ཆེད་མཁས་པས་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་འབྲིང་དེབ་ལས་བྱུང་བའི་ཡིག་རྙིང་གི་སྐོར་འགྲེལ་བ། ——ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ ལགས་ལ་བཅར་འདྲི་བྱས་པའི་ཟིན་ཐོ།

སྟོབས་རྒྱས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


[གནད་བཏུས] བཅར་འདྲིའི་རྩོམ་ཡིག་འདིའི་ནང་དུ་དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མཐོ་འབྲིང་གི་སྐད་ཡིག་བསླབ་དེབ་ལས་ཡིག་རྙིང་སྐོར་གྱི་ངོས་འཛིན་དང་བསམ་བློ། ཡིག་རྙིང་སྦྱོང་བའི་གལ་ཆེན་རང་བཞིན་དང་ཀློག་བདེ་བའི་ཡིག་རྙིང་སྐོར་གྱི་རྒྱུ་ཆ་རེ་འགའ་ངོ་སྤྲོད་བྱས་ཡོད།


[གནད་ཚིག] ཡིག་རྙིང་། བརྡ་རྙིང་། དབུ་སྙུང་བ། བྲོ་བོར་བ།


གུས་པར་འོས་པའི་དགེ་རྒན་ལགས། བདེ་མོ།


ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་འབྲིང་གི་ངེས་སྦྱོང་དེབ་ལས་ཡིག་རྙིང་སྐོར་གྱི་སློབ་ཚན་རེ་འགའ་ཁྲིད་མི་ཤེས་པས་དེའི་སྐོར་གྱི་དྲི་བ་འགའ་ཁྱོད་ལ་གདོན་འདོད། འོ་བརྒྱལ་གཏད་དགོས་བྱུང་།


ཀ ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་མཐོ་འབྲིང་རིམ་པའི་ངེས་སྦྱོང་སློབ་དེབ་ལས་ཡིག་རྙིང་དེ་དེང་སང་གི་འབྲི་སྲོལ་དང་མི་མཐུན་པ་ནི། ༡. གི་གུ་ལྡོག་པ་ཅན་མང་བ་དང་། ༢. མིང་གཞི་ཅ་དང་ཆ་གཉིས་ཁྱད་མེད་དུ་འབྲི་བ། ༣. མིང་གཞི་ཙ་ལ་ས་མགོ་སྦྱར་ཡོད་པ། ༤. མིང་མཐའི་པ་དང་ཕ་གཉིས་ཕན་ཚུན་བརྗེས་པ། ༥. མིང་གཞི་བ་ལ་སྔོན་འཇུག་བ་ཡིག་སྦྱར་ཡོད་པ་བཅས་ནས་གཏན་ཁེལ་བྱས་ཡོད། རྒན་ཁྱེད་ཀྱིས་བལྟས་ན་ཅི་འདྲ་རེད།


ལན། གོང་གསལ་གྱི་དྲི་བ་དེ་རྣམས་ནི་སྔོན་གྱི་ཡིག་རྙིང་སྟེ་བོད་བཙན་པོའི་དུས་སྐབས་ནས་བསྟན་པ་ཕྱི་དར་གྱི་དུས་སྐབས་རིང་མོ་ཞིག་གི་ནང་ལ་བོད་ཡུལ་དུ་སྤྱད་མྱོང་བའི་ཡི་གེའི་འབྲི་སྲོལ་ཅིག་ཡིན། གི་གུ་ལྡོག་པ་ཅན་ནི་རྗེ་བཙུན་ཙོང་ཁ་པའི་གསུང་འབུམ་ལེགས་བཤད་གསེར་ཕྲེང་པར་རྙིང་ལའང་བྱུང་བར་དཔོག་ན་དུས་རབས་བཅུ་བཞི་པའི་ནང་དུ་ད་དུང་བོད་ཡུལ་དུ་དེ་ལྟའི་འབྲི་སྲོལ་ཡོད་པ་ཤེས་ཐུབ། ཁ་ཅིག་གིས་གི་གུ་ལྡོག་པ་ཅན་ཡིན་མིན་ལ་དབྱངས་རིང་ཐུང་གི་ཁྱད་ཡོད་པར་བཤད་ཀྱང་། ས་སྐྱ་བསོད་ནམས་རྩེ་མོའི་《ཡི་གེ་ཀློག་ཐབས་བྱིས་པའི་འཇུག་སྒོར》གི་གུ་ཕར་ལོག་ཚུར་ལོག་མཉམ་དུ་འབྲི་བའི་རྣམ་པར་བརྒྱ་བྱིན་མིག་ཅེས་བརྗོད་པ་དང་། མིག་ནི་ཤེས་རབ་ཀྱི་རྣམ་པ་མཚོན་ཚུལ་དུ་གོ་ཆོག་པས་སྔོན་གྱི་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་གི་གུ་ཕར་ལོག་ཚུལ་ལོག་བྱས་ནས་བྲིས་པ་ཀུན་བརྒྱ་བྱིན་མིག་སྟེ་ཤེས་རབ་མིག་གི་འདུ་ཤེས་མཚོན་བྱེད་ལྟ་བུར་སྤྱོད་ཀྱིན་ཡོད། ཅ་དང་ཆ་བརྗེ་བའམ་ཁྱད་མེད་དུ་འབྲི་བ་དང་། མིང་གཞི་ཙ་ལ་ས་མགོ་སྦྱར་ཏེ་བསལ་ལ་བསྩལ་བྲིས་པ་ལྟ་བུ་དང་། མིང་མཐའ་ཡིན་མིན་ཅི་རིགས་སུ་པ་དང་ཕ་གཉིས་ཕན་ཚུན་བརྗེས་པ། མིང་གཞི་བ་ཡིག་ལ་སྔོན་འཇུག་བ་སྦྱར་བ་ཞིག་མིག་སྔར་ཁོ་བོས་མ་མཐོང་ཡང་སྐབས་འགར་བ་ཡིག་དེ་སྔོན་འཇུག་མ་ཡིག་ལྟར་སྤྱོད་པས་བ་དང་མ་ཕན་ཚུན་བརྗེས་ཏེ་བྲིས་པ་སོགས་ནི་ཡིག་རྙིང་གི་ཁྱད་ཆོས་སུ་ངོས་འཛིན་དགོས་ལ། མགྲོན་པོ་ལ་འགྲོན་པོ་ཞེས་སྔོན་འཇུག་མ་དང་འ་བརྗེས་པ་དང་། སྒྲ་འདྲ་བ་ཡིན་ན་ཡི་གེར་ཡང་གདངས་དེ་མཚུངས་ཅན་སྤྱོད་པ་མགྲོན་པོ་ལ་འདྲོན་པོ་ཞེས་བྲིས་པ་དང་། མེ་ལ་མྱེ་ལྟ་བུ་བྲིས་པ་རྣམས་རིམ་གྱིས་ཡིག་རྙིང་གི་རྣམ་པ་ཙམ་ཡིན་པ་ཤེས་དགོས་སོ། །


