[གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་ལོ་རྒྱུས་གཤིབ་སྡུར(历时比较)གྱི་བརྟག་ཐབས་ལ་བརྟེན་ནས་བོད་པའི་བརྡ་སྐད་གསར་རྙིང་བར་གྱི་སོར་བཞག་གི་གྲུབ་ཆ་དང་། འཕེལ་འགྱུར་གྱི་ཆ་ལག ཉམས་དམས་ཀྱི་སྣང་ཚུལ་སོགས་བརྡ་སྤྲོད་འཕེལ་འགྱུར་གྱི་སྣང་ཚུལ་དང་བརྡ་སྤྲོད་འཕེལ་འགྱུར་གྱི་ཁྱད་ཆོས་སོགས་ཞིབ་འཐིམས་སུ་བཀོད་ཡོད།
[གནད་ཚིག] བརྡ་སྐད། གསར་རྙིང་། འཕེལ་འགྱུར། ཁྱད་ཆོས།
《ལོ་རྒྱུས་སྐད་བརྡ་རིག་པ》ལས། སྐད་བརྡའི་ལོ་རྒྱུས་ཀྱི་ཞིབ་འཇུག་ལ་ཐབས་ལམ་གཉིས་ཏེ། གཅིག་ནི་ཡིག་ཐོག་གི་རྒྱུ་ཆ་དཔྱད་གཞིར་བཟུང་ནས་དུས་སྐབས་མི་མཚུངས་པའི་ལོ་རྒྱུས་ཀྱི་ཡིག་ཚང་གུང་བསྒྲིགས་ཤིང་ཞིབ་ཏུ་བསྡུར་ཏེ་སྔ་ཕྱི་བར་གྱི་ཁྱད་པར་འཚོལ་ཞིབ་དང་ནང་ཁུལ་དུ་དུས་རབས་མི་མཚུངས་པའི་སྒྲ་རྒྱུད་དང་སྐད་བརྡ་འཕེལ་འགྱུར་གྱི་ཆོས་ཉིད་དག་སྒྲིག་བྱེད་པ་དང་། ……ཅིག་ཤོས་ནི་དངོས་ཡོད་སྐད་བརྡའི་རྒྱུ་ཆ་ནས་མགོ་བརྩམས་ཏེ་སྐད་བརྡ་འཕེལ་འགྱུར་གྱི་ཁུངས་སྣེ་དང་ཆོས་ཉིད་འཚོལ་ཞིབ་བྱེད་པ་ཡིན② ཞེས་བསྟན་པ་བཞིན་བོད་པའི་ཡུལ་སྐད་བརྡ་སྤྲོད་ཀྱི་གཞུང་ངོས་སམ་ལོ་རྒྱུས་ཀྱི་འཕེལ་འགྱུར་ཆོས་ཉིད་འཚོལ་ཞིབ་བྱེད་པ་ལའང་སྔར་འདས་ལོ་རྒྱུས་ཀྱི་ཡིག་ཚང་དང་དངོས་ཡོད་ཀྱི་སྐད་བརྡའི་རྒྱུ་ཆ་དག་གུང་བསྒྲིགས་ནས་གཤིབ་སྡུར་བྱེད་པ་བསྙོན་དུ་མེད་པས། འདིར་ཡང་བོད་པའི་ཡུལ་སྐད་ཀྱི་བརྡ་སྤྲོད་སྣང་ཚུལ་གང་རུང་ལོ་རྒྱུས་ཀྱི་དུས་སྐབས་མི་མཚུངས་པའི་ཡིག་ཚང་དང་བསྡུར་ནས་ཞིབ་ཏུ་དཔྱད་ན། མ་མཐའ་ཡང་གཤམ་གྱི་ཕྱོགས་བཞི་ནས་གཞུང་ངོས་བརྡ་སྤྲོད་ཀྱི་དུས་སྔ་ཕྱི་བར་གྱི་འབྲེལ་བ་དང་ཁྱད་པར་སོགས་ལ་ངེས་ཤེས་རོབ་ཙམ་འདྲོངས་པར་ནུས་ཏེ།
གཅིག བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའི་སོར་བཞག
སྤྱིར་བོད་ཀྱི་ཡུལ་སྐད་སོ་སོར་འཕེལ་རྒྱས་དང་འགྱུར་ལྡོག་ག་འདྲ་ཞིག་བྱུང་རུང་སྔར་ཡོད་རྒྱུན་འཛིན་གྱི་སྟེང་དུ་བྱུང་བ་ཡིན་ལ། ཡུལ་སྐད་ཀྱི་བརྡ་སྤྲོད་སྣང་ཚུལ་ཡང་དེ་ཉིད་ལས་མ་འདས་པར་སྔར་ཡོད་ཀྱི་གྲུབ་ཆ་རྨང་བྱས་པའམ་རྒྱུན་འཛིན་བྱས་ནས་གྲུབ་ཅིང་། རྨང་བྱས་པའམ་རྒྱུན་འཛིན་གྱི་ཆ་དེ་རྣམས་ཀྱང་མཐར་གཏུགས་ན་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་གཉིས་ཀྱི་སོར་བཞག་གི་ཆ་ནས་མངོན་འདུག་སྟེ། སྔར་གྱི་ཡིག་རྙིང་ལས་མངོན་པའི་བརྡ་སྤྲོད་ཀྱི་གོ་དོན་དང་འབྲེལ་བའི་རྣམ་པའམ་ཐབས་ལམ་སྣ་ཚོགས་ལས་བྱེད་འབྲེལ་དང་། ལ་དོན། འབྱུང་ཁུངས་སོགས་རྣམ་དབྱེ་སོ་སོའི་གོ་དོན་དང་འབྲེལ་བའི་ཕྲད་ཀྱི་སྦྱོར་སྟངས་ཕལ་ཆེ་བ་དང་། རྒྱན་སྡུད་དང་ལྷག་བཅས་ཀྱི་ཕྲད་རེ་གཉིས། ན་སྒྲ། དང་སྒྲ། དེ་སྒྲ འདི་སྒྲ། སྤྱི་སྒྲ་སོགས་ཀྱི་སྦྱོར་སྟངས་ལས་གཞན་ད་དུང་དུས་གསུམ་སྐུལ་ཚིག་དང་བྱ་བྱེད་ཐ་དད་མིན་གྱི་རྣམ་གཞག་ཇི་སྙེད་སྟོན་པའི་སྒྲ་ནང་ཁུལ་གྱི་འགྱུར་ཚུལ་དང་། མིང་སྦྱོར་གྱི་དོན་ཇི་སྙེད་དང་འབྲེལ་བའི་མིང་མཐའ་པ་པོ་བ་བོ་མ་མོ་ཅན་ལྡན་མཁན་སོགས་ཀྱི་སྦྱོར་ཚུལ་རྣམས་ད་ལྟའི་ཡུལ་སྐད་དག་ཏུའང་ཚད་མི་འདྲ་བར་རང་སོ་ན་བཞག་ཡོད་དེ། དཔེར་ན།
བདེ་བློན་གིས་ཁྱེ་སྡུག་བསྐོས:བདེ་བློན་གིས་ཁྱེ་སྡུག་བསྐོས། རྟ་རྫིས་ཁྲིད:རྟ་རྫིས་ཁྲིད/ཁྱིད།
རྗེ་ཞང་སྣང་གིས་བཀུམ:རྗེ་ཞང་སྣང་གིས་བསད། ངོ་ངམ་གྱི་ལགིས་བྱུགས:ངོ་ངམ་གི་ལག་གིས་བྱུགས་ལྟ་བུ་ལས་བརྡ་གསར་རྙིང་དག་གི་བྱེད་སྒྲའི་སྦྱོར་སྟངས་གཅིག་མཚུངས་ཡིན་པ་དང་། དཔེར་ན།
པྱིའི་དགྲ་ཐུབ:ཕྱིའི་དགྲ་ཐུབ། ནང་གི་ཁབ་སོ་མཐོའ:ནང་གི་མངའ་ཐང་རྒྱས།
གླང་གི་ལོ:གླང་གི་ལོ། ཐི་ཤོ་ལེག་གི་སྲས:ཐི་ཤོ་ལེགས་གི་སྲས། ང་འི་བུ་ཚ:ངའི་བུ་ཚ་ལྟ་བུ་ལས་བརྡ་གསར་རྙིང་དག་གི་འབྲེལ་སྒྲའི་སྦྱོར་ལུགས་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན།
དྲུ་གུ་ཡུལ་དུ/ལ་བྲོས:བྲུ་གུ་ཡུལ་ལ་བྲོས། མཆོད་པའྀ་སླད་དུ་བགྱིས:མཆོད་པའི་ཆེད་དུ་བྱས།
མྱེ་རི་ཀ་ན་འབའར:མེ/མྱེ་རི་རྩེ་ན་འབར། ཉམསུ་བླངས:ཉམས་སུ་བླངས།
བཀཱ་ལ་གཏོགས:བཀའ་ལ་གཏོགས། ཁྲི་སྲོང་བཙན་རིང་ལ:ཁྲི་སྲོང་བཙན་གི་རིང་ལ་ལྟ་བུ་ལས་བརྡ་གསར་རྙིང་དག་གི་ལ་དོན་གྱི་སྦྱོར་ཚུལ་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན།
མདོ་ནས་རྩང་བར(གཙང):མདོ་ནས་ཕུག་བར། བྲོ་བོར་ནས་བཅས:མནའ་བསྐྱལ་ནས་བཅས།
འབྲི་འོག་ནས་ཕྱུང:འབྲི་འོག་ནས་བླངས། རྗེའུ་བློན་ལས་མཛངས:རྒྱལ་བུ་བློན་པོ་ལས་མཛངས་པ། འབངས་ལས་རྗེ་རེ་བ:འབངས་ལས་རྒྱལ་བོ་འབྱོན་པར་རེ་བ་ལྟ་བུ་ལས་བརྡ་གསར་རྙིང་དག་གི་ནས་སྒྲ་དང་ལས་སྒྲའི་སྦྱོར་ལུགས་མཚུངས་པ་དང་། ཡང་དཔེར་ན།
སྤང་ཡང་མྱེས་ཚིག མཚོ་ཡང་སྐམས:སྤང་ཡང(ར/འང)མྱེས་ཚིག མཚོ་ཡང(ར/འང)སྐམས་ལྟ་བུ་ལས་བརྡ་གསར་རྙིང་དག་གི་ཡང་སྒྲའི་སྦྱོར་ཚུལ་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན།
རབས་བཅད་དེ་ཆད:རབས་བཅད་དེ(ཡེ/ལེ )
ཆད། དམུར་དམུར་ཏེ་བཅད:དམུར་དམུར་ཏེ(རེ / ནས)བཅད་ལྟ་བུ་ལས་བརྡ་གསར་རྙིང་དག་གི་ལྷག་བཅས་ཀྱི་སྦྱོར་ཚུལ་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན།
ཁབ་ཀྱིས་ནི་མ་པུག་ན། རྒྱུས་ཀྱིས་ནི་རེ་མྱི་སྤུགས:ཁབ་གིས་མ་ཕུག་ན། རྒྱུན་བུས་ཕུག་མི་ནུས།
རྒོལ་མ་ཕོད་ན་བུད་མྱེད་དང་མཚུངས:ཕར་རྒོལ་བྱེད་མ་ཐུབ་ན་བུད་མེད(མྱེད)དང་འདྲ་ལྟ་བུ་ལས་བརྡ་གསར་རྙིང་དག་གི་ན་སྒྲའི་བཀོལ་སྟངས་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན།
ཚུར་ལ་གསོནད་དང:ཚུར་ལ་ཉོནད་དང་། སྔ་རྗེ་དང་བསྡུར་ན:སྔོན་གྱི་རྒྱལ་བོ་དང་བསྡུར་ན་ལྟ་བུ་ཡང་ན་དང་སྒྲ་འབྱེད་པའམ་སྡུད་པ་དང་། རྒྱུ་མཚན་དང་། ཚེ་སྐབས་སོགས་སུ་འཇུག་ཚུལ་རྣམས་དབུས་གཙང་སྐད་དུ་སྔ་སོ་ན་གནས་པ་དང་། དེ་བཞིན་དུ་འདི་སྒྲ་དང་། དེ་སྒྲ། གང་སུ་ཅི་ཇི་སྤྱི་སྒྲ་སོགས་ཡུལ་སྐད་ཕལ་ཆེ་བ་ལས་སྔར་སྲོལ་བཞིན་དུ་སྦྱོར་བ་ལས་བརྡ་སྤྲོད་ཀྱི་གོ་དོན་སྣ་ཚོགས་དང་འབྲེལ་བའི་ཚིག་ཕྲད་ཇི་སྙེད་ཅིག་སོར་བཞག་ཏུ་ཡོད་ཚུལ་རྟོགས་ནུས་ལ། ཡང་དཔེར་ན་བརྡ་གསར་རྙིང་ཀུན་ཏུ།
