
ཚོགས་འདུའི་དབུ་འབྱེད་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(ཚོགས་པ) བོད་ཡིག་དཔེ་ཆ་སྡེབ་ཚོང་ལྟེ་གནས་ཀྱི་སྤྱི་གཉེར་ཚུའེ་མེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བླང་བྱ་གསར་པ་དང་དཔེ་ཆ་འགྲེམ་སྤེལ་ལས་རིགས་ལ་འགྱུར་ལྡོག་གསར་པ་འབྱུང་བཞིན་པའི་གནས་སྟངས་ལ་གཞིགས་ནས་ཐེངས་འདིའི་ཚོགས་འདུ་ལ་དུས་ཐོག་ཆར་བ་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་དང་། འབྱུང་འགྱུར་དཔེ་སྐྲུན་ཁང་དང་དཔེ་ཚོང་ཁང་ཕྱོགས་གཉིས་ནས་ཕྱར་གྲུ་མཉམ་འདེགས་སྒོས་དེང་རབས་འཕྲིན་སྦྱོར་བརྒྱུད་ལམ་ལ་བརྟེན་ནས་བོད་ཡིག་དཔེ་ཆ་གང་ལེགས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ལག་ཏུ་འབྱོར་ཐུབ་པར་བྱ་དགོས་ཞེས་བསྟན།
དེ་ནས་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(ཚོགས་པ)ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་གཞོན་པ་མེ་འཇམ་དབྱངས་ཀྱིས་ཤིས་ཚིག་ཕུལ་བར་མ་ཟད། ཁོང་གིས་ཉེ་བའི་ལོ་འགའི་རིང་གི་སྤྱི་གཉེར་ཁང་གི་བོད་ཡིག་དཔེ་ཆའི་འགྲེམ་སྤེལ་གནས་ཚུལ་དང་། ད་ལྟ་འབྱུང་བཞིན་པའི་དཀའ་གནད། མ་འོངས་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཕྱོགས་ཀྱི་འཆར་གཞི་སོགས་ངོ་སྤྲོད་གནང་། དེར་མཐུད་ནས་ལྗོངས་ཞིང་ལྔའི་ཞིན་ཧྭ་དཔེ་ཚོང་ཁང་གི་སྤྱི་གཉེར་རྣམ་པས་སོ་སོའི་དཔེ་ཚོང་ཁང་གི་དཔེ་ཆ་འགྲེམ་སྤེལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བགྲོ་གླེང་ལྷུག་པོ་གནང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུང་ཐའོ་ཡིས་གཏམ་བཤད་གནང་བཞིན་པ།
བོད་རང་སྐྱོང་ལྗོངས་ཞིན་ཧྭ་དཔེ་ཁང་གི་འཐུས་ཚབ་པདྨ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པའི་ཡུལ་ཤུལ་ཁུལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་ཉི་མ་སྒྲོལ་མ་ཡིས་གཏམ་བཤད་གནང་བཞིན་པ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཞིན་ཧྭ་དཔེ་ཁང་གི་སྤྱི་གཉེར་ཝུའུ་ཞའོ་ལིན་གྱིས་གཏམ་བཤད་གནང་།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཞིན་ཧྭ་དཔེ་ཁང་གི་སྤྱི་གཉེར་ཧོ་ཀྲེན་ཧྭ་ཡིས་བོད་ཡིག་དཔེ་ཆ་འགྲེམ་སྤེལ་གྱི་གནས་ཚུལ་ངོ་སྤྲོད་བྱས།
མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པའི་མཚོ་ལྷོ་ཁུལ་སྤྱི་གཉེར་ཁང་གི་སྤྱི་གཉེར་ལི་ཧུང་མེ་ཡིས་གཏམ་བཤད་གནང་།
ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་གཉེར་ཙུང་ཀྲི་ཡུས་ཀྱིས་གཏམ་བཤད་གནང་བཞིན་པ།
སི་ཁྲོན་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་ཡིས་གཏམ་བཤད་གནང་བཞིན་པ།
མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་གཏམ་བཤད་གནང་བཞིན་པ།
ཕྱི་དྲོར། ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་གི་དགའ་སྐྱིད་ཚོམས་ཆེན་དུ་བོད་ཡིག་དཔེ་ཆའི་འགྲེམ་སྟོན་ལ་གཟིགས་སྐོར་བྱས། ཐེངས་འདིའི་འགྲེམ་སྟོན་དུ་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་སྐྲུན་ཁང་དགུ་ནས་བཏོན་པའི་དཔེ་ཆ་རིགས་༥༠༠ལྷག་འགྲེམ་སྟོན་བྱས་ཡོད་ལ། དེ་དག་གི་ཁྲོད་དུ་ཆོས་ལུགས་དང་མཚན་ཉིད་རིག་པའི་སྐོར། སྐད་བརྡ་རྩོམ་རིག་གི་སྐོར། བཟོ་གསོ་རིག་པའི་སྐོར། ལོ་རྒྱུས་ཀྱི་སྐོར། སྒྱུ་རྩལ་གྱི་སྐོར། གནམ་རིག་སྐར་རྩིས་ཀྱི་སྐོར། ཕྱོགས་བསྡུས་ཀྱི་སྐོར་སོགས་ཡོད།
རྒྱལ་ཡོངས་བོད་ཡིག་དཔེ་ཆ་ཉོ་སྒྲུབ་ཚོགས་འདུ་སྐབས་དང་པོ་ནས་ད་ལྟའི་བར་བགྲང་བྱ་སོ་གཉིས་ཕྱིན་ཡོད་ལ། འདིའི་རིང་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་སྐྲུན་ཁང་ཕན་ཚུན་བར་དཔེ་སྐྲུན་བདམས་ཆོས་སྐོར་གྱི་སྤེལ་རེས་དང་། རྩོམ་སྒྲིག་དང་པར་འདེབས། འགྲེམ་སྤེལ་སྐོར་གྱི་སྤེལ་རེས།ལྷག་པར་དུ་དཔེ་སྐྲུན་ཁང་དང་འགྲེམ་སྤེལ་ལས་ཁུངས་བར་གྱི་སྤེལ་རེས། དཔེ་ཚོང་ཁང་ཕན་ཚུན་གྱི་མཉམ་ལས་སོགས་ལ་ཕན་ནུས་བླ་ལྷག་ཏུ་ཐོན་པར་མ་ཟད། བོད་ཡིག་དཔེ་ཆའི་དཔེ་སྐྲུན་བདམས་ཆོས་བྱ་བ་རིམ་བཞིན་འཐུས་ཚང་དང་། དཔེ་ཆའི་རྣམ་གྲངས་ཇེ་མང་། རྩོམ་སྒྲིག་དང་ཞུ་དག །དཔར་འདེབས་དང་ཐུམ་སྒྲིལ། པར་སྒྲིག་དང་ཇུས་འགོད་སོགས་སྤུས་གཙང་དུ་བཏང་ཡོད།
དཔེ་སྐྲུན་པའི་སྡེ་ཡི་རིག་གནས་ཀྱི་སྡིངས་ཆ་ལྟ་བུར་གྱུར་བའི་དཔེ་ཆ་ཉོ་སྒྲུབ་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་སྐྲུན་ཁང་སོ་སོའི་དཔེ་སྐྲུན་གྱི་གྲུབ་འབྲས་ཏེ་དཔེ་ཆ་ཡག་ཤོས་དག་འགྲེམ་སྟོན་བྱས།ད་དུང་ལྗོངས་ཞིང་ལྔའི་དཔེ་སྐྲུན་ཁང་དང་དཔེ་ཚོང་ཁང་ཚང་མ་མཉམ་འབྲེལ་བགྱིས་ཏེ། དཔེ་སྐྲུན་འགྲེམ་སྤེལ་བྱ་བར་ལྟ་སྐུལ་ནན་མོ་བྱ་རྒྱུ་དང་། དེབ་རྫུན་བཟོ་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་ཐད་གྲོས་མཐུན་གཅིག་གྱུར་བྱུང་ངོ་། །