ཁ། ཡིག་རྙིང་དང་བརྡ་རྙིང་གཅིག་ཏུ་ངོས་བཟུང་ན་འགྲིག་གམ།


ལན། ཡིག་རྙིང་ཟེར་བ་ནི་ཡིག་གཟུགས་འབྲི་ཚུལ་གྱི་ངོས་ནས་ད་ལྟར་ཧ་ལམ་མི་མཚུངས་པའི་སྔོན་གྱི་འབྲི་ཚུལ་ཏེ་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཁག་དང་རྡོ་རིང་དང་ཁྲམ་ཤིང་སོགས་ལས་མངོན་པའི་སྔོན་གྱི་ཡི་གེར་གོ་དགོས། འབྲི་ཚུལ་ཡང་སྣ་ཚོགས་སུ་ཡོད་པ་གོང་གི་དོན་ཚན་ནང་རགས་ཙམ་གླེང་ཟིན། བརྡ་རྙིང་ནི་སྔོན་གྱི་ཤོག་དྲིལ་ཁག་ལས་བྱུང་བའི་མིང་བརྡ་ཡིན་པའི་ཆ་ནས་ཡིག་རྙིང་གི་གྲས་སུ་གཏོགས་ཀྱང་བརྡ་རྙིང་ཡིན་ན་ངེས་པར་དུ་ཤོག་དྲིལ་ཁག་ནས་འབྱུང་དགོས་པའི་ངེས་པ་མེད་དེ། དཔེར་ན། དམངས་ཁྲོད་དུ་སྔོན་གྱི་མིང་བརྡ་སྤྱོད་པའི་རྣམ་པ་སྣ་ཚོགས་ཡོད་པ་དེ་རིགས་ནི་ཡི་གེར་བྲིས་པའི་རྣམ་པ་མ་བྱུང་ཡང་བརྡ་རྙིང་ཡིན་པ་བཟློག་ཏུ་མེད་པས། བརྡ་རྙིང་ནི་ཤོག་དྲིལ་ཁོ་ན་ནས་འབྱུང་དགོས་པའི་ངེས་པ་མེད། དེས་ན་དེ་གཉིས་ཀྱི་ཁྱད་པར་ནི་སྔོན་གྱི་ཤོག་དྲིལ་ལ་བཀོད་པའི་ཡི་གེའི་ཁྲོད་བརྡ་རྙིང་ཡོད་ཀྱང་ཤོག་དྲིལ་དེ་རིགས་ཁྲོད་ཀྱི་ཡི་གེའི་སྔོན་གྱི་འབྲི་སྲོལ་གྱི་རིགས་སུ་ཡིག་རྙིང་ཟེར་བ་ཡིན།


ག མཐོ་འབྲིང་གི་ངེས་སྦྱོང་སློབ་དེབ་གཉིས་པའི་བོད་གནའ་རབས་ཀྱི་བཀའི་ཕོ་ཉ་བགྲོད་ཚུལ་ཞེས་པའི་སློབ་ཚན་དུ་འབྲོག་སླུངས་ལ་མཆྀ་ན། བྱ་ན་གསོན་ལོ་ལོད་དེ་སྤེལ་མའྀ་མུལ་ཆད་ཅེས་དང་། ཡུལ་སླུངས་ལ་མཆྀ་ན་བྱ་ན་ལོད་ཤིར་མུལ་ཆད་ཕྱེ་ཁྱོར་བཞི་ཞེས་པའི“བྱ་ན་གསོན་ལོ་ལོད”དང“བྱ་ན་ལོད་ཤིར”ཞེས་པ་སླུངས་ཚང་གི་མིང་ཡིན་ནམ། ཡུལ་སླུངས་ལ་མཆྀ་ན་ཞེས་པའི་ཡུལ་སླུངས་དེ་སློབ་ཚན་དུ་རོང་ཁུལ་དུ་འགྲེལ་རྒྱབ་ཡོད་པར་འབྲེལ་ཆགས་སམ།


ལན། འདི་ནི་གནའ་རབས་ཕོ་ཉ་བགྲོད་ཚུལ་གྱི་རྣམ་པ་ཇི་ལྟ་བུ་ཡིན་པ་གསལ་བའི་ཤོག་དྲིལ་ཞིག་ཡིན། འདིར“བྱ་ན་གསོན་ལོ་ལོད”ཅེས་པ་བཤུས་སྐྱོན་ཏེ་མ་ཡིག་ངོས་སུ། བྱ་ན་གསོན་ལོད་སྤེལ་མ། ཞེས་གསལ་བ་དེ་ཡིན། ཁ་ཅིག་དེའི་དོན་ས་ཆའི་མིང་དུ་འགྲེལ་ཡོད་ཀྱང་འདི་ནི་འཕྲིན་སྐྱེལ་པའི་བྱ་བ་བྱེད་མཁན་གྱི་མིང་བརྗོད་ཚུལ་ཞིག་ཡིན། འཕྲིན་སྐྱེལ་པ་དེའི་བྲོ་ཁ་རྣམས་སླུངས་སོ་སོར་སླེབས་དུས་བཀོད་སྒྲིག་བྱེད་དགོས་པས། བྱ་ན་གསོན་ལོད་སྤེལ་མའྀ་མུལ་ཆད། ཅེས་བཀོད་ཡོད། མུལ་ཆད་ནི་ལྟོ་ཟས་ཀྱི་དོན་ཡིན།“བྱ་ན་ལོད་ཤིར”ཞེས་པ་ནི་མ་ཡིག་དངོས་ཀྱི་ནང་དུ། བྱ་ན་ལོད་ཤིང་ཅེས་དང་བྱ་ན་ལོད་ཅིང་ཅེས་བཀོད་པ་དེ་ཡིན། དེའི་འབྲི་ཚུལ་ཅུང་ཙམ་བསྡུ་བའི་ཚུལ་དུ་བྲིས་ཡོད་ཀྱང་དོན་ནི་གོང་ནས་བཤད་པ་ལྟར་འཕྲིན་སྐྱེལ་པའི་བྱ་བ་བྱེད་མཁན་ཞེས་པའི་འབྲི་ཚུལ་ཡིན།