བསྒྲུབས/གྲུབ། བསླངས/ལངས། བསྒྱུར/འགྱུར། བསྙལ/ཉལ། བཅད/ཆད། བསྐུར/འཁུར།
དཀྲུག/འཁྲུག བསྡུས/འདུས། བསྒག/འགག སྦྱར/འབྱར། སྦར/འབར། གཏོར/ཐོར་ཞེས་པ་ལྟ་བུ་སྒྲ་ནང་ཁུལ་གྱི་འགྱུར་ཚུལ་ལ་བརྟེན་ནས་བྱ་བྱེད་ཐ་དད་མིན་གྱི་ལས་ཚིག་སོ་སོར་སྟོན་ཚུལ་སོར་བཞག་ཏུ་ཡོད་པ་དང་། ཡང་དཔེར་ན།
བརྫི/རྫི/བརྫིས/རྫིས:བརྫི(རྫི)/བརྫིས(རྫིས)། བརྒྱག/རྒྱག/བརྒྱབ/རྒྱོབ:བརྒྱག(རྒྱག)/བརྒྱབ/རྒྱོབ།
གཟུགས/འཛུགས/བཙུགས/ཚུགས:འཛུགས/བཙུགས/ཚུགས། བགོ/བགོས:བགོ/བགོས་ལྟ་བུ་སྒྲ་ནང་ཁུལ་གྱི་འགྱུར་ཚུལ་ལ་བརྟེན་ནས་དུས་གསུམ་སྐུལ་ཚིག་གི་ཁྱད་པར་ཚད་མི་འདྲ་བར་སོར་བཞག་ཏུ་ཡོད་པ་དང་། དེ་མཚུངས་སུ་མིང་སྦྱོར་གྱི་དོན་ཇི་སྙེད་དང་འབྲེལ་བའི་མིང་མཐའ་པ་པོ་བ་བོ་མ་མོ་ཅན་ལྡན་མཁན་སོགས་ཀྱི་སྦྱོར་ཚུལ་ལྟར་ནའང་། ཡིག་རྙིང་དུ་ཁུ་མང་པོ་རྗེ། ད་རྒྱལ་ཁོ་མང་པོ་རྗེ། ཡུམ་མང་མོ་རྗེ། བཙན་མོ་མང་མོ་རྗེ། བཙུན་པ་དང་བཙན་མ། འཕགས་པ་དང་འཕགས་མ། ཕྱྭ་མཁན། གཟི་བརྗྀད་ཅན། བློ་ལྡན་ཞེས་སོགས་འབྱུང་བ་བཞིན་དུ་བརྡ་གསར་ཡུལ་སྐད་ཁྲོད་དུའང་། སོག་པོ་དང་སོག་མོ། སྤྱང་པོ་དང་སྤྱང་མོ། དཔའ་བོ་དཔའ་མོ། གླུ་བ་དང་གླུ་མ། རྀ་མོ་འབྲི་མཁན། གཏམ་བཤད་མཁན། སེམས་ལྡན། སྟོབས་ལྡན། ལྷ་ས་བ། ལྟོ་འདུན་ཅན་ཞེས་པ་སོགས་སུ་བདག་སྒྲའི་སྦྱོར་ཚུལ་རྣམས་སྔར་བཞིན་སོར་བཞག་ཏུ་སྣང་བ་རྟོགས་སླའོ། །
གཞན་ཡང་གནའ་བོའི་ཡིག་རྙིང་གི་བརྡ་སྤྲོད་ཀྱི་གོ་དོན་ཇི་སྙེད་དང་འབྲེལ་བའི་བསྐྱར་ཟློས་བྱེད་ཚུལ་རེ་འགའ་དང་ཚིག་སྦྱོར་གྱི་གོ་རིམ་སོགས་ཀྱང་བརྡ་གསར་རམ་ད་ལྟའི་ཡུལ་སྐད་ཀུན་ཏུ་སྔར་དང་གཅིག་མཚུངས་སུ་སྣང་སྟེ། དཔེར་ན།
བརྡ་རྙིང་། འབུལ་འབུལ་བར་བགྱིས/ཞེང་དུ་ནྀ་བསྐྱེད་བསྐྱེད་ན/བཙན་པོས་དགོངས་དགོངས་ནས/
དངོ་སིལ་སིལ/མཉེད་ཁྲུང་ཁྲུང/སྔོ་ས་སྐྱ་ས།
བརྡ་གསར། འབུལ་འབུལ་བར་བྱས/ཞེང་དུ (གི )
བསྐྱེད་བསྐྱེད་ན/རྒྱལ་བོས་བསམས་བསམས་ནས/
སྔོ་ཆེམ་ཆེམ/གུས་གུས་ཞུམ་ཞུམ/དབྱར་ས་དགུན་ས་ལྟ་བུ་ལས་ཚད་མི་འདྲ་བའི་དོན་སྟོན་བྱེད་ཀྱི་བསྐྱར་ཟློས་བྱེད་ཚུལ་དག་སྔ་ཕྱི་གཅིག་མཚུངས་ཡིན་པ་དང་། ཡང་དཔེར་ན་ཡིག་རྙིང་དུ། རི་ཆེད་པོའི་སྟེང་ན་བྲག བྲག་གི་ཁ་ན་ཤིང་། ཤིང་གི་ཁ་ན་ཚང་། ཚང་གི་ཁ་ན་སྒོ་ང་སྟེ། རི་མ་རྙིལ་བར་བྲག་མྱི་འདྲལ། བྲག་མ་རལ་བར་ཤིང་མྱི་འཆགས། ཤིང་མ་ཆག་དང་ཚང་མྱི་ཞིག ཚང་མྱི་ཞིག་བར་སྒོ་ང་མྱི་ཆག་སྟེ། རིས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆགས་སོ། ། ③ ལྟ་བུ་དང་། ཡང་ན། མྱྀ་བཟུང་ཞིང་གཏམ་དྲྀས་ཏེ། ། བརྫངས་ནས་ཕྱྀར་གཏང་ངོ། ། ④ ལྟ་བུའི་ཚིག་སྦྱོར་གྱི་གོ་རིམ་སོགས་ད་ལྟའི་ཡུལ་སྐད་དུའང་གཅིག་མཚུངས་སུ་འབྱུང་བ་རྣམས་ལས་བརྡ་སྐད་རྙིང་མའི་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའམ་ཐབས་ལམ་མི་ཉུང་བ་ཞིག་ད་ལྟའི་ཡུལ་སྐད་ཀུན་ཏུའང་རང་སོ་ན་གནས་པ་གསལ་བོར་ཤེས་ཐུབ་བོ། །
གཉིས། བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའི་འཕེལ་འགྱུར།
ལོ་རྒྱུས་གཞུང་ངོས་ནས་བརྡ་སྐད་གསར་རྙིང་དག་གི་བརྡ་སྤྲོད་བསྡུར་ན། ཚེ་རབས་མི་འདྲ་བའི་མི་རྣམས་ཀྱི་བསམ་གཞིགས་དང་། འབྲེལ་འདྲིས་ཀྱི་དགོས་མཁོ། གཞན་སྐད་ཀྱི་ཤུགས་རྐྱེན། བརྡ་སྐད་ནང་ཁུལ་གྱི་སྡེབ་སྒྲིག་སོགས་མི་འདྲ་བའི་རྐྱེན་གྱིས་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའམ་ཐབས་ལམ་གང་རུང་ལ་འཕེལ་འགྱུར་བྱུང་ཡོད་ལ། འཕེལ་འགྱུར་གྱི་ཆ་དེ་ཡང་མཐར་གཏུགས་ན་བརྡ་སྤྲོད་ཀྱི་གོ་དོན་གཅིག་ལ་རྣམ་པ་མི་འདྲ་བར་འཕེལ་འགྱུར་བྱུང་བ་དང་། རྣམ་པ་གཅིག་ལ་གོ་དོན་མི་འདྲ་བར་འཕེལ་འགྱུར་བྱུང་བ། གོ་དོན་དང་རྣམ་པ་གཉིས་ཀ་གསར་དུ་ཐོན་པ་བཅས་ཕྱོགས་གསུམ་ནས་མངོན་འདུག་སྟེ།
༡.བརྡ་སྤྲོད་ཀྱི་གོ་དོན་གཅིག་ལ་རྣམ་པའམ་ཐབས་ལམ་མི་འདྲ་བར་འཕེལ་འགྱུར་བྱུང་བ་ནི་བརྡ་སྤྲད་བྱའི་ནང་དོན་ནམ་དོན་གྱི་ཉམས་སྣང་ཇི་སྙེད་བརྡ་གསར་རྙིང་ཀུན་ཏུ་གཅིག་མཚུངས་སུ་སྣང་ཡང་མཚོན་བྱེད་ཐབས་ལམ་ནི་བརྡ་གསར་དུ་གནའ་དང་མི་འདྲ་བར་འཕེལ་ཞིང་འགྱུར་ལྡོག་ཇི་སྙེད་ཅིག་བྱུང་བ་ཡིན་ཏེ། འདིར་ཐོག་མར་ཚིག་ཕྲད་ཀྱི་སྦྱོར་ལུགས་ལས་རྣམ་གསལ་གྱི་དཔེ་ཙམ་བཀོད་ན།
ལ་དོན། སུ/རུ/ར/ལ/ཏུ/དུ/ན⇀དུ/ཏུ/རུ/ན/ལ/ཀག/ཡི/ས/ག/ང/བ/མ/འ/ར/གི་སོགས།
འབྲེལ་སྒྲ། གི/ཀྱི/གྱི/འི/ཡི⇀གི[khi132/ki231/kə/gə/ ə]/འི(སྒྲ་ནང་ཁུལ་གྱི་འགྱུར་བ)སོགས།
བྱེད་སྒྲ། གིས/ཀྱིས/གྱིས/འིས/ཡིས⇀
གིས[khi132/ki231/kə/gə/ ə]/འིས(སྒྲ་ནང་ཁུལ་གྱི་འགྱུར་བ)སོགས།
རྒྱན་སྡུད། ཀྱང/གྱང/འང/ཡང⇀ཡང/ཡའི/ནའི/ད/དའི/འདེ/འ/འང/ལ/ར/ད/དྲ/ན་ར་སོགས།
ལྷག་བཅས། ཏེ་དེ་སྟེ⇀ནས/བྱས/ལ/ལས/ར/རས/འ/འས/ག/གས/ང/ངས/བ/བས/མ/མས/ཡས་སོགས།
འབྱེད་སྡུད། གམ་སོགས་བཅུ་གཅིག⇀ག/གས/
ང/ད/ན/བ/མ/འ/པ/པས/ར/ལ/ཨ/ཨེ/ཨི་སོགས།
འབྱུང་ཁུངས། ནས/ལས⇀ནས/ལས/ཡིས/བས/གི/བལྟོས་གི་སོགས།
དང་སྒྲ། དང་སྒྲ⇀དང[thaŋ132/tɑ̃/do]/ད/དྲ[tʂa/dʐa]/ར/ལ་སོགས།
བཞིན་སྒྲ། བཞིན⇀བཞིན/གིན(གིའི)/ཀྱིན/གྱིན/ཤིན་ལྟ་བུ་སོགས་དང་། ཡང་ན་ཚིག་སྦྲགས་མའི་ཕྲད་ཀྱི་སྤེལ་སྟངས་ལྟར་ནའང་།
རྒྱུ་མཚན་སྟོན་བྱེད། པས/སྟབས/རྐྱེན་གྱིས/དབང་གིས/གཤིས/བརྟེན/དང་སོགས/སྟབས་གིས/རྐྱེན་གིས/དང/དེར་བརྟེན/དེའི་ཕྱིར/དེ་བས་ན/ཙང/དབང་གིས/བཟི་གིས/ཁོའུ་གིས་སོགས།
ལྷག་དོན་སྟོན་བྱེད། ལྟ་ཞོག/མ་ཟད། ད་དུང་སོགས⇀མ(མི)ཚད(ཀི)། ད་རུང/མ་ཟད། ད་དུང/ཕར་ཞོག ཐ་ན/ནང་སྒོས་སུ/ཁྱད་པར་དུ/ལྷག་པར་དུ་སོགས།
འགལ་དོན་སྟོན་བྱེད། མོད་ཀྱང/འོན་ཀྱང/དེ་ལྟ་ནའང/ཀྱི་སོགས⇀ཡིན་ན་ཡང/ཡིན་ཡང/ཡིན་ནའི/ད ~ དེ/ཡིན་ན་ར/རུང་སོགས།