སླུངས་ནི་བཙན་པོའི་དུས་སྐབས་སུ་ལམ་ཐག་ངེས་ཅན་བཀོད་པའི་ལམ་ཚད་ཀྱི་མིང་ཡིན། སླུངས་རེ་མཚམས་སུ་སླུངས་ཚིགས་རེ་ཡོད་པ་དང་། དེར་དོ་དམ་བྱེད་མཁན་གྱི་ལས་ཁུངས་ལ་སླུངས་ཚང་ཟེར། སླུངས་རེའི་རིང་ཚད་ནི་ལེ་དབར90ནས100ཙམ་སྟེ། ད་ལྟའི་སྤྱི་ལེ་ལྔ་བཅུ་ཡས་མས་ཡིན་པར་བཤད་ཆོག་མོད། ཤོག་དྲིལ་གཞན་དུ་ཉིན་སླུངས་ལྔ་དང་མཚན་མོ་སླུངས་གསུམ་ལ་བགྲོད་དགོས་པ་ཐག་བཅད་ཡོད་པར་དཔགས་ན་སླུངས་རེའི་སླུངས་ཚིགས་ཀྱི་ལམ་ཐག་ནི་ལེ་དབར20ནས30ཙམ་ཡིན་པར་སེམས། འབྲོག་སླུངས་ནི་འབྲོག་ཁུལ་གྱི་སླུངས་ཚིགས་རེའི་བར་ཆོད་པའི་ལམ་ཐག་རིང་ཚད་ལ་གོ་དགོས་ཤིང་། འབྲོག་སླུངས་གཅིག་ནི་གཡག་གཅིག་གིས་ཉིན་གཅིག་ཆོད་ཐུབ་པའི་ལམ་ཐག་གི་རིང་ཐུང་རྩིས་གཞིར་བྱེད་པས། དུང་དཀར་རིན་པོ་ཆེས། གཡག་གཅིག་གིས་ཉིན་གཅིག་ཆོད་པའི་ལམ་ཐག་ལ་ངོས་འཛིན་གནང་ཡོད། རྒྱའི་ཐང་ཡིག་ཏུ་ལེ་དབར་བརྒྱ་རེ་མཚམས་ན་ས་ཚིགས་རེ། ཞེས་འབྱུང་བའི་རྩིས་གཞིའི་རིང་ཚད་དེ་ང་ཚོས་ངོས་འཛིན་བྱེད་ལུགས་སུ་ཐོད་གཏུགས་མི་ཐུབ་ཀྱང་སྐབས་དེའི་རྣམ་པ་སྟོན་པའི་ཚིག་ཡིན་སྙམ། བོད་རྒྱལ་སྲོང་བཙན་གྱི་དུས་སུ་སླུངས་ཀྱི་གོ་བར་བསྙམས་ཞེས་སླུངས་རེའི་ལམ་ཐག་གི་རིང་ཚད་གཏན་འབེབས་གནང་། ཡུལ་སླུངས་ནི་རོང་ཁུལ་སྟེ་ཞིང་ལས་དར་བའི་ས་ཁུལ་དུ་བང་ཆེན་མངགས་པའི་ལམ་ཐག་མཚོན་པའི་མིང་ཡིན་ཞིང་། ལམ་ཐག་གི་རིང་ཚད་ནི་འབྲོག་སླུངས་དང་གཅིག་པར་ངོས་འཛིན་དགོས།


ང་། གོང་གི་སློབ་ཚན་དུ་རྟ་འཕར་སུམ་འདྀ་སྦྲུལ་གྱྀ་ལོའྀ་དགུན་སླ་ཐ་ཆུངས་ཚེས་བཅུ་དགུ་ལ་ཞེས་པའི“རྟ་འཕར་སུམ་འདྀ”ཞེས་པར་གོ་བ་ཇི་ལྟར་ལེན་དགོས།


ལན། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ངོ་མར་ཐོད་གཏུགས་ན། རྟ་འཕར་སུམ་རོལ་འདྀ། ཞེས་བྲིས་ཡོད་པས། རྟ་འཕར་སུམ་འདྀ། ཞེས་པ་ནོར་འདུག འདི་ནི་འཕྲིན་ཡིག་སྐྱེལ་དུས་ཀྱི་བང་ཆེན་བཀོད་སྒྲིག་བྱས་པར་གོ་དགོས། རྟ་འཕར་ནི་རྟ་ཐོག་ནས་ཡི་གེ་མགྱོགས་པོར་སྐྱེལ་མཁན་གྱི་བང་ཆེན་པ་ཡིན། བོད་བཙན་པོའི་དུས་སུ་འཕྲིན་ཡིག་གལ་ཆེན་སྐྱེལ་བའི་དུས་སུ་ལམ་བར་ངལ་གསོ་དང་དལ་འགྱངས་མེད་པར་སྐྱེལ་དགོས་པས། མགྱོགས་འགྲོ་གཅིག་ལ་བརྟེན་ནས་བྱ་བ་དེ་འགྲུབ་ཐབས་མེད་པར་བརྟེན། ངེས་པར་དུ་ཞོན་རྟ་འཕར་མ་སྟེ་ཞོན་རྟ་ལྷག་མ་གསུམ་བཀོད་སྒྲིག་བྱས་ནས་སྐྱེལ་བའི་རྣམ་པ་དེ་ཁྲིམས་ལུགས་ཀྱི་ངོས་ནས་གཏན་འབེབས་གནང་བ་དང་། ཚིག་གི་བརྗོད་སྟངས་ནི། རྟ་འཕར་སུམ་རོལ་འདྀ། ཞེས་པ་དེ་ཡིན།


ཅ། གཙིགས་བརྣན་པ་དང་དབུ་སྙུང་བ། བྲོ་བོར་བ་ཞེས་པའི་མིང་འདི་དག་གི་ཁྱད་པར་གསལ་པོོ་ཞིག་གོ་བ་མི་ལོན་པས་གསུང་རོགས་ཞུ།


ལན། གཙིགས་ནི་གྲོས་མཐུན་གྱི་ཡི་གེ་སྟེ་ཆིངས་ཡིག་བཀོད་པ་ལ་ཟེར། ལྷ་སའི་རྡོ་རིང་གི་ངོས་སུ། མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ། ཞེས་རྒྱ་བོད་གཉིས་དབར་གྲོས་མཐུན་གྱི་ཆིངས་ཡིག་བཀོད་པའི་དོན་ཡིན་པ་གསལ་པོར་བསྟན་ཡོད། སྐབས་འགར་དམག་འཁྲུག་རྒྱག་དུས་ཀྱི་སྐུལ་བརྡའི་བཀའ་བསྒྲགས་པར་འཇུག་སྟེ། P.T.986ཤོག་དྲིལ་གྱི་ཐིག་ཕྲེང29པར། རྒྱལ་པོ་བུ་འྭང་གིས། དམག་མྱི་མང་པོ་ལ་གཙིགས་སྩལ་པ། ཞེས་གསལ། གཙིགས་བརྣན་པ་ནི་ཆིངས་ཡིག་དེར་ཁས་ལེན་དམ་བཅའ་གནང་བའི་རྩ་ཚིག་གང་དང་གང་དག་གསར་སྣོན་བྱས་ཏེ་དམ་བཅའི་མནའ་ཚིག་བཀོད་པ་ལ་ཟེར་ཏེ། རྒྱལ་སྡེ་སྐར་ཆུང་རྡོ་རིང་གི་ངོས་སུ། དམ་པའྀ་ཆོས་ཡུན་དུ་བརྟན་པར་གཙྀགས་བརྣན་པ། ཞེས་པ་ལྟར་རོ། ། དབུ་སྙུང༌ནི་དམ་བཅས་པའི་ཚིག་སྨྲས་པའི་བརྗོད་ཚུལ་ཞིག་སྟེ། ཞོལ་རྡོ་རིང་གི་ངོས་སུ། བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་དབུ་སྙུང་གནང་སྟེ། ཞེས་དང་། འབྲི་གུང་ཞྭ་ལྷ་ཁང་གི་རྡོ་རིང་གི་ངོས་སུ། བན་དེ་མྱང་ཏིང་ངེ་འཛིན། དབུ་སྙུང་གཙིགས་གཡུང་དྲུང་དུ་གནང་བ། ། ཞེས་བཀོད་པ་ལས་རྒྱལ་པོས་ཁས་ལེན་གནང་བའི་བཀའ་ཚིག་སྩལ་བར་གོ་བ་ལྟ་བུའོ། ། བྲོ་ནི་མནའ་ཚིག་གི་དོན་ཡིན། མནའ་ཚིག་གང་ཞིག་ཁ་ནས་སྨྲས་པར་བྲོ་བོར་བ་ཟེར། སྔོན་གྱི་དུས་སུ་རྗེ་བློན་བར་བྲོ་བོར་བའི་སྲོལ་ཡོད་པ་ནི་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ངོས་སུ། བཙན་པོ:ཡབ་སྲས:དྔ། རྗེ་བློན་གུན་གྱིས་དབུ་སྙུང:དང་བྲོ:། བོར་རོ། ཞེས་དང་། རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ངོས་སུ། རྗེ་བློན་ཀུན། ཀྱྀས་དབུ་སྙུང་དང་བྲོ་བོར་ཏེ། ཞེས་གསལ་བ་ལྟར་རོ། །


ཆ། སྐར་ཆུང་རྡོ་རིང་གི་སྐོར་བཤད་པ་ཞེས་པའི་སློབ་ཚན་དུ་མྱེས་ཁྲི་འདུས་སྲོང་གི་རིང་ལ། གླིང་གི་ཁྲི་རྩེ་ལས་སྩོགས་པར། གཙུག་ལག་ཁང་བརྩིགས་སྟེ་ཞེས་པའི“གླིང་གི་ཁྲི་རྩེ”ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས།