འདྲ་མཉམ་སྟོན་བྱེད། ཅིང/ཞིང/ཤིང/དང/ལ་སོགས⇀དང/ཆབས་ཅིག/དེ་མཚུངས་སུ/གཅིག་ན་སོགས།
རིམ་ཅན་སྟོན་བྱེད། འུང་ནས/འུང་གི/དེ་ནས/མུར⇀དེ་ནས/དེ་གི/དེའི་འཕྲོར/དེའི་རྗེས་སུ་སོགས།
གདམ་ང་སྟོན་བྱེད། ཡང་ན~ཡང་ན་སོགས
⇀ཡང་ན/ཡང་མིན་ན/གཅིག་བྱས་ན་སོགས།
བྱེད་ཚུལ་སྟོན་བྱེད། བྱེད་སྒྲ་སོགས⇀སྒོས/སྒོ་ནས/ངང་གིས/ངང་ནས/བྱས་ནས(ཡེ/ལེ)སོགས།
བརྟག་པ་མཐའ་བཟུང་། རྒྱ་ལ~ན/ན་སོགས⇀ གལ་ཏེ~ན/ན/གལ་སྲིད~ན/ཕྱིན་སོགས།
དགོས་ཆེད་སྟོན་བྱེད། ཆེད་དུ/ཕྱིར་དུ་སོགས
⇀ཆེད་དུ/ཆེད་ལ(ལེ)/དོན་དུ(ལེ)/དོན་ན་ལྟ་བུ་ལས་བརྡ་སྤྲོད་ཀྱི་གོ་དོན་རྣམས་སྔར་དང་གཅིག་མཚུངས་སུ་སྣང་ན་ཡང་ཕྲད་རྣམས་ཀྱི་སྤེལ་སྟངས་དང་སྦྱོར་ལུགས་སོགས་སྔར་ལས་མང་དུ་འཕེལ་ཞིང་འགྱུར་ཉམས་ཆེ་ལ་ཕལ་ཆེ་བ་རྗེས་འཇུག་ལ་བལྟ་མི་དགོས་པར་རང་དབང་དུ་སྦྱོར་རུང་བ་དང་། དེ་བཞིན་དུ་མིང་རྐྱེན་སྦྱོར་ཚུལ་ལྟར་ནའང་།
མིང་ཚིག+ཅིག(ཆིག)/ཞིག/ཤིག⇀མིང་ཚིག+ཅིག/ཟིག་ལྟ་བུ་གཅིག་ཚིག་སྒྲུབ་བྱེད་དང་། དཔེར་ན།
ཚབ་ཚིག/མིང་ཚིག+(རྣམ་པ)ཚོ/རྣམས/ཀུན/ཐམས་ཅད་སོགས⇀ཚབ་ཚིག/མིང་ཚིག+(རྣམ་པ)ཚོ/རྣམས/ཀུན/ཐམས/ཅག/གྱད/གྲལ/གྲས/ཡོ/ཡུལ/ཆོ/ཆ་བོ་ལྟ་བུ་མང་ཚིག་སྒྲུབ་བྱེད་དང་། ཡང་དཔེར་ན།
བྱ་ཚིག+མཁན/མྱི(མི)/བྱེད་སོགས⇀
མཁན[khɛn55/ŋɛ̃13] /མྱི[ȵə53/ȵen55] /བྱེད/སྤྱད་ལྟ་བུ་བྱེད་པོའམ་བྱེད་པ་སྟོན་བྱེད་དང་། ཡང་དཔེར་ན།
རྒྱན་ཚིག+པོ/པ(མི)/ཤོས⇀ཀེ/ཏེ/པོ/བོ/མ/མོ/བ//ང/འ/སེ/པ/ར//ཤོས་ལྟ་བུ་རིམ་ཚད་མི་འདྲ་བར་སྟོན་བྱེད་དུ་འཇུག་པ་སོགས་དོན་ལ་འགྱུར་བ་མེད་ཀྱང་མཚོན་སྟངས་མིང་རྐྱེན་སྦྱོར་ལུགས་ལ་འགྱུར་ཉམས་ཆེ་བ་དང་། ཡང་དཔེར་ན།
བསྒྲུབ(བྱ)⇀བསྒྲུབ(ཀྱི་ཡིན/ཀྱི་སྦེད/ཀྱི་རེད/རྒྱུ/རྒྱུ་རེད)
སྒྲུབ(བྱེད)⇀སྒྲུབ(ཀི་ཡོད/ཀི་ནུག/སྲི་ཡོད/སྲི་འགེ/ཀོ/ཀོ་གི)
བསྒྲུབས(ཟིན)⇀བསྒྲུབས(པ་ཡིན/སོང/བྱུང/བཟི་ཡིན/བཟི་རེད/ཐལ/སི/བཏང་ང/བཏང་ཐལ)ལྟ་བུ་ལས་དུས་གསུམ་གྱི་ཁྱད་པར་སྟོན་བྱེད་ལ་བརྡ་རྙིང་དུ་སྒྲ་ནང་ཁུལ་གྱི་འགྱུར་ཚུལ་མི་འདྲ་བར་བརྟེན་པ་རྣམས་ད་ལྟའི་ཡུལ་སྐད་དུ་མིང་རྐྱེན་ནམ་གྲོགས་ཚིག་སྦྱོར་ཚུལ་དུ་འཕེལ་འགྱུར་བྱུང་ཡོད་པ་དང་། དེ་བཞིན་དུ་དགག་སྒྲུབ་གཉིས་ཀྱི་ཞིབ་བརྗོད་ཀྱི་ཚིག་ཉམས་དང། འདྲི་གཅོད་ཀྱི་ཚིག་ཉམས། སྐུལ་སྨོན་གྱི་ཚིག་ཉམས་སྟོན་བྱེད་ཀྱི་ཚིག་མཐའ་སྦྱོར་ལུགས་སོགས་ཀྱང་སྔར་ལས་འགྱུར་ཉམས་ཆེ་ཙམ་དུ་འཕེལ་འདུག་སྟེ། དཔེར་ན།
སྒྲུབ་ཚིག: ཡིན/རེད/ཡོད/འདུག/བྱུང/སོང/ཡོད་པ་རེད་སོགས/ཡིན(སྦེད)/རེད/ཡོད/འདུག/ནུག/ཤག/ ནིག/བྱུང/སོང/ཡོག(ཡོད་པ)རེད(སྦེད)/ཡིན(དོ/ཐལ/སི)ཡོད(དོ/ཐལ/སི)/འགེ/ཐལ/དོ(འདུག)/སི/ཡོད་ཀྱི(ལི)རེད/ སྣང/བཏང་ང/ཟིག/བཏང(ཐལ) /ནི་ཡིན/ཡོད་ནི(ལི)རེད་སོགས།
དགག་ཚིག: མིན/མ་ཡིན/མ་རེད/མི་སྣང/མ་བྱུང/མེད/མི་འདུག/མ་མཆིས/ཡོད་པ་མ་ཡིན་སོགས/མིན/མ་རེད/མིན་སྦེད/མེད/མི་འདུག/མ་བྱུང/མ་སོང/ཡོག་མ་རེད/མོག་སྦེད/མག(མ་རེད)/མི་འགེ/མ་ཐལ/མི་དོ/ཡོད་ཀྱི(ལི)མ་རེད/མི་སྣང/ཡོད་ནི(ལི)མ་རེད་སོགས།
འདྲི་གཅོད: གམ་སོགས་བཅུ་གཅིག/གང/སུ/ཅི(ཆི)/ཇི་སོགས/གས/ངས/པས/ག/ང/ད/ན/བ/ར/སྦ/ཀྱས/ ཨ(ཨེ)ཡིན/ཨ(ཨེ)རེད/ཨ(ཨེ)ཡོད/ཨ(ཨེ)འདུག(ཡིན/རེད)དོའོ/ཡིའི/ལེའེ/ཨེ་འགེ/འགེ་ལེའེ/ཨ/ག/ང/ད/ན/བ/ཨེ་སྣང/བཏང་ནེ/གང/སུ/ཅི/ཆི/ཇི་སོགས།
སྐུལ་སྨོན: དང/ཅིག/ཞིག/ཤིག/གྱིས/པར་མཛོད/པར་འཚལ/ཞུ/རོགས/དགོས/ཨང/ཤོག/པར་སྨོན་སོགས/དང/ཤིག/ཞོག/གྱིས/ཨ/ག/ལ/ང་ལ/ར་ལ/ཤོག/བཟོས/དགའ(དགོས)རེད/ར(དྲ)/རེ/ལ(འ)ཞོག/ལ(འ)ཐོངས/ར་བོ/རོ(དྲོ)/དགོ/ད(གདའ)པ/ཡ་ལྟ་བུ་སོགས་མཐའ་ཡས་པར་སྣང་བས་ཡུལ་སྐད་དངོས་དང་འབྲེལ་ནས་ཤེས་པར་བྱའོ། །
༢.བརྡ་སྤྲོད་ཀྱི་རྣམ་པ་གཅིག་ཀྱང་གོ་དོན་མི་འདྲ་བར་འཕེལ་འགྱུར་བྱུང་བ་ནི་བརྡ་སྐད་གསར་རྙིང་ཀུན་ཏུ་བརྡ་སྤྲོད་ཀྱི་རྣམ་པའམ་ཐབས་ལམ་གཅིག་མཚུངས་སུ་སྣང་ན་ཡང་བརྡ་སྤྲོད་ཀྱི་གོ་དོན་རྣམས་བརྡ་གསར་དུ་སྔར་དང་མི་མཚུངས་པའི་འཕེལ་འགྱུར་བྱུང་བ་ཞིག་སྟེ། དཔེར་ན།
ནས་སྒྲ: འབྱུང་ཁུངས/དགར་བ/སྡུད་པ
⇀འབྱུང་ཁུངས/དགར་བ/སྡུད་པ/བྱེད་སྒྲ/མཚམས་སྦྱོར་སོགས།
ལས་སྒྲ: འབྱུང་ཁུངས/དགར་བ⇀འབྱུང་ཁུངས/དགར་བ/མ་གཏོགས་སོགས།
ལ་སྒྲ: ལ་དོན⇀ལ་དོན/ཅིང་ཞིང་ཤིང་གི་དོན/ལྷག་བཅས/མཐུན་པའི་ཚིག་རྒྱན་སོགས།
དང་སྒྲ: འབྱེད་སྡུད⇀འབྱེད་པ/སྡུད་པ/རྒྱུ་མཚན/ཚེ་སྐབས/གདམས་ངག/འཇུག་ཡུལ་སྟོན་པ⑤སོགས།
ན་སྒྲ: བརྟག་པ་མཐའ་བཟུང⇀གལ་འཛུགས/གཞུང་འཛུགས/རྒྱུ་མཚན/མཐུན་པ་དང་མི་མཐུན་པ/འོས་པ་དང་མི་འོས་པ/སྨོན་པ་སོགས།
གི་སྒྲ: འབྲེལ་སྒྲ⇀འབྲེལ་སྒྲ/སྡུད་པ/ལྡོག་དོན/བཞིན་སྒྲ/བྱ་ཚིག་དང་རྒྱན་ཚིག་དག་གི་ཞིབ་བརྗོད་ཀྱི་ཉམས་སྟོན་བྱེད་དུ་འཇུག་པ་ལྟ་བུ་ལས་བརྡ་སྤྲོད་ཀྱི་རྣམ་པ་སྟེ་ཕྲད་གཅིག་ལ་བརྡ་རྙིང་དུ་དོན་ཉུང་ངུ་ཙམ་ལས་མེད་ཀྱང་དེང་དུས་ཀྱི་ཡུལ་སྐད་དམ་བརྡ་གསར་དུ་དོན་མང་ཙམ་སྟོན་བྱེད་དུ་འཕེལ་འགྱུར་བྱུང་བ་བཞིན་ལགས་སོ། །
༣. བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་གཉིས་ཀ་གསར་དུ་ཐོན་པ་ནི་མི་རྣམས་ཀྱི་བསམ་གཞིགས་དང་འབྲེལ་འདྲིས་ཀྱི་དགོས་མཁོ་དང་བསྟུན་ནས་སྔར་བརྡ་རྙིང་དུ་མེད་པའམ་མངོན་གསལ་མིན་པའི་བརྡ་སྤྲོད་ཀྱི་གོ་དོན་དང་དེ་རང་མཚོན་བྱེད་ཀྱི་རྣམ་པའམ་ཐབས་ལམ་དག་དེང་རབས་ཡུལ་སྐད་དག་ཏུ་མངོན་གསལ་དུ་གྱུར་ཅིང་གསར་དུ་ཐོན་པ་ཞིག་ཡིན་ཏེ། འདི་ལ་བྱེ་བྲག་ཏུ་བྱ་ཚིག་དང་འབྲེལ་བའི་དུས་གཟུགས་དང་། མི་སྣ། བྱ་ཚུལ་དངོས་བརྒྱུད་སོགས་བརྡ་སྤྲོད་ཀྱི་ཁྱབ་ཁོངས་སྟོན་བྱེད་དུ་བྱ་ཚིག་གི་མཐར་གྲོགས་ཚིག་སྦྱོར་སྟངས་ཇི་སྙེད་ཅིག་སྣང་སྟེ། དཔེར་ན།
མ་འོངས་པ/རང: བྱ་ཚིག་མ་འོངས་པ+ཀི(ཀྱི/ཀ)ཡིན/གྱི་ཡིན/ལི་ཡིན/རྒྱུ/རྒྱུ་ཡིན/རྩིས་ཡོད་སོགས།
གཞན: བྱ་ཚིག་མ་འོངས་པ+ཀི་རེད/ཀྱི་སྦེད/གྱི་རེད/ལི་རེད/རྒྱུ་རེད/རྩིས་རེད་སོགས།