ལན། མ་ཡིག་དངོས་འབྲི་ཚུལ་ནི། མྱེས་ཁྲི་འདུས་སྲོང་གི་རིང་ལ། གླིང་གྀ་ཁྲི་རྩེ་ལས་སྩོགས་པར། གཙུག་ལག་ཁང་བརྩྀགས་སྟེ། ཞེས་པ་དེ་ཡིན། དེ་ལས་གླིང་གྀ་ཁྲི་རྩེ་ཞེས་པ་ནི་འདུས་སྲོང་མང་པོ་རྗེའི་དུས་ཀྱི་གཙུག་ལག་ཁང་ཞིག་གི་མིང་ཡིན་ཞིང་། ཁ་ཅིག་གིས་དེང་གི་སྡེ་དགེ་རྫོང་ཁོངས་ཡིན་པར་སྨྲ་ཡང་བཙན་པོའི་ལོ་ཚིགས་གནད་བསྡུས་སུ། གླང་གྱྀ་ལོ་ལ་བབ་སྟེ། བཙན་པོ་དབྱརད་གསེར་ཞ་ན་བཞུགས་ཤྀང༌། ཟོང་ཅུ་དང་ཐེའུ་ཆུར་དྲངསྟེ། ཞེས་བཀོད་པ་ལས། སྤྱི་ལོ701ལོར་བཙན་པོ་འདི་ཀན་ལྷོའི་རྨ་ཆུ་རྫོང་གསེར་ཞ་ཞེས་པའི་ཡུལ་དུ་བཞུགས་པ་དང་། ལོ་དེར་ད་ལྟའི་རྔ་བ་ཁུལ་གྱི་ཟོང་ཆུ་དང་ཀན་ལྷོའི་ཐེ་བོ་ས་ཆར་དམག་དྲངས་ཚུལ་གསལ་བ་དང་། ཡང་ལོ་ཚིགས་དེར། དགུན་བཙན་ཕོ་ཁྲྀ་རྩེ་ན་བཞུགས་ཅྀང༌། དཔྱྀད་ལྟབ་མར། ཟོང་ཆུ་དང༌། ཐེའུ་ཅུར་དྲངསྟེ། ཞེས་བཀོད་པའི་ཁྲི་རྩེ་ནི་གླིང་གྀ་ཁྲི་རྩེ་ཞེས་པའི་གཙུག་ལག་ཁང་དེའི་མིང་ཡིན་ཞིང་ལོ་དེའི་དགུན་ཁར་བཙན་པོ་ཡུལ་དེར་བཞུགས། སྤྱི་ལོ702ལོར། དགུན་བཙན་ཕོ་ཁྲྀ་རྩེ་ན་བཞུགས། མདོ་སྨད་གྱྀ་དགུན་འདུན་ནམ་ལྡོང་པྲོམ་དུ་ཁུ་མང་བོ་རྗེ་ལྷ་ཟུང་དང༌། བློན་མང་རྩན་ལྡོང་ཞྀས་བསྡུསྟེ། ཞེས་བཀོད་པ་ལས་ལོ་དེའི་དགུན་ཁར་སྔར་བཞིན་གླིང་གི་ཁྲི་རྩེ་ཞེས་པའི་ཡུལ་དུ་བཞུགས་པ་དང་། མདོ་སྨད་གྱྀ་དགུན་འདུན་ནམ་ལྡོང་པྲོམ་ཞེས་པའི་ཡུལ་དེ་ཁ་ཅིག་གིས་ཁམས་སྡེ་དགེའི་དཔལ་ཡུལ་ས་ཆར་ངོས་འཛིན་ཡང་། ཞིབ་ཏུ་བརྟག་ན་དེང་སང་ཀན་སུའུ་ལུང་ནན་གྱི་ས་ཁུལ་ཏེ། སྔོན་ཅོ་ནེ་ཁྱ་དགེའི་ཁོངས་འདི་ཡིན་ལ། གླིང་ཞེས་པའི་ཡུལ་སྤྱི་ནི་མདོ་སྨད་ཧྲིལ་བོར་ངོས་འཛིན་དགོས། དེ་ཡང་གླིང་ཞེས་པའི་མིང་འདིའི་ཐོག་མའི་འབྲི་ཚུལ་ནི་སྔོན་གྱི་དུས་སུ་བླ་ཟོག་ཏུ་གླང་དཀར་པོར་བཀུར་བའི་མི་ཆོས་བྱུང་བ་ནས་རིམ་གྱིས་བླ་ཟོག་གླང་འདི་བཀུར་ཡུལ་དུ་བྱེད་པའི་རུས་སྡེས་ཁྱབ་པའི་ཡུལ་མདོ་སྨད་ཁམས་ཀྱི་ས་ཆ་ཀུན་ལ་གླང་ཡུལ་དང་གླང་དཀར་སྟོད་ཀྱི་ས་ཆ་ཟེར་ཏེ། མི་སྡེ་དེས་གེ་སར་ནི་རང་གི་རུས་སྡེ་དེའི་རྗེ་བོ་ཡིན་པའི་འདུ་ཤེས་ལ་བསྟེན་པའི་སྒྲུང་འཆད་པ་དར་སྲོལ་ཆེ་བས་གླང་ཡུལ་གྱི་རྗེ་བོ་གེ་སར་གྱི་སྒྲུང་སྟེ་བསྡུས་མིང་དུ་གླིང་སྒྲུང་ཞེས་གྲགས་པ་ནས་བཙན་པོའི་དུས་སྐབས་ཀྱི་ཡིག་མཁན་དང་སྒྲུང་དཔེ་ཡི་གེར་འགོད་མཁན་རྣམས་ཀྱིས་རིག་གནས་ཀྱི་ལོ་རྒྱུས་འཕེལ་རིམ་རིང་མོའི་ཁྲོད་དུ་གླང་དང་གླིང་ལ་ཁྱད་པར་ཡོད་པའི་ཚུལ་ལ་དཔྱད་པ་མེད་པར། གླིང་གྀ་ཁྲི་རྩེ་ཞེས་དང་། གླིང་སྒྲུང་ཞེས་གླང་གི་སྒྲ་དེ་ཕྱོགས་དང་གནས་སྟོན་པའི་གླིང་འདིར་བསྒྱུར་བ་ནས་སྔོན་གྱི་རིག་གནས་ཀྱི་དོན་ཤུལ་མེད་དུ་བརླག་པའི་དུས་རབས་བསྐྲུན། དེས་ན་རྒྱལ་པོ་འདི་བཞུགས་ཡུལ་དང་དམག་འཁྲུག་བསླངས་སའི་ཡུལ་གྱི་ངོས་ནས་གླིང་གི་ཁྲི་རྩེ་ཞེས་པའི་གཙུག་ལག་ཁང་དེ་ཡོད་ས་ནི་མཚོ་སྔོན་དང་ཀན་སུའུ་ཀན་ལྷོའི་ཕྱོགས་འདིར་ངེས་ལ། དེའི་ནང་ནས་ཁྲི་རྩེ་ཞེས་པ་དེ་དེང་སང་ཁྲི་ཀ་ཞེས་པའི་བརྡ་དེའི་བྱུང་ཁུངས་ཡིན་ནམ་སྙམ།


ཇ། མཐོ་འབྲིང་གི་བསླབ་ཚན་ཚད་གཞི་ལས“ཡིག་རྙིང་གི་རིགས་ལ་ལྟ་ཀློག་བྱེད་པ་དང། ཡིག་རྙིང་གི་མཆན་འགྲེལ་དང་། བརྡ་དག མིང་མཛོད་སོགས་ལ་བརྟེན་ནས། མིང་དང་ཚིག་གི་དོན་གོ་བར་བྱེད་པ་དང་། བཀླག་བྱ་གང་དེའི་ནང་དོན་རྟོགས་ཐུབ་པར་བྱེད་དགོས”ཞེས་གཏན་ལ་ཁེལ་ཡོད་ནའང་། རང་ཉིད་ནི་ཡིག་རྙིང་གི་ཕྱོགས་ལ་སྦྱངས་པ་ཞན་པས། རྒན་ཁྱེད་ཀྱིས་ཡིག་རྙིང་སྦྱོང་བའི་གལ་ཆེན་རང་བཞིན་དང་ཀློག་བདེ་བའི་ཡིག་རྙིང་གི་སྐོར་གྱི་རྒྱུ་ཆ་རེ་འགའ་ངོ་སྤྲོད་པར་རེ་བ་སྙིང་ནས་ཞུ།