ད་ལྟ་བ/རང: བྱ་ཚིག་ད་ལྟ་བ+ཀི(ཀྱི)ཡོད/པའི་སྒང་ཡིན/ཞོར་ཡིན/ཤེ་ཡོད/སྲི་ཡོད/གི་ཡོད་སོཊ།
གཞན: བྱ་ཚིག་ད་ལྟ་བ+ཀི་འདུག/ཀི་ཡོད/པའི་སྒང་རེད/ཞོར་རེད/ཤེ་ཡོད/སྲི་ཡོད/སྲི་འགེ/གོ་ཀི/གི་ཡོད་ཀི/གོ་ནོ་སྒང་རེད་སོགས།
འདས་པ/རང: བྱ་ཚིག་འདས་པ+པ་ཡིན/བཟི་ཡིན/བཏང(ང)/ཚར་སོང་སོགས།
གཞན: བྱ་ཚིག་འདས་པ+པ་རེད/བ་སྦེད/འདུག/བཟི་རེད/བྱུང/ཐལ/བཏང་ཐལ/ བཏང་ཟིག/ཚར་སོང་ཐལ་སོགས།
ཉེར་འཇུག/རང: བྱ་ཚིག་མ་འོངས་པ+གྲབས་ཡོད/ཤས་ཡིན/ལ་ཡོད/ལ་ཁ་ཡིན་སོགས།
གཞན: བྱ་ཚིག་མ་འོངས་པ+གྲབས་འདུག
(ནུག)/ལ་འདུག/ཤས་རེད/ས་རེད/ལ་ཡོད་ཀི/ལ་ཁ་རེད/ནི་རེད་སོགས།
འདས་མ་ཐག་པ/རང: བྱ་ཚིག་འདས་པ+འགྲོའི(རུང)ཡིན/ཚར་ཙམ་ཡིན/མ་ཐག་ཡིན/ཚར་ལི་མི་ཁོང་ཡིན/རུང་ཡིན/གཏད་གཅིག་གོ་ཡིན་སོགས།
གཞན: བྱ་ཚིག་འདས་པ+འགྲོའི(རུང)རེད/འགྲོའོ་སྦེད/ཚར་ཙམ་འདུག/མ་ཐག་རེད/ རུང་རེད/གཏད་གཅིག་གོ་རེད་ལྟ་བུ་ལས་དུས་གཟུགས་མི་འདྲ་བ་དང་མི་སྣ་རང་གཞན་གྱི་ཁྱད་པར་སྟོན་ཚུལ་སོགས་བརྡ་རྙིང་དུ་མཐོང་རྒྱུ་མེད་པ་རྣམས་ད་ལྟའི་ངག་སྦྱོར་དུ་ཕུན་སུམ་ཚོགས་པར་སྣང་བ་ལ་དོན་ཉམས་ཀྱང་ཅི་རིགས་སུ་སྣང་ལ། ཡང་དཔེར་ན།
བྱ་ཚིག་འདས་པ+ཐལ/སོང/བྱུང:དངོས་སུ་མཐོང་བའམ་མྱོང་བ/དངོས/གཞན་ཕྱོགས།
བྱ་ཚིག་འདས་པ+ཤག/སི/ཟིག:དངོས་སུ་མ་མཐོང་བ/བརྒྱུད/གཞན་ཕྱོགས།
བྱ་ཚིག་ད་ལྟ་བ/མ་འོངས་པ+གི་འདུག/དོ/ཀི(གི): དངོས་དོན་དྲང་བརྗོད/གཞན་ཕྱོགས།
ཚིག་དུམ+ཡིན་པ་འདྲ/ཡིན་སྲི(ས)འགེ/ས་ཡོད་ཀི(འགེ)/ན་ཐང:ཚོད་དཔག/གཞན་ཕྱོགས་ལྟ་བུའི་སྦྱོར་ལུགས་ལ་བྱ་ཚུལ་གང་ཡང་རུང་བར་དངོས་བརྒྱུད་སོགས་ཀྱི་ཁྱད་པར་དང་དོན་ཉམས་ཅི་རིགས་སུ་སྣང་བ་དང་། ཡང་སྐབས་འགར་བྱ་ཚིག་དང་ལས་ཚིག་རྗེས་མཐུན་གྱི་མཐར་བྱ་ཚིག་ཞན་འགྱུར་གྱི་མིང་བརྡ་གཞན་ཞིག་སྦྱར་ནས་ཕྱོགས་མཚུངས་ཀྱི་དོན་སྟོན་པ་ཞིག་ཀྱང་སྣང་སྟེ། དཔེར་ན།
བྱ་ཚིག/ལས་ཚིག་རྗེས་མཐུན་པ+ཡོང/འོང: བྱེད་འོང་ངེས་པ།
བྱ་ཚིག/ལས་ཚིག་རྗེས་མཐུན་པ+དར:དར་སྲོལ་ཙམ་དུ་བརྗོད་པ།
བྱ་ཚིག/ལས་ཚིག་རྗེས་མཐུན་པ+གྲགས:མྱོང་ཚོར་ལྟར་གདེང་འཇོག་བྱེད་པའམ་གྲགས་ཚུལ་ལྟར་བརྗོད་པ⑥ལྟ་བུ་ལགས་ལ། འདི་དག་གི་བརྡ་སྤྲོད་ཀྱི་གོ་དོན་དང་མཚོན་སྟངས་རྣམ་པ་སོགས་གནའ་བོའི་ཡིག་རྙིང་དུ་མཐོང་ཆོས་སུ་མ་གྱུར་སྟབས་བརྡ་གསར་དུ་མངོན་པའི་སྣང་ཚུལ་འབའ་ཞིག་ལས་མ་འདས་སོ། །
གསུམ། བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའི་ཉམས་ཚུལ།
མི་རྣམས་ཀྱི་བསམ་བློ་ངག་སྦྱོར་གྱི་འཕེལ་འགྱུར་དང་། བརྡ་སྤྲོད་ནང་ཁུལ་གྱི་གྲུབ་ཆའི་སྡེབ་སྒྲིག གྲུབ་ཆ་ཕན་ཚུན་བར་གྱི་ཤན་ཞུགས་སྣ་ཚོགས་ལས་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའམ་མཚོན་ཐབས་རྙིང་པ་ཉམས་དམས་སུ་གྱུར་འདུག་ལ། དེ་རྣམས་ཀྱང་ཉམས་ཚུལ་ལྟར་ན། བརྡ་སྤྲོད་ཀྱི་གོ་དོན་མ་ཉམས་ཀྱང་རྣམ་པ་ཉམས་པ་དང་། རྣམ་པ་མ་ཉམས་ཀྱང་གོ་དོན་ཉམས་པ། གོ་དོན་དང་རྣམ་པ་གཉིས་ཀ་ཉམས་པ་བཅས་རིགས་གསུམ་ཙམ་སྣང་སྟེ།
(1)བརྡ་སྤྲོད་ཀྱི་གོ་དོན་མ་ཉམས་ཀྱང་རྣམ་པ་ཉམས་པ་ནི་མཚོན་བྱ་བརྡ་སྤྲོད་ཀྱི་གོ་དོན་རྣམས་གནའ་བོའི་བརྡ་རྙིང་དུ་ཇི་བཞིན་སྣང་བ་རྣམས་ད་ལྟའི་ཡུལ་སྐད་དུའང་དེ་བཞིན་དུ་ཡོད་ཀྱང་། མཚོན་བྱེད་ཀྱི་རྣམ་པ་སྔར་ལས་ཇེ་ཉུང་དུ་ཕྱིན་པའམ་ཡང་ན་ཐབས་ལམ་གཞན་གྱིས་དོད་བྱས་ནས་ཉམས་དམས་སུ་གྱུར་པ་ཡིན་ཏེ། དཔེར་ན།
ལྟ་བུ་ལས་ཚིག་ཕྲད་རྣམས་བསྟན་བྱའི་དོན་རྣམས་ལ་བརྡ་གསར་རྙིང་དག་ཏུ་གཅིག་པ་ལ། མཚོན་ཐབས་ཕྲད་ཀྱི་སྤེལ་སྟངས་དང་སྦྱོར་ལུགས་རྣམས་བརྡ་རྙིང་དུ་མང་ཙམ་དུ་ཡོད་ཀྱང་བརྡ་གསར་དུ་ཉམས་ནས་ཉུང་ངུ་ཙམ་ལས་མེད་པ་དང་། འདི་དག་ལས་རེ་འགའ་ངག་སྲོལ་དུ་ཕྲད་གཞན་གྱིས་དོད་བྱས་ནས་ཉམས་པའང་ཡིན་ཏེ་དཔེར་ན། སློབ་ཁྲིད་བྱེད་དུ་འགྲོ་ལ་བྱེད་གག་འགྲོ་ཞེས་དང་། དམར་པོར་གྱུར་ལ་དམར་རོ་གི་གྱུར་ཞེས་དང་། ཕྱི་ཡིག་ཀྱང་ཤེས་ལ་ཕྱི་ཡིག་ཡའི/ར་ཤེས་ཞེས་པའི་གག་སྒྲ་དང་། གི་སྒྲ། ཡའི/ར་སྒྲ་བཅས་ཀྱི་ལ་དོན་དང་རྒྱན་སྡུད་དག་གི་ཕྲད་ཀྱི་དོད་དུ་སྤྱད་པས་བརྡ་རྙིང་གི་ཕྲད་གང་ཞིག་མངོན་དུ་མེད་པར་གྱུར་པ་དང་། དེ་མཚུངས་སུ་གཞན་པའི་བརྡ་རྙིང་གི་ཚིག་ཕྲད་སོགས་ཐབས་ལམ་མི་ཉུང་བ་ཞིག་ད་ལྟའི་ངག་རྒྱུན་དུ་རྣམ་པ་གཞན་ལྟར་སྣང་བའམ་ཡང་ན་རྣམ་པ་གཞན་གྱིས་དོད་བྱས་ནས་བརྡ་རྙིང་གི་རྣམ་པ་དེ་དག་ཉམས་པར་གྱུར་འདུག་སྟེ། དཔེར་ན།
ལྟ་བུ་བརྡ་སྐད་རྙིང་མའི་ཕྲད་ཀྱི་ཉམས་ཚུལ་ཡིན་ལ། དེ་བཞིན་དུ་བསྐྱར་ཟློས་བྱེད་ཚུལ་ལྟར་ནའང་།
ས་ས་མལ་མལ:རང་ས་རང་མལ། ཚེ་ཚེ་རབས་རབས:ཚེ་རབས་ནས་ཚེ་རབས།
ནམ་ནམ་ཞར་ཞར:དུས་ནམ་ཡིན་ཡང་། ས་ས་ཡུལ་ཡུལ: ས་ཆའམ་ཡུལ་ཕྱོགས་སོ་སོ།
མོལ་མོལ་ནི་འཆམ་འཆམ་ན:གྲོས་བྱས་ནས་འཆམ་མཐུན་བྱུང་ན། ཡུལ་ཡུལ་ན:ཡུལ་གྲུ་སོ་སོ་ན།
བསེང་བསེང་མོ:ཐར་རེ་ཐོར་རེ། བང་ཐང་ཐང:བང་རྒྱུག་པ། དགུའ་དུད་དུད:མགོ་བོ་དུད་པ་ལྟ་བུ་ལས་སྔ་མའི་བརྡ་རྙིང་གི་བསྐྱར་ཟློས་བྱེད་ཚུལ་རྣམས་ཕྱི་མའི་བརྡ་གསར་དུ་མི་གོམས་ཤིང་ཉམས་ནས་བསྐྱར་དུ་མི་ཟློ་བ་དང་། ཡང་དཔེར་ན།
མྱྀ⇀མྱྀ་འོ་འཚལ:མྱི(མི)ཡིན་ཡིན(ཡོད་ཡོད)ཐམས་ཅད/མི་ཡིན་ཡིན(ཡོད་ཡོད)པོ།
གཅེས⇀གཅེས་སོ་འཚལ:གཅེས་གཅེས(པ)ཐམས་ཅད(ཚང་མ) /གཅེས་གཅེས་པོ།
བྱུང⇀བྱུང་ངོ་ཅོག:བྱུང་བྱུང(བ)ཐམས་ཅད(ཚང་མ) /བྱུང་བྱུང་ངོ་།
སླེབས⇀སླེབས་སོ་ཆོག:སླེབས་སླེབས(པ)ཐམས་ཅད(ཚང་མ) /སླེབས་སླེབས་པོ།
བསྩལད⇀བསྩལད་དོ་ཆོག:གནང་གནང(བ)ཐམས་ཅད(ཚང་མ)/གནང་གནང་ངོ(གོ)ལྟ་བུ་ལས་བརྡ་སྐད་རྙིང་མ་རུ་རྒྱུགས་ཆེ་བའི་མིང་རྐྱེན་སྦྱོར་ཚུལ་རྣམས་དེང་དུས་སུ་ཡིག་སྲོལ་ཙམ་ལ་མ་གཏོགས་ངག་ཐོག་ཏུ་བསྐྱར་ཟློས་བྱེད་ཚུལ་ལ་བརྟེན་འདུག་པས་མངོན་དུ་མེད་ཀྱང་དོན་རྣམས་སྔ་ཕྱི་ཀུན་ཀྱང་མང་ཚིག་ལ་འཇུག་ཚུལ་གཅིག་མཚུངས་ཡིན་ཙ་ན། ཚུལ་འདི་དག་ལས་བརྡ་སྤྲོད་ཀྱི་གོ་དོན་རྣམས་དུས་སྔ་ཕྱི་ཀུན་གཅིག་ཀྱང་མཚོན་བྱེད་ཐབས་ལམ་ལ་བརྡ་གསར་དུ་བརྡ་རྙིང་ལས་གཞན་ཞིག་སྤྱད་ཅིང་སྔ་མའི་དོད་བྱས་པས་ཉམས་དམས་སུ་གྱུར་འདུག་པ་རྟོགས་ནུས་སོ། །