ལན། ཡིག་རྙིང་ཟེར་བ་ནི་སྔོན་གྱི་མིང་བརྡའི་བྲིས་གཟུགས་དང་། ཡི་གེ་སྤྱོད་སྟངས། བརྡ་སྤྲོད་ཀྱི་ཆོས་ཉིད་སོགས་ད་ལྟའི་བརྡ་སྤྲོད་ཚུལ་ལ་ཅུང་ཙམ་མི་འདྲ་བའམ་ཡང་ན་སྔོན་གྱི་དུས་སུ་སྤྱོད་ལ་ཕྱིས་སུ་སྤྱོད་སྲོལ་མེད་པའི་སྔོན་གྱི་བསྟན་བཅོས་སམ་ཤོག་དྲིལ། རྡོ་རིང། ཁྲམ་ཤིང་སོགས་ལ་བྲིས་པའི་ཡི་གེ་རྙིང་ཤོས་རྣམས་སུ་གོ་དགོས། དཔེར་ན། བཀའ་གྲོས་ལ་བྐ་གྲོས་ཞེས་པ་ལྟ་བུ་དང་། བྱ་དགའ་ལ་བྱ་སྒ་ལྟ་བུ། ཨ་མྲྀ་ཏའི་འབྲི་ཚུལ་ལ་ཨམ་འབྲྀ་ཏ་ཞེས་པ་ལྟ་བུའི་འབྲི་ལུགས་ཀྱི་ཁྱད་ཡོད་པའི་ཡིག་རྙིང་དང་། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་པ་ནི་བཙན་པོའི་དུས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་གྱི་རྣམ་གྲངས་སུ་གྲགས་པའི་མིང་བརྡ་རྙིང་པ་ཡིན་པ་ལྟ་བུ་དང་། གཞན་ཡང་ཀ་དང་ག ཅ་དང་ཆ། ཙ་དང་ཚ། ང་དང་ན། ཤ་དང་ས་སོགས་ཕན་ཚུན་བརྗེས་ནས་བྲིས་པ་ལྟ་བུ་སྟེ་བོད་བཙན་པོའི་དུས་སྐབས་ནས་བསྟན་པ་ཕྱི་དར་གྱི་བར་སྐབས་ཤིག་གི་རིང་ལ་བོད་ཡུལ་ནས་ལག་ལེན་བྱས་པའི་ཡི་གེ་དང་འབྲི་སྲོལ་ད་ལྟར་ཅུང་ཙམ་མི་འདྲ་བའི་རྣམ་པ་དེ་དག་ཡིན། ཡིག་རྙིང་དེ་རིགས་བོད་མི་སུ་ཞིག་གིས་མཐོང་ཚེ་ནང་དོན་ཐོ་རེ་བ་ཤེས་པ་ནི་ཀུན་ལ་གསལ་བའི་དོན་ཞིག་ཡིན་མོད། མིང་བརྡ་གང་དེའི་སྐབས་དེའི་བསྟན་དོན་དེ་མ་ཤེས་ན་ཤོག་དྲིལ་ལམ་རྩོམ་དེའི་ནང་དོན་ཧྲིལ་པོ་རྟོགས་ཐབས་མེད་པའང་གང་མང་ཞིག་ཡོད་པས། ང་ཚོས་ཡིག་རྙིང་ཁག་ལ་བལྟ་ཀློག་བྱེད་སྐབས་རྩོམ་དེའི་ལོ་རྒྱུས་རྒྱབ་ལྗོངས་ཇི་འདྲ་ཡིན་པ་དང་དུས་སྐབས་དེར་མིང་བརྡ་སྤྱོད་ཚུལ་ཇི་འདྲ་ཡིན་པ་སོགས་ལ་དཔྱད་པའི་ངོས་ནས་ཤེས་པར་བརྩོན་དགོས། སྔོན་གྱི་ཡིག་རྙིང་ཤོག་དྲིལ་དང་བསྟན་བཅོས་ཁག་ཏུ་འཁོད་པའི་ནང་དོན་དེ་ཡང་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་ཏེ། ཧ་ལམ་རིག་གནས་ཆེ་ཆུང་བཅུར་གྲགས་པའི་ནང་དོན་གང་འཚམ་རེ་འདུས་ཡོད་པར་བརྗོད་ཆོག ཏུན་ཧོང་ནས་ཐོན་པའི་ཤོག་དྲིལP.T.1288དང་། I.O.750དང་། B.M. 8212(187)རྣམས་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མའི་གྲས་བོད་རྒྱལ་སྲོང་བཙན་སྒམ་པོར་རྒྱ་བཟའ་བསུ་བའི་ལོ641ནས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དུས་བར་གྱི་ལོ་རེའི་དོན་ཆེན་གནད་བསྡུས་སུ་བཀོད་པའི་ལོ་རྒྱུས་ཡིག་རྙིང་ཡིན་པ་དང་། ཞོལ་རྡོ་རིང་དང་བྷོད་ཐང་རྡོ་རིང་སོགས་རྡོ་རིང་དང་བྲག་བརྐོས་ཡིག་རྙིང་ཁག་ནི་བཙན་པོའི་དུས་སྐབས་སུ་དོན་ཆེན་གང་དག་བསྒྲུབས་པའི་ཚུལ་གསལ་བའི་སྤྱི་ཚོགས་ཆབ་སྲིད་ལ་འབྲེལ་བའི་ཡིག་རྙིང་ཡིན་པ་དང་། ཁྲམ་ཤིང་ནི་ཧ་ལམ་དུས་སྐབས་དེའི་སྤྱི་ཚོགས་ཀྱི་བགོ་བཤའ་ཇི་ལྟར་བྱས་པ་དང་འཚོ་བའི་བཀོད་སྒྲིག་ཇི་ལྟར་བྱས་པ་གསལ་བའི་ཡིག་རྙིང་ཁག་བཀོད་པ་ཞིག་ཡིན། ཡིག་རྙིང་དེ་དག་ལ་བལྟ་ཀློག་བྱེད་པའི་དུས་སུ་ཡིག་རྙིང་སྐོར་གྱི་མཆན་འགྲེལ་དང་། བརྡ་དག མིང་མཛོད་སོགས་ལ་བརྟེན་པ་དང་། ས་གནས་མི་འདྲ་བའི་རྒན་པོ་ཚོའི་ངག་ནས་སྤྱོད་པའི་སྔོན་གྱི་མིང་བརྡ་ཕྱོགས་རེ་བ་ལའང་ཡིད་འཇོག་བྱས་ནས། སྔོན་གྱི་མིང་དང་ཚིག་གི་དོན་གོ་བར་བརྩོན་པ་དང་། བཀླག་བྱ་གང་དེའི་ནང་དོན་རྟོགས་ཐུབ་པ་བྱེད་དགོས་མོད། སྔོན་གྱི་ཡིག་རྙིང་ལ་འགྲེལ་བཀོད་པའི་ཁྲོད་ན་འགྲེལ་ལོག་ཏུ་ཤོར་བའང་མི་ཉུང་བ་ཞིག་ཡོད་པ་ལའང་ཡིད་འཇོག་བྱ་དགོས།


ཉ། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་རུ་ཡིག་རྙིང་སྐོར་གྱི་སློབ་ཚན་གཉིས་ཡོད་དེ། གཅིག་ནི་གནའ་རབས་བོད་ཀྱི་བཀའི་ཕོ་ཉ་བགྲོད་ཚུལ་དང་ཅིག་ཤོས་ནི་སྐར་ཆུང་རྡོ་རིང་སྐོར་བཤད་པ་ཞེས་པ་ཡིན། དེ་གཉིས་ནི་གཙོ་བོ་ལོ་རྒྱུས་ཀྱི་ཆ་དེར་ཤུགས་ཕུད་དེ་ཁྲིད་དགོས་པར་འདོད་ན། དགེ་རྒན་ཁྱེད་ཀྱིས་མཐོ་འབྲིང་དགེ་སློབ་རྣམས་ལ་རྩོམ་རིག་གི་ཆ་ནས་ཀྱང་ཡིག་རྙིང་ལ་རྒྱུས་ལོན་ཐུབ་པའི་ཡིག་ཆ་རེ་འགའ་མཚམས་སྦྱོར་བྱེད་པར་ཞུ།


ལན། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཁྲོད། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། རིག་གནས་དང་དཔལ་འབྱོར། དམག་དོན་སོགས་དུས་སྐབས་ཤིག་གི་རིག་གནས་ཀྱི་ནང་དོན་མང་པོ་ཧ་ལམ་ཚང་བར་ཡོད་ཅིང། གནའ་རབས་ཀྱི་བརྩམས་ཆོས་ཀུན་ནི་ལོ་རྒྱུས་ཡིན་ལ་རྩོམ་རིག་ཀྱང་ཡིན་པར་ངོས་འཛིན་བྱས་ཆོག་པས། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཁག་དང་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཁག་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་གཏུགས་སའི་དཔྱད་གཞི་གལ་ཆེན་ཁག་ཅིག་ཡིན་ལ། རྩོམ་རིག་ལ་སྦྱོར་རུང་བའི་ལེགས་རྩོམ་ཡང་མི་ཉུང་བ་ཞིག་ཡོད། ཏུན་ཧོང་ནས་ཐོན་པའི་རཱ་མ་ཎའི་རྟོགས་བརྗོད་བཀོད་པའི་ཤོག་དྲིལI.O.737Dདང་། I.O.737Aལྟ་བུ་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི《རཱ་མ་ཎའི་རྟོགས་བརྗོད》ཀྱི་གཏམ་རྒྱུད་བྱུང་ཁུངས་སུ་གྱུར་པའི་རིག་བྱེད་གཏམ་རྒྱུད་ཀྱི་རྩོམ་རིག་དང། བཙན་པོ་རྣམས་ཀྱི་ལོ་རྒྱུས་ཤོག་དྲིལP.T.1287ལྟ་བུ། བཙན་པོ་སྲོང་བཙན་ནས་རིམ་བྱོན་བཙན་པོ་རྣམས་ཀྱི་དུས་སྐབས་ཀྱི་མགུར་གླུ་སོགས་དང་། P.T.1283ཤོག་དྲིལ་ཁྲོད་ཀྱི་མི་ཆོས་ཀྱི་བསྟན་བཅོས《ཕུ་བོ་ནུ་བོར་བཏམས་ཤིང་བསྟན་པའི་མདོ》དང་། P.T.66ཤོག་དྲིལ་ཁྲོད་ཀྱི《ཤེས་རབ་བརྒྱའ་པ་ཞེས་བྱ་བ་རབ་དུ་བྱེད་པའོ》ལྟ་བུ་སོགས་ཤོག་དྲིལ་ཁག་དང་། བོད་ཐང་རྡོ་རིང་དང་བྱས་པ་ཅན་ལ་གཟེངས་སུ་བསྟོད་པའི་རྡོ་རིང་ཁག་ཏུ་གོ་སླ་ཞིང་ཀློག་བདེ་བའི་རྩོམ་གང་འཚམ་ཡོད། སེམས་ཅན་མོས་པ་སྣ་ཚོགས་པས་གོང་འཁོད་ཤོག་དྲིལ་དེ་དག་ནི་ཀུན་ལ་འཚམ་པའི་ངེས་པ་མེད་པ་ལགས་ན། རང་རང་གིས་འདམ་ག་ཡོད་པའི་ངང་ནས་ཡིག་རྙིང་ལ་འཇུག་པའི་ལས་བརྩམ་ཆོག


དགེ་རྒན་ལགས། མཐོ་འབྲིང་སྐད་ཡིག་གི་དེབ་བཞི་བའི་སློབ་ཚན་བཅུ་གཉིས་པ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་ཞེས་པ་ལས་ལུང་དུ་དྲངས་པའི་གཤམ་གྱི་ཡིག་རྙིང་གི་ཚན་པ་དག་ཀྱང་རང་ལ་མཚོན་ན་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་འགྲེལ་ཅུང་དཀའ་བས་དགེ་རྒན་ཁྱེད་ཀྱིས་ཚེགས་ལ་མི་འཛེམ་པར་གོ་སླ་བར་གཏོང་བར་སྙིང་ནས་རེ་བ་ཞུ།


༡. ལྷ་གནམ་གྱི་སྟེང་ནས་གཤེགས་པའི་གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདལ་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲི་ཡི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། ལྷ་རི་གྱང་དོར་གཤེགས་ན།