(2)བརྡ་སྤྲོད་ཀྱི་རྣམ་པ་མ་ཉམས་ཀྱང་དོན་ཉམས་པ་ནི་མཚོན་བྱེད་རྣམ་པའམ་ཚིག་ཕྲད་སོགས་ཀྱི་སྦྱོར་ལུགས་གང་རུང་བརྡ་གསར་རྙིང་ཀུན་གྱི་ཡིག་སྲོལ་དུ་སྣང་ཡང་དོན་གྱི་འགྱུར་ཉམས་སོགས་ད་ལྟའི་ཡུལ་སྐད་སོ་སོའི་ངག་སྦྱོར་དུ་མི་གསལ་ཞིང་ཇི་བཞིན་དུ་མི་འབྱུང་བའམ་ཉམས་དམས་སུ་གྱུར་པ་ཡིན་ཏེ། དཔེར་ན་ནི་སྒྲ་ལྟ་བུ་བརྡ་སྐད་རྙིང་མ་རུ་རྒྱུགས་ཆེ་ཞིང་ངོས་བཟུང་དང་། དགར་བ། བརྣན་པ། འབྲེལ་སྒྲ་སོགས་ཀྱི་དོན་སྟོན་བྱེད་དུ་འཇུག་པ་རྣམས་ད་ལྟའི་ཡིག་སྲོལ་དུའང་སྔར་བཞིན་གྱི་དོན་ལ་དགོངས་ནས་སོར་བཞག་ཏུ་ཡོད་ཀྱང་། ཡུལ་སྐད་ཕལ་མོ་ཆེའི་ངག་སྲོལ་དུ་གདངས་ཀྱི་ཡར་འདེགས་སམ་ལྕི་སྒྲའི་ཕབ་ལུགས་ཙམ་ལས་ནི་སྒྲ་དངོས་ཀྱི་སྦྱོར་སྟངས་གཞི་ནས་ཉམས་ཟིན་པ་དང་། ཅིང་ཞིང་ཤིང་གསུམ་མཉམ་སྦྱོར་དུ་འཇུག་པ་དང་། ཅེའོ་ཞེའོ་ཤེའོ་གསུམ་འདྲེན་སྡུད་ལ་འཇུག་པ། གོ་སོགས་བཅུ་གཅིག་སླར་བསྡུའམ་ཟླ་སྡུད་དང་རྫོགས་ཚིག་ལ་འཇུག་པ་སོགས་ཀྱང་གནའ་དེང་གི་ཡིག་སྲོལ་ཙམ་དུ་མ་ཟད་ད་ལྟའི་ཡུལ་ལུང་གི་སྐད་རྣམས་སུ་རེ་འགའ་སྒྲ་དོན་གཞན་དུ་འགྱུར་བ་དང་འགའ་ཞིག་དོན་ཉམས་འབའ་ཞིག་གཞན་དུ་འགྱུར་བའི་ཆ་ནས་སྔར་གྱི་དོན་རྣམས་ཇི་བཞིན་དུ་མི་འབྱུང་ཞིང་། དེ་བཞིན་དུ་སྔར་ཡིག་སྲོལ་དུ་སྣང་བའི་ཏེ་དེ་སྟེ་གསུམ་སོགས་གཞན་འདྲེན་པར་འཇུག་ཚུལ་དང་། ཅིག་ཞིག་ཤིག་གསུམ་སྐུལ་སྨོན་དུ་འཇུག་ཚུལ། ན་སྒྲ་ལས་སུ་བྱ་བ་ལ་འཇུག་ཚུལ་སོགས་ཡུལ་སྐད་དངོས་ཀྱི་བརྗོད་ལུགས་སུ་ཚད་ཇི་བཞིན་འཇལ་དུ་མེད་པས། དོན་དུ་འདི་དག་ནི་དོན་བརྡ་སྤྲོད་ཀྱི་རྣམ་པ་མ་ཉམས་ཀྱང་གོ་དོན་ཉམས་ཟིན་པའི་སྣང་ཚུལ་ཞིག་ཡིན་པར་སྙམ་མོ། །
(3)བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་གཉིས་ཀ་ཉམས་པ་ནི་སྔར་བརྡ་རྙིང་དུ་ཡོད་པའི་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་དག་བརྡ་གསར་དུ་མཐོང་རྒྱུ་མེད་པའམ་ཉམས་དམས་སུ་གྱུར་པ་ཡིན་ཏེ། དཔེར་ན་ཏུན་ཧོང་ཡིག་རྙིང་དུ། ང་ལ་མཚར་གྱི་ཡི་དགས་ཤིག་བབ་གྱིས། མཇལ་དུ་རུང་གིས། ད་དུང་ཚོལ་དུ་འགྲོ་དགོས་ཀྱིས། དེང་ཕོ་ཉ་ཞིག་རིངས་པར་འོང་བ་སྙམ་གྱིས⑦ ལྟ་བུ་ཚིག་དུམ་མཐར་བྱེད་སྒྲ་སྦྱར་ནས་ཉམས་སྣང་དང་མྱོང་ཚོར་སྟོན་པ་དང་། ཆུ་དགུམ་སྲི་དགུམ།⑧ མནའ་བཆད་མཐོའ་བཆད་ལྟ་བུ་དོན་གྱི་ཉམས་སྣང་དང་འབྲེལ་བའི་བསྐྱར་ཟློས་བྱེད་ཚུལ་དང་། རྒོད་དོ་འཚལད། འབངས་སོ་ཆོག་ལྟ་བུ་དོན་གྱི་ཁྱད་པར་དང་འབྲེལ་བའི་མིང་རྐྱེན་སྦྱོར་ཚུལ⑨སོགས་དེང་དུས་ཀྱི་བརྡ་གསར་དུ་དོན་སྦྱོར་གྱི་ཉམས་ཚུལ་དང་བསྟུན་ནས་རྣམ་པ་གང་རུང་ཇི་བཞིན་འབྱུང་དུ་མེད་ལ། དེ་བཞིན་དུ། དབོན་སྲས་རྒྱལ་པོ་གང་མཛད་པ་ལ། གློ་བ་འདྲིང་རེ། གཞན་མྱི་འི་ཆོག་ལ་རྗོ་བོ་ལྷག་པ་ཚོལ་རེ། ། གཞན་གློ་བ་འདྲིང་བར་སེམས་པ་དང་བློད་རེ། ཟས་ཀྱི་དོན་བཞག་པ་དང་། དུག་བསྲེ་རེ⑩ ལྟ་བུའི་མནའ་ཚིག་གི་འགོད་སྟངས་དང་བཅས་པའི་རེ༵་སྒྲའི་སྦྱོར་ལུགས་དང་། ང་འི་དམག་ནི་རྩྭ་མང་པོ་ལ་ཟོར་བ་གཆིག་གིས་གཆོད་པ་དང་མཚུངས་སྟེ་ཆོད་ཀྲང་། ། གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངས་ན་སོད་ཀྲང་། ། འྭོང་ཀེར་ཞང་ཤེས་ལན་བཏབ་པའ། ། སྒོ་ང་ཆུ་ངུ་། རི་ཆེད་པོ་འི་ལྗིད་ཀྱིས་མནན་ན་ཚོགས་ཀྲང། མྱེ་འབར་བ། མཚོ་ཆེད་པའི་རླབས་ཀྱིས་བསད་ན་སད་ཀྲངཞེས་པའི་ཀྲ༵ང་སྒྲའི་སྦྱར་སྟངས། ད་དུང་ནི་དམག་འགུལ་བ་མ་མཆྀ། རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས། དལ་དུ་ནྀ་མཆིས་ལྟ་བུའི་དམིགས་བཟུང་ངམ་ནན་དོན་དང་བཅས་པའི་ནི་སྒྲའི་སྦྱོར་ཚུལ་སོགས་ད་ལྟའི་ཡུལ་སྐད་ཀུན་ཏུ་འབྱུང་བ་དཀོན་ཞིང་འགའ་ཞིག་ལ་གཞི་ནས་མ་གྲུབ་པའི་ཕྱིར་ན། འདི་དག་ནི་དོན་དུ་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པའི་ཉམས་ཚུལ་འབའ་ཞིག་ལས་མ་འདས་པར་སེམས་སོ། །
བཞི། བརྡ་སྤྲོད་འཕེལ་འགྱུར་གྱི་ཁྱད་ཆོས།
སྤྱིར་བརྡ་སྐད་རྙིང་མའི་བརྡ་སྤྲོད་ཀྱི་སྣང་ཚུལ་གང་རུང་བརྡ་གསར་དུ་འཕེལ་འགྱུར་འབྱུང་བ་ལ་སྤྱི་ངོས་ནས་སྒྲ་གདངས་དང་ཐ་སྙད་སོགས་དང་མི་འདྲ་བའི་བུལ་འགྲོས་རང་བཞིན་ལྡན་ཞིང་། བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་གང་རུང་འཕེལ་འགྲིབ་ཀྱི་ཆར་ངེས་ལ། རིགས་བསྒྲེས་པའི་ཆ་ནས་ཐབས་ལམ་སོགས་ཞིབ་གསལ་རང་དབང་ཅན་དང་སླ་བདེ་རུ་འཕེལ་ཞིང་འགྱུར་ཡོད་སྟབས། བྱེ་བྲག་པའི་མངོན་ཚུལ་ལའང་དེ་མཚུངས་ཀྱི་ཁྱད་ཆོས་མང་ཙམ་དུ་སྣང་སྟེ།
(1)ཡུལ་སྐད་ཀྱི་སྐད་བརྡའི་སྦྱོར་ལུགས་སམ་བརྡ་སྤྲོད་ལ་སྒྲ་གདངས་དང་མིང་བརྡ་དང་མི་འདྲ་བའི་བུལ་འགྲོས་ཀྱི་འཕེལ་འགྱུར་ཁྱད་ཆོས་ཤིག་ལྡན་ཏེ། འདི་ལ་སྐུ་ཞབས་མཱ་ཞོ་ལེང་ཉིད་ཀྱིས་སྐད་བརྡ་རང་ཆེས་གཏན་འཇགས་སུ་གནས་ཐུབ་པ་ནི་དེའི་རྩ་བའི་ཐ་སྙད་དང་བརྡ་སྤྲོད་ཀྱི་གྲུབ་སྟངས་ལ་རག་ལས་ཀྱང་། བརྡ་སྤྲོད་ཀྱི་གྲུབ་ལུགས་ནི་རྩ་བའི་ཐ་སྙད་ལས་ཀྱང་འཕེལ་འགྱུར་གྱི་ཚད་དལ་བརགསུངས་པ་བཞིན་དུ་རང་རེའི་ཡུལ་སྐད་ཀྱི་སྒྲིག་གཞི་ལ་སྒྲ་གདངས་དང་། མིང་བརྡ། བརྡ་སྤྲོད་གསུམ་ཡོད་པ་ལས་སྔ་མ་དག་སྤྱི་ཚོགས་འཚོ་བ་དང་། རིག་གནས་ཀྱི་འབྲེལ་འདྲིས། མི་རྣམས་སོ་སོའི་ཀུན་རྟོག་རྣམ་པར་འགྱུ་བ་ལས་འཕེལ་འགྱུར་གྱི་ཚད་མྱུར་ཞིང་སྐྱེན་མོད། ཚིག་སྦྱོར་གྱི་ངེས་སྲོལ་སོགས་དེ་དག་ལས་ཅུང་ཟད་གཏན་འཇགས་སུ་སྣང་ལ། གཏན་འཇགས་ཀྱི་ཆ་དེ་ཡང་གཙོ་བོ་བརྡ་སྤྲོད་ཀྱི་གོ་དོན་དང་རྣམ་པ་གང་རུང་སོར་བཞག་གི་ཆ་ནས་ཐོན་པ་མང་སྟེ། དཔེར་ན་བྲག་ཡེར་པ་དགོན་པའི་དྲིལ་བུའི་ཁ་བྱང(སྤྱི་ལོ767-797)དུ།
རྒྱལ་བ་རྣམས་ཀྱྀ་དམ་པའི་ཆོས་འཛྀན་ཅྀང་། །
བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །
བཟང་བོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །
མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱྀ། ། ཞེས་པ་ལྟ་བུ་ལས་གུག་གུ་ལོག་འབྲི་ཙམ་མ་གཏོགས་ད་ལྟའི་བརྡ་གསར་དང་ཀུན་ནས་མཚུངས་ཤིང་། དེ་བཞིན་བརྡ་སྤྲོད་ཀྱི་གོ་དོན་སྣ་ཚོགས་དང་འབྲེལ་བའི་ཕྲད་ཇི་སྙེད་པའི་སྦྱོར་སྟངས་ཕལ་ཆེ་ཤོས་བརྡ་གསར་གྱི་ཡུལ་སྐད་སོ་སོ་རུ་ཚད་མི་འདྲ་བར་སོར་བཞག་ཏུ་ཡོད་པ་དང། སོར་བཞག་གི་ཚད་དེ་དག་ཀྱང་གསར་སྤེལ་དང་ཉམས་འགྲིབ་ཀྱི་ཆ་ལས་མང་ཞིང་། གསར་སྤེལ་གྱི་ཆ་རྣམས་ཀྱང་ཕལ་ཆེ་ཤོས་སྔར་ཡོད་རྒྱུན་འཛིན་གྱི་སྟེང་དུ་རིགས་བསྒྲེས་ནས་སྤེལ་བས་ན། ཡུལ་སྐད་ཀྱི་བརྡ་སྤྲོད་འཕེལ་འགྱུར་ལ་བུལ་འགྲོས་ཀྱི་ཁྱད་ཆོས་ཤིག་ལྡན་པར་གྱུར་ཏོ། །
(2)བརྡ་སྤྲོད་ཀྱི་ཁྱབ་ཁོངས་དང་ཐབས་ལམ་གསར་བ་འཕར་སྣོན་བྱུང་ཞིང་ཉམས་འགྱུར་ཕུན་སུམ་ཚོགས་པར་འཕེལ་འདུག་སྟེ། ཡིག་རྙིང་ལས་མངོན་པའི་བརྡ་སྐད་རྙིང་མའི་བརྡ་སྤྲོད་ཀྱི་ཁྱབ་ཁོངས་ཁྲོད་དུ་རྣམ་དབྱེ་དང་། བདག་གཞན་དུས་གསུམ་གྱི་ཁྱད་པར། རྟགས་ཀྱི་དབྱེ་བ། གྲངས་ཚད་སོགས་མངོན་གསལ་ཙམ་དུ་སྣང་བ་ལས་གཞན་རྣམས་ཆེར་མཐོང་དུ་མེད་ཀྱང་། ད་ལྟའི་ཡུལ་སྐད་དུ་དེ་དག་ལས་གཞན་ད་དུང་མི་སྣ་དང་། གཟུགས། ཉམས། རིམ་ཚད་མི་འདྲ་བའི་ཁྱབ་ཁོངས་ཅི་རིགས་འཕར་སྣོན་བྱུང་བ་དང། དུས་མཚུངས་སུ་བརྡ་སྤྲོད་ཀྱི་ཐབས་ལམ་ཡང་ཕྲད་ཀྱི་སྦྱོར་སྟངས་ཁོ་ན་ཙམ་དུ་མ་ཟད་པར་མིང་རྐྱེན་ནམ་གྲོགས་ཚིག་སྦྱོར་ཚུལ་དང་། བསྐྱར་ཟློས་བྱེད་ཚུལ། སྒྲ་གདངས་ཀྱི་འགྱུར་ལུགས་སོགས་སྣ་ཚོགས་པ་ཞིག་གསར་དུ་བྱུང་ཡོད་དེ། དཔེར་ན་ཡུལ་སྐད་སོ་སོ་རུ་ཚིག་གྲུབ་ཀྱི་མཐར~ཡིན/~ཡོད/~བཏང་ང/~རེད/~འདུག/~འགེ/~བཏང་ཐལ་སོགས་ཀྱི་སྦྱོར་ལུགས་ལ་མི་སྣ་བདག་གཞན་གཉིས་ཀྱི་ཁྱད་པར་ཡོད་པ་དང་། མིང་ཚིག་དང་ཚབ་ཚིག་གི་མཐར~ཅིག/ ~ཟིག/~ཚོ/~ཀུན/~གྲལ/~གྱད/~རྣམས/~གྲས/
~ཡོ/~ཆོའམ་ཆ་བོ་སོགས་ཀྱི་སྦྱོར་ལུགས་ལ་གཅིག་ཚིག་དང་མང་ཚིག་གི་ཁྱད་པར་ཡོད་པ་དང་། བྱ་ཚིག་གི་མཐར~ཀི་ཡིན/~ཀི་རེད/~ཀྱི་ཡིན/~ཀྱི་སྦེད/~ཀི་ཡོད/~ཀི་འདུག(~ཀི་ནུག)/~པ་ཡིན/~པ་རེད
//~གྱི་ཡིན/~གྱི་རེད/~ཤི་ཡོད/~ཞོར་ཡིན/~ཞོར་རེད/~བཟི་ཡིན/~བཟི་རེད//~རྒྱུ་ཡིན/~རྒྱུ་རེད/~གི་ཡོད/~དགོ་གི/~གི་ཡོད་ཀི/~བཏང་ང/~བཏང་ཐལ/~བཏང་ཟིག་སོགས་ཀྱི་སྦྱོར་ལུགས་མི་འདྲ་བ་ལ་དུས་གཟུགས་མི་འདྲ་བའི་ཁྱད་པར་ཡོད་ཅིང་། སྤྱི་ངོས་ནས་དེ་དག་ཐམས་ཅད་ལ་ཞིབ་བརྗོད་ཀྱི་ཉམས་ཆ་ཞིག་ལྡན་པ་དང་། ལྟོས་བཅས་སུ་བྱ་ཚིག་གི་མཐར~ཤིག/~དང/~ཤོག/~ཞོག/~གྱིས/~ཤིག་ཨང/~ན་ཅི་མ་རུང/~ར་བོ/~འ(~རྗེས་མཐའ་ནས་དྲས་པ་མང)ཐོངས་སོགས་ཀྱི་སྦྱོར་ཚུལ་ལ་སྐུལ་སྨོན་གྱི་ཉམས་ལྡན་པ་དང་། ཚིག་དུམ་གང་གི་ཐོག་མཐའ་རུ་ཨ་ཙི་དང་། ཨ་ཁ་ཁ། ཨ་རོག ཝེ་སོགས་ཀྱི་སྦྱོར་སྟངས་ལ་འབོད་སྒྲོག་གི་ཉམས་དང་། ཚིག་དུམ་གང་གི་མཐར
~སྦ/~པས/~གས/~ག/~ངས/~ང/~ད/~པ/~ཨ/~ཨེ~སོགས་ཀྱི་སྦྱོར་ལུགས་ལ་དྲི་བའི་ཉམས་ལྡན་པ་སོགས་ནམ་རྒྱུན་མིང་རྐྱེན་ནམ་གྲོགས་ཚིག་སྣ་ཚོགས་ཀྱི་སྦྱོར་ལུགས་ལ་འབྲེལ་བ་དམ་པོ་ཡོད། དེ་བཞིན་དུ་མིང་གང་ཞིག་བསྐྱར་དུ་བཟླས་མ་ཟློས་ཀྱི་ཐབས་ལམ་ལའང་གྲངས་ཀ་དང་། གཟུགས། རིམ་ཚད་ཉེ་རིང་སོགས་མི་འདྲ་བར་སྟོན་པའི་ནུས་པ་ལྡན་ཏེ། དཔེར་ན་གང/གང་གང་དང་། སུ/སུ་སུ། ཅི/ཅི་ཅི། ག་འདྲ/ག་འདྲ་ག་འདྲ་ལྟ་བུ་ཚབ་ཚིག་གི་བཟླས་མ་ཟློས་དང་། བལྟས་པ/བལྟས་བལྟས་པ། བྲིས་པ/བྲིས་བྲིས་པ་ལྟ་བུ་བྱ་ཚིག་གི་བཟླས་མིན་གྱི་ཆ་ལ་གྲངས་ཚད་མི་འདྲ་བའི་ཁྱད་པར་ཡོད་པ་དང་། ཡང་བྱ་ཚིག་ལས་ལྟ་གིན་ལྟ་གིན/ལྟ་ཤེ་ལྟ་ཤེ/ལྟ་གི་ལྟ་གི་ལྟ་བུ་དང་། ཡང་ན་ཁུར་ཁུར་ར་དང་ཁྱེར་ཁྱེར་ར་ལྟ་བུའི་ཟློས་ཚུལ་ལ་རྒྱུན་བསྲིངས་པའི་གཟུགས་དང་། ཐོན་ནི(ལ)ཐོན་ནི(ལ)དང་བརྐུ་ནི(ལ)བརྐུ་ནི(ལ)ལྟ་བུའི་ཟློས་ཚུལ་ལ་ཉེར་འཇུག་གི་གཟུགས་ཀྱི་ཁྱད་པར་དང་། རྒྱན་ཚིག་དག་བསྐྱར་དུ་བཟླས་མིན་ལ་རིམ་ཚད་མི་འདྲ་བའི་ཁྱད་པར། ཡར་མར་ཕར་ཚུར་སོགས་ཡུལ་ཕྱོགས་སྟོན་པའི་མིང་དག་བསྐྱར་དུ་བཟླས་མིན་ལ་བར་ཐག་ཉེ་རིང་གི་ཁྱད་པར་ལྡན་པ་སོགས་དོན་རྒྱ་ཆེར་སྣང་བ་རྣམས་མིང་སྦྱོར་གྱི་ཐབས་ལམ་ངེས་ཅན་ཞིག་ལ་འབྲེལ་བ་ཡོད་པར་མ་ཟད། སྐབས་འགར་གང་ཞིག་བརྗོད་བྱའི་ནང་དོན་དང་ཇི་ལྟར་བརྗོད་འདོད་ཀྱི་ཀུན་སློང་དང་འབྲེལ་བའི་ཚིག་འགྲོས་ཀྱི་ཡར་བཅད་མར་གཅོད་དང་། གདངས་སམ་ང་རོའི་ལྕི་ཡང་། རིང་ཐུང་། དྲག་ཞན། འདེགས་ཕབ་སོགས་སྒྲ་གདངས་ཀྱི་འགྱུར་ལུགས་ལའང་འབྲེལ་བ་དམ་པོར་ལྡན་ཕྱིར། འདི་རྣམས་ངག་སྲོལ་དུ་འགྱུར་ཉམས་ཆེ་ཞིང་རྒྱ་ཆེར་དར་སྲོལ་དུ་ཡོད་ཀྱང་ཡིག་སྐད་དུ་འབྲི་སྲོལ་ངེས་གཏན་ཞིག་མེད་པ་སོགས་ལས་དེང་རབས་ཀྱི་ཁ་སྐད་ཀུན་ལ་བརྡ་རྙིང་དང་ཡིག་སྐད་ལས་རྣམ་པར་རྒྱལ་བའི་ཉམས་འགྱུར་ཕུན་སུམ་ཚོགས་པ་ལྡན་པ་རྟོགས་ནུས་སོ། །
(3)བརྡ་རྙིང་གི་ཕྲད་རེ་འགའི་སྦྱོར་སྟངས་ཡིག་སྐད་དང་ཡུལ་སྐད་སོ་སོའི་ངག་སྲོལ་དུ་ཚད་མི་འདྲ་བར་ཉམས་པར་གྱུར་འདུག་སྟེ། སྔར་ཡིག་སྲོལ་དུ་དོན་གྱི་རྒྱ་ཆེར་སྣང་བའི་ཕྲད་རེ་འགའི་སྦྱོར་སྟངས་ད་ལྟའི་ཡུལ་སྐད་སོ་སོའི་ངག་སྲོལ་དུ་ཕྲད་གཞན་གྱིས་ཚབ་བྱས་པའམ་བརྗོད་སྟངས་གཞི་ནས་ཉམས་པ་གང་རུང་གི་རྐྱེན་གྱིས་བརྡ་གསར་མངོན་དུ་མེད་དེ། དཔེར་ན་ནི་སྒྲའི་འཇུག་ཚུལ་ལ་ཏུན་ཧོང་གཏེར་ཡིག་ཏུ། ཆབ་ཆབ་ནི་ཕ་རོལ་ན། ། ཡར་ཆབ་ནི་ཕ་རོལ་ན། ། མྱི་འི་ནི་མྱི་བུ་སྟེ། ལྷའི་ནི་སྲས་པོ་བཞུགས། ། རྗེ་བདེན་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་དུ་དགའ་ཞེས་པའི་ནི་སྒྲ་ལྟ་བུ་དགར་བ་དང་བརྣན་པ་དང་འབྲེལ་སྒྲའི་དོན་ཅན་དུ་འཇུག་ཅིང་སྐད་ཀྱི་གཞི་གདངས་ཡར་འདེགས་པའི་ཉམས་ཤིག་ལྡན་པ་རྣམས་ད་ལྟའི་ཡིག་སྲོལ་དུ་དགར་དང་བརྣན་པའི་དོན་ཙམ་དུ་འཇུག་པ་ལས་གཞན་རྣམས་ཡིག་སྐད་དང་ཡུལ་སྐད་གང་དུ་ཉམས་ནས་མཐོང་དུ་མེད་པ་དང་། ལས་སྒྲ་ལ་མཚོན་ནའང་གནའ་བོའི་ཡིག་རྙིང་དུ། འཛི་ཟུང་བློན་པོ་ལས་པྱུང་ངོ་ཞེས་དང་། ཡུལ་ངས་པོ་ལས། །
འཕན་ཡུལ་དུ་མྱྀང་སྤོས་སོ་ཞེས་དང་། ར་ས་དང་། བྲག་མར་གྱི་གཙུག་ལག་ཁང་ལས་སྩོགས་པར ཞེས་སུ་འབྱུང་བ་ལས་སྔར་ལས་སྒྲ་འབྱུང་ཁུངས་དངོས་དང་། དགར་བ། སྡུད་པ་ལ་འཇུག་པར་རྟོགས་ནུས་ཀྱང་། ཕྱིས་ཀྱི་ངག་སྦྱོར་དང་ཡིག་སྲོལ་དུ་སྡུད་པ་ལ་འཇུག་ཚུལ་རིམ་གྱིས་ཉམས་པའི་ཕྱིར་ན། 《སྨྲ་སྒོ་མཚོན་ཆ》རུ། ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །དགར་བ་ཡིན་ཏེ་ནས་དེ་བཞིན། ། སྡུད་པ་དག་དང་མཚམས་སྦྱོར་ནི། ། ནས་སྒྲ་ཅུང་ཟད་ལྷག་པ་ཡིན། ། ཞེས་བསྟན་པ་དང་། ད་ལྟའི་ཡུལ་སྐད་སོ་སོའི་ངག་སྲོལ་དུ་དེ་བས་འབྱུང་ཁུངས་ཀྱི་དོན་དངོས་ཀྱང་ནས་སྒྲ་གཅིག་པུས་མཚོན་ཕྱིར་ལས་སྒྲ་ཉམས་པར་གྱུར་འདུག་ལ། དེ་བཞིན་དུ་ཅིང་ཞིང་ཤིང་གསུམ་བྱ་བ་དང་ཡོན་ཏན་གཞི་མཐུན་པར་སྦྱོར་བ་ལ་འཇུག་ཚུལ་ངག་སྲོལ་དུ་འདྲེན་རྒྱུ་མེད་པ་དང་། དང་སྒྲ་འབྱེད་སྡུད་དང་། རྒྱུ་མཚན། ཚེ་སྐབས། གདམས་ངག་ལྔར་འཇུག་ཚུལ་སོགས་དབུས་གཙང་སྐད་དུ་དོན་ལ་གནས་ཀྱང་མདོ་ཁམས་ཀྱི་སྐད་ཀུན་ཏུ་ཉམས་དམས་སུ་གྱུར་པ་དང་། ལྷག་བཅས་ཀྱི་ཕྲད་རྣམས་ཀྱང་ཡུལ་སྐད་ཕལ་ཆེ་བ་རུ་ནས་སྒྲའམ་ལས་སོགས་ཀྱིས་ཚབ་བྱས་ཏེ་ཕྲད་དངོས་ངག་སྲོལ་དུ་མངོན་དུ་མེད་པ་སོགས་ཕྲད་དེ་དག་གི་སྦྱོར་སྟངས་ཡིག་སྐད་དང་ཡུལ་སྐད་སོ་སོའི་ངག་སྲོལ་དུ་ཚད་མི་འདྲ་བར་ཉམས་པར་གྱུར་པའི་དན་རྟགས་སུ་མངོན་འདུག་གོ །
(4)བརྡ་རྙིང་གི་དུས་གསུམ་སྐུལ་བའི་བྱ་ཚིག་གི་གཟུགས་འགྱུར་གྱི་རྣམ་པ་ཕལ་ཆེ་བ་རྐྱེན་ནམ་གྲོགས་ཚིག་སྦྱོར་བའི་ཐབས་སུ་གྱུར་འདུག་སྟེ། སྤྱིར་བརྡ་རྙིང་གི་སྐད་སྲོལ་ལྟར་ན་བྱ་ཚིག་ལ་གཟུགས་འགྱུར་བ་དང་གཟུགས་མི་འགྱུར་བའི་ལས་ཚིག་རིགས་གཉིས་ཡོད་པ་རྣམས་དུས་གསུམ་སྤྱི་བྱེ་ཐོར་གསུམ་དུ་དབྱེར་རུང་ཞིང་སྐད་ཀྱི་གཞི་གདངས་ལ་འགྱུར་ཉམས་ཆེ་ཙམ་དུ་སྣང་སྟེ། བརྡ་དག་ཏུ། དང་པོ་སྤྱི་ནི་བྱ་ཚིག་མ་ནིང་དང་། ། བྱེད་པ་མོས་འཕུལ་བརྗོད་བདེར་མ་ནིང་སྲིད། ། པ་སྡེ་ལས་གཞན་འདས་པར་ཕོས་འཕུལ་ཞིང་། ། མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བའོ། ། གཉིས་པ་བྱེ་བྲག་བྱ་འདས་ཕོས་འཕུལ་བ། ། བྱེད་པར་མ་ནིང་མོས་འཕུལ་འཕུལ་མེད་བཞི། ། འཕུལ་ཅན་ལ་བལྟོས་མགོ་ཅན་མང་བའི་སྡེ། ། འདས་སྐུལ་གཉིས་ལ་ཡང་འཇུག་ཐོབ་ངེས་པའོ། ། ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན། ། དབྱེ་བ་བཞི་སྟེ་བྱེ་བྲག་ཕྱོགས་མཐུན་དང་། ། ད་མཐའ་ཅན་དང་འ་ས་གཉིས་བསྲེས་སྡེ། ། བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའོ། ། ཞེས་བསྟན་པ་ལྟར་དུས་གསུམ་སྐུལ་ཚིག་སོ་སོར་སྟོན་བྱེད་དུ་སྒྲ་ནང་ཁུལ་ལ་འགྱུར་ཉམས་ཆེ་ཙམ་ལྡན་ཡང་། ད་ལྟའི་ཡུལ་སྐད་སོ་སོའི་ངག་སྲོལ་ལྟར་ན་སྔོན་རྗེས་སོགས་ཀྱི་ཟུར་གསལ་བ་མེད་ཅིང་གཞི་གདངས་མཐུན་པར་གྱུར་པ་ལས་དུས་མ་འོངས་པ་དང་ད་ལྟ་བ་གཉིས་གཅིག་ཏུ་འདྲེས་པའམ། དུས་འདས་པ་དང་སྐུལ་ཚིག་གཅིག་ཏུ་འདྲེས་པའམ། ཡང་ན་དུས་གསུམ་ག་གཅིག་ཏུ་བསྲེས་ཤིང་སོ་སོའི་ཁྱད་པར་འབྱེད་དཀའ་བར་གྱུར་པ་ན། ཡུལ་སྐད་སོ་སོས་ཟུར་ཤན་དུ་གྲོགས་ཚིག་གམ་རྐྱེན་མི་འདྲ་བ་སྦྱར་ནས་དུས་གསུམ་སོ་སོ་དང་སྐུལ་ཚིག་གི་ཁྱད་པར་སོ་སོར་འབྱེད་པར་བྱེད་དེ། དཔེར་ན།
གདགས⇀བཏགས(ཀི་ཡིན/ཀྱི་སྦེད)/བཏགས(ཀྱི་ཡིན/ཀྱི་རེད)/འདོགས(རྒྱུ/རྒྱུ་ཡིན/ཀྱི་རེད)།
འདོགས⇀བཏགས(ཀི་ཡོད/ཀིས)/བཏགས(སྲི་ཡོད/འདུག)/འདོགས(ཀི་ཡོད/གོ/གོ་གི)།
བཏགས⇀བཏགས(སོང/བྱུང/ཤག)/བཏགས(བྱུང/ཐོན་ཐལ)/བཏགས(བཏང་ང/ཐལ)།
ཐོགས⇀ཐོགས(ཤིག/དང/ཞོག)/བཏགས
(ཤོག/ར)/ཐོགས(ར/ག་ཐོངས)ལྟ་བུ་དུས་གསུམ་སྤྱིར་བཏང་བ་དང་། ཡང་དཔེར་ན།
བལྟ⇀(བ)ལྟ(ཀི་ཡིན/ཀྱི་སྦེད)/(བ)ལྟ(ཀྱི་ཡིན/ཀྱི་རེད)/(བ)ལྟ(རྒྱུ་ཡིན/རྒྱུ་རེད)།
ལྟ⇀ ལྟ(ཀི་ཡོད/ཀིས)/ ལྟ(སྲི་ཡོད/སྲི་འགེ) /ལྟ
(གོ་གི/གི་ཡོད)།
བལྟས⇀ བལྟས(པ་ཡིན/བ་སྦེད)/ བལྟས(བཟི་ཡིན/བཟི་རེད)/ བལྟས(བཏང་ང/ཐལ)།
ལྟོས⇀ལྟོས(ཤིག/དང/ཞོག)/ལྟོས(ཤོག/གྱིས)/ལྟོས(ར/འ་ཐོངས)ལྟ་བུ་དུས་གསུམ་བྱེ་བྲག་པ་དང་། ཡང་དཔེར་ན།
གསད⇀(ག)སོད(ཀི་ཡིན/ཀྱི་སྦེད)/བསད(རྒྱུ་ཡིན/རྒྱུ་རེད)/གསོད(རྒྱུ་ཡིན/རྒྱུ་རེད)།
གསོད⇀(ག)སོད(ཀི་ཡིན/ཀི་ནུག)/བསད(སྲི་ཡོད/སྲི་འདུག)/གསོད(གོ་གི/གི་ཡོད)།
བསད⇀བསད(སོང/བྱུང/ཤག)/བསད(བཟི་ཡིན/བཟི་རེད)/བསད(བཏང་ང/ཐལ)།
སོད⇀སོད(ཤིག/དང/ཞོག)/བསད(ར/དགོས)/སོད(དྲ/ལ་ཐོངས)ལྟ་བུ་དུས་གསུམ་ཐོར་བུ་ངེས་པ་སོ་སོར་བརྡ་རྙིང་དང་ཡིག་སྲོལ་དུ་གཞི་གདངས་འགྱུར་ཉམས་ཆེ་ཞིང་། སྒྲ་ནང་ཁུལ་གྱི་འགྱུར་ཉམས་ལ་བརྟེན་ནས་དུས་གསུམ་སོ་སོ་དང་སྐུལ་ཚིག་གི་དོན་སྟོན་ཚུལ་ཡོད་ཀྱང་། ད་ལྟའི་བརྡ་གསར་ཏེ་ཡུལ་སྐད་རྣམས་སུ་བཀླག་གདངས་གཅིག་ཏུ་འདྲེས་པ་མང་ཕྱིར། བྱ་ཚིག་མཐར་གྲོགས་ཚིག་གམ་རྐྱེན་མི་འདྲ་བ་སྦྱར་ནས་དོན་རྣམས་ཐ་དད་དུ་འབྱེད་པར་བྱེད་དོ། །
(5)མིང་གི་སྤེལ་སྟངས་དང་ཕྲད་ཀྱི་སྦྱོར་ལུགས་ཕལ་ཆེ་བ་བརྗོད་བདེ་དང་རྟགས་མཚུངས་ཅན་དུ་འཕེལ་ཞིང་འགྱུར་ཡོད་དེ། འདི་ལ་ལུང་སྟོན་པ་རྟགས་ཀྱི་འཇུག་པའི་རྩ་བ་ལས། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་། ། མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། ། གནས་དང་བོད་པའི་སྒྲ་ཡང་དྲང་། ། གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བརྣན་དང་བདག་པོ་དང་། ། དགག་སྒྲ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། ། ཞེས་བསྟན་པ་བཞིན་ད་ལྟའི་ཡུལ་སྐད་ཀྱི་དབང་དུ་བྱས་ནའང་། དབུས་གཙང་སྐད་དུ་གཞིས་ཀ་དང་། སྟོན་ཀ་ལྷགས་པ། ཉེས་པ། གོག་ཏོ། ཉོབ་ཏོ། ཞིམ་པོ། གླིང་གུ ག་གི དར་ར། གར་ར། བསྐུར་ར། འབུར་རུ། ཚིལ་ལུ། ཡང་གོ མང་གེ གྱོང་གེ རྩིང་ང་། སྐྱིད་ད་ལྟ་བུ་དང་། ཁམས་སྐད་དུ་ལྕགས་ཀོག་དང་། འཁྱག་ཏ། ཧྲུབ་པོ། ནངས་པར། དམར་རིལ། ཚལ་ཁོལ། རྐྱེན(ཉེན)ཁ། མཁོ་ཆ། རུས་ཀེ ཟོག་གོང་། ཧོན་ནད། སྡེར་རུ། ཕོར་རུ། ཞར་ར། བཙོག་གོ་ལྟ་བུ་དང་། ཨམ་སྐད་དུ་དཔྱིད་ཀ་དང་། ཐབ་ཀ ལྟག་ག སྨུག་ག ལུང་ང་། བཟང་ང། ནོར་རུ། གསར་རུ། མགར་ར། ཟོར་ར། དམར་རོ། སེར་རོ། སྡོང་ངོ་། གླང་ངུ་། སྲབ་བུ། རིལ་ལུ་ལྟ་བུ་སོགས་མིང་གི་སྤེལ་སྟངས་དང་། ཡང་དཔེར་ན་དབུས་གཙང་སྐད་དུ་རྟག་པར། མཉམ་དུ། ཡིན་ན(ནམ)། ནུག་ག(འདུག་གམ)། ཡོད་ད(དམ)། སོང་ང(ངམ)།ཚར་ར(རམ)། བརྒྱབ་བ(བམ)། འདུག་གས། རེད་པས། བལྟས་པས། ཤེས་ཀི(ཀྱིན)མེད། ཐུབ་ཀི་མི་འདུག བྱེད་ཀི་མེད། ཁྱོད་ཅག་གི བློ་བཟང་གི ཁོང་གིས། ཞ་སྨྱུག་གིས། སློབ་གྲྭ་རུ། ཆེ་རུ་ཕྱིན་ལྟ་བུ་དང། ཁམས་སྐད་དུ་ཕུག་གིས(ཕུགས་ནས)། སྦྱང་གི་ཡིན། གཡག་གི་རྭ་ཅོ། ཏང་གིས། རྒྱ་ཡུལ་ལེ(ལ)འགྲོ དེའི་ལྟར་དུ། མགྱོགས་ཀྱིས། ཤེས་སེ། ཁའི་ནང་ལེ(ལ)ལྟ་བུ་དང་། ཨམ་སྐད་དུ་སྟག་ག་བརྒྱབ། རྒྱང་ང་རྒྱུགས། སྟོད་ལ་བལྟས། རིན་ན་བྱིན། རྒྱབ་བ་ཁུར། གནམ་མ་འཕུར། ལྷོ་འ་བཞུར། ཤར་ར་སོང་ལྟ་བུ་ལའི་དོན་ཅན་དང་། བརྒྱུགས་གས་ཐོན། བཟུང་ངས་བཀྱིགས། བསྡད་ལས་ཟོས། བཞོན་ནས་སོང་། བརྒྱབ་བས་བསད། བསམ་མས་བསྡད། དགའ་འས་བརྒྱུགས། ནུར་རས་སོང་། བརྒྱལ་ལས་ཤི་ལྟ་བུ་ལྷག་བཅས་ཀྱི་དོན་ཅན་དང་། སྟག་གིས་བསད། ཚེ་རིང་གིས་བྲིས། ལག་གི་དཔེ་ཆ། ཐང་གི་དངོས་པོ་ལྟ་བུ་བྱེད་འབྲེལ་གྱི་དོན་ཅན་ཡིན་པ་སོགས་ཕྲད་ཀྱི་སྦྱོར་ལུགས་གང་རུང་བརྗོད་བདེ་དང་རྟགས་མཚུངས་ཅན་དུ་གྱུར་ཡོད་པ་དང་། འདི་རྣམས་ལ་རྩ་བ་རུ་དེ་ཉིད་རང་གི་སྒྲ་མཐུན་པར་བསྟན་འདུག་པ་སི་ཏུ་པཎ་ཆེན་གྱིས་འགྲེལ་སྐབས། སྐབས་འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་འདྲེན་པ་ཤས་ཆེ་བར་སྣང་བ་དང་། སུམ་ཅུ་པར། དང་པོ་གཉིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ། ། ལྷག་མ་རྣམས་ལ་གྱ་སྦྱར་བ། ། དེ་དག་ཨི་སྦྱར་འབྲེལ་བའི་ས། ། ཞེས་སྒྲ་མཐུན་ཚུལ་གསལ་བར་གསུངས་པའང། ད་བ་ས་ང་རྣམས་ཀྱི་མཐར་རྟགས་མཚུངས་འདྲེན་པ་འགྲིག་ཀྱང་གཞན་རྣམས་བརྗོད་བདེ་བ་ཙམ་ལ་དགོངས་པར་སྣང་བས། རྒྱུ་མཚན་འདི་རྣམས་དང་སྦྱར་ན་ཁོ་བོའི་འགྲེལ་ཚུལ་འདི་ཉིད་ལེགས་བཤད་དུ་རྟོགས་པར་འགྱུར་རོ། ། ཞེས་གསུངས་འདུག་ཕྱིར། 《ཐོན་མིའི་ཞལ་ལུང》ལས་ཀྱང་། འདིར་སྒྲ་མཐུན་ཞེས་པའི་དོན་ནི་བརྗོད་བདེ་དང་རྟགས་མཚུངས་གཉིས་ཀ་ལ་གོ་དགོས་པར་བསྟན་ཏོ། །
(6)བརྡ་རྙིང་གི་ཕྲད་ཀྱི་སྦྱོར་སྟངས་སྐོར་ཞིག་བརྡ་གསར་དུ་སླ་བདེ་རུ་འཕེལ་ཞིང་སྦྱོར་ལུགས་རང་དབང་ཅན་དུ་གྱུར་འདུག་སྟེ། སྔར་རྗེས་འཇུག་ལ་བལྟ་དགོས་ཤིང་རྟགས་མཚུངས་སམ་བརྗོད་བདེ་འདྲེན་པར་གྱུར་པའི་ཕྲད་གཞན་དབང་ཅན་གྱི་སྦྱོར་ལུགས་སྐོར་ཞིག་ད་ལྟའི་ཡུལ་སྐད་སོ་སོའི་ངག་སྲོལ་དུ་ཚད་འདྲ་མིན་ཅི་རིགས་ཀྱི་སྒོ་ནས་སླ་བདེ་རུ་འགྱུར་ཞིང་ཉུང་ཤོས་སུ་བསྡུས་ནས་ཕྲད་རང་དབང་ཅན་ལྟར་སྦྱོར་བར་བྱེད་དེ། འདིར་རྣམ་གསལ་གྱི་དཔེ་ཙམ་བཀོད་ན།
ལྟ་བུ་ལ་དོན་གྱི་ཕྲད་བདུན་ལས་ཕྲད་གཞན་དབང་ཅན་ལྔ་ཙམ་ཡུལ་སྐད་རེ་འགའ་རུ་སྐབས་འགར་རྒྱུན་དུ། རྟག་པར། ལྷ་ས་རུ་འགྲོ་ཞེས་པ་བཞིན་དུ་འབྱུང་བ་མ་གཏོགས་ཕལ་ཆེ་བ་རྗེས་འཇུག་རང་མཐའ་ནས་དྲས་ཤིང་སྟབས་བདེར་འགྱུར་བའམ་ཡང་ན་ན་ལ་གཉིས་སུ་འཐིམས་ནས་ཕྲད་རང་དབང་ཅན་ལྟར་སྦྱོར་ཞིང། ཐ་ན་མང་རུ་འགྲོ་དང་རིང་རུ་གཏོང་ལྟ་བུའི་རུ་སྒྲའི་སྦྱོར་ལུགས་ཀྱང་རྗེས་འཇུག་ལ་བལྟ་མི་དགོས་པར་རང་དབང་ཅན་ལྟར་སྦྱོར་བ་དང་། བྱེད་འབྲེལ་སོ་སོའི་ཕྲད་ལྔ་བོའང་གི་འི་དང་གིས་འིས་ཞེས་ཕྲད་གཉིས་རེར་འདུས་ཤིང་། གི་གིས་ལྟ་བུ་ཕྲད་རང་དབང་ཅན་ལྟར་སྦྱོར་བར་བྱེད་ལ། འདི་ལྟའི་ཕྲད་ཀྱི་སྦྱོར་ལུགས་གཞན་དབང་ནས་རང་དབང་ཅན་དུ་འགྱུར་ཚུལ་ལ་འགྲོས་རིམ་ཞིག་ཀྱང་ལྡན་པར་ངེས་ཏེ། སྐུ་ཞབས་ཝུན་གོ་ཀུན་གྱིས་བོད་ཡིག་གི་འབྲེལ་སྒྲའི་འཕེལ་འགྱུར་གྱི་རྣམ་པ་བསྡོམས་སུ་བཀོད་པ ལྟར་ན།
ཞེས་བསྟན་པ་ལས་གསལ་བོར་རྟོགས་ནུས་པའི་ཕྱིར་རོ། །
①མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
② 徐通锵 历史语言学 [M] 商务印书馆 2001:7
③ དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M]མི་རིགས་དཔེ་སྐྲུན་ཁང་། 1980:92
④གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་རྩོམ་སྒྲིག་བྱས། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:200
⑤ དཔེར་ན་ཁོ་དང་བསྡུར། མགྲོན་དང་ཕྲད་ལྟ་བུ།
⑥ སྐལ་བཟང་འགྱུར་མེད་དང་སྐལ་བཟང་དབྱངས་ཅན་གཉིས་ཀྱིས་བརྩམས། བོད་ཀྱི་ཡུལ་སྐད་རྣམ་བཤད། [M] མི་རིགས་དཔེ་སྐྲུན་ཁང་།2001:138~139
⑦ 王志敬 敦煌藏文语法研究[M] 中国藏学出版社 2012:226
⑧ ཆུ་ཤི་སྲི་ཤི་སྟེ་ཞང་སྐད་དུ་ཆུ་ལ་ལྷུང་ནས་ཤི་བ་དང་གྲིའི་འོག་ཏུ་ཤི་བ་ཞེས་པའི་དོན།
⑨བརྡ་གསར་ཡིག་སྐད་དུ་བྱ་ཚིག་དང་རྒྱན་ཚིག་གི་མཐར་རྫོགས་ཚིག་དང་བཅས་ཏེ་འཚལ་དང་ཅོག་སྦྱར་ནས་མཐའ་དག་གམ་ཡོད་ཚད་ཀྱི་དོན་སྟོན་པ་མ་གཏོགས་མིང་ཚིག་གི་མཐར་དེ་ལྟར་སྦྱོར་ཚུལ་མེད་ལ། ཁ་སྐད་དུ་དེ་འདྲའི་སྦྱོར་ལུགས་གཞི་ནས་འབྱུང་མི་སྲིད།
⑩ དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M]མི་རིགས་དཔེ་སྐྲུན་ཁང་། 1980:65
དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་སྒྱུར་སྒྲིག་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1980:91-92
མཱ་ཞོ་ལེང་གིས་གཙོ་སྒྲིག་བྱས། སྐད་བརྡ་རིག་པའི་སྤྱི་དོན། [M]ཧྭ་ཀྲུང་བཟོ་རིག་སློབ་གླིང་པར་སྐྲུན་ཁང་། 1981:172
དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་སྒྲིག་སྒྱུར་བྱས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།[M]མི་རིགས་དཔེ་སྐྲུན་ཁང་། 1980:53
བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བཀོད། བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། [M]མི་རིགས་དཔེ་སྐྲུན་ཁང་། 1984:121
ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981:241-242