ལན། འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ལྷ་ཡུལ་ནས་མི་ཡུལ་དུ་ཇི་ལྟར་བྱོན་ཚུལ་བརྗོད་པའི་རྩོམ་ཡིག་ཅིག་ཡིན། མ་ཡིག་དངོས་ནི། ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། ། གནམ་ལྷབ་ཀྱི་བླ་ན། ། ཡབ་བླ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ། ཁྲྀ་འི་བདུན་ཚྀགས་དང་བདུན། ། ཁྲི་འི་བདུན་ཚིགས་གྱྀ་སྲས། ། ཁྲི་ཉག་ཁྲི་བཙན་པོའ། ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་གྱི་ཆར་དུ་གཤེགས་སཱོ། ལྷ་རྀ་གྱང་དོར་གཤེགས་ན། ཞེས་པ་སྟེ། དེའི་ཤེས་ཚོད་ཙམ་འགྲེལ་ན། ལྷ་སྟེ་རྗེ་གཉའ་ཁྲི་བཙན་པོ་ནི་སྟེང་ཕྱོགས་ནམ་མཁའ་ནས་མིི་ཡུལ་དུ་བྱོན་པའི་ལོ་རྒྱུས་གླེང་བ། ཞེས་བསྟན་བཅོས་དབུ་རྩོམ་པའི་གླེང་སློང་བ་དང་། གཞུང་དངོས་ནི། དེ་ཡང་གནམ་སྔོན་པོ་ལྷའི་ཡུལ་གྱི་བླའམ་སྟེང་ཕྱོགས་སུ། ལྷ་ཡབ་བླ་བདག་དྲུག་ཅེས་པ་བཞུགས་པ་དེར་ལྷ་སྲས་གཅེན་པོ་སྟེ་ཆེ་བ་གསུམ་དང། གཅུང་བོ་སྟེ་ཆུང་བ་གསུམ་དང་། ཁྲིའི་བདུན་ཚིགས་དང་བཅས་སྤུན་བདུན་འཁྲུངས་པ་ལས། ཁྲིའི་བདུན་ཚིགས་ལ་སྲས་གཅིག་འཁྲུངས་པའི་མཚན་ལ་ཁྲི་ཉག་ཁྲི་བཙན་པོ་ཞེས་གསོལ། ས་དོག་མོ་སྟེ་ས་གཞི་འཇིག་རྟེན་གྱི་ཡུལ་འདིར་ས་གཞིའི་ཡབ་ཏུ་གྱུར་པའི་གནམ་སྔོན་པོ་ལྟ་བུའི་འགྲན་མེད་ཀྱི་རྗེ་བོའམ་རྒྱལ་པོ་ལུགས་གཉིས་སྲུང་བ་ཞིག་ཡོད་དགོས་པར་བསམས་ཏེ། དོག་ས་གཞི་འདིར་ཡབ་དགུང་སྔོན་གནམ་གྱི་ཚུལ་དུ་མི་ཡུལ་གྱི་རྗེ་བོར་བྱོན་ཞིང་། ཐོག་མར་བྱོན་པའི་གནས་ཏེ་ལྷ་རི་གྱང་དོར་བྱོན་པ་ན། ཞེས་འགྲེལ་ན་འོས་སོ། ། དེ་ཡང་ཡབ་ལྷ་བདག་དྲུག་ནི། ལྡེའུ་ཡོ་ག་ལྷ་དགེས་ཅན་ལྡེབ༡༢༩ལས་བཀོད་པ་ལྟར་ན། ཡབ་སྟག་ཚ་ཡལ་ཡོལ་དང་། ཡུམ་ཚེ་བཟའ་ཁྱད་ཁྱུད་བཤོས་པའི་སྲས། སྲིད་པའི་ལྷ་རབས་མཆེད་བཞི་སྟེ། ཡབ་ལྷ་བདག་དྲུག ཕྱྭ་ལྷ་བྲམ་ཆེན། རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ་བཅས་བཞིའི་བགྲེས་ཤོས་དེ་ཡིན་པར་བཤད། ལྡེའུ་ཆོས་འབྱུང་རྒྱས་པ་ལས། ཡབ་ལྷ་བདག་དྲུག་དེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད་ཅེས་འབྱུང་བས། ཡབ་ལྷ་བདག་དྲུག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་མཚན་གྱི་རྣམ་གྲངས་ཤིག་ཏུ་ངོས་བཟུང་ཆོག་གོ རྩོམ་དེའི་ཁྲོད་ཀྱི་མིང་བརྡ་སྟེ། ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། ཞེས་པའི་ལྷ་ནི་རྗེ་གཉའ་ཁྲི་བཙན་པོར་བསྟན་པ་དང། དོན་དྲིལ་ན་རྗེ་གཉའ་ཁྲི་བཙན་པོ་དེ་སྟེང་ཕྱོགས་ནམ་མཁའ་ནས་མིི་ཡུལ་དུ་བྱོན་པའི་ལོ་རྒྱུས་གླེང་བ། ཞེས་གླེང་སློང་གནང་བ་དང་། གནམ་ལྷབ་ནི་དགུང་སྔོན་ནམ་མཁའ། ཁྲི་ཉག་ཁྲི་བཙན་པོ་ནི་རྗེ་གཉའ་ཁྲི་བཙན་པོའི་མཚན་གྱི་རྣམ་གྲངས་ཤིག་ཡིན་ནོ། །


༢. འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོར་མཛད་པ་དང་། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་མགོ། ཡུལ་མཐོ་ས་གཙང་བ་ལ། གནམ་གྱི་ལྷ་ལས་མྱིའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་ཆེན་པོས་ནི་ཡུནད་ཀྱི་སྲིད་བཙུགས།


ལན། འདི་ནི་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་དུས་སུ་བོད་ཐང་གཉིས་དབར་སྤྱི་ལོ823ལོར་མནའ་འབྲེལ་བཞག་པའི་རྡོ་རིང་ཤར་ངོས་ཀྱི་ཐིག་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་ནང་དོན་དུམ་བུ་ཞིག་ཡིན། དེའི་མ་ཡིག་དངོས་ནི་འདི་ལྟར་ཏེ།


5. འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། ། ཡུལ་བྱུང་ས་དོད་ཚུན་ཅད་
6. གདུང་མ་འགྱུར་བར་། ། བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། ། གངས་རི་
7. མཐོན་པོའི་ནི་དབུས། ། ཆུ་བོ་ཆེན་པོའི་ནི་མགོ། ། ཡུལ་མཐོ་ས་གཙང་
8. བ་ལ་གནམ་གྱྀ་ལྷ་ལས། ། མྱྀའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་
9. ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས། ། ཞེས་པ་དེ་ལགས། བླ་ན་མཐོ་བའི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་དུའང་གྲགས་པའི་རྗེ་གཉའ་ཁྲི་བཙན་པོ་དེ་ཐོག་མར་འཇིག་རྟེན་མི་ཡུལ་གྱི་རྗེ་བོར་བྱོན་པ་ནས་ཡུལ་ཁམས་བདེ་ལ་འཁོད་པ་དང་ཡ་རབས་ལུགས་བཟང་གི་སྲོལ་བཏོད་དེ་ད་ལྟ་ལ་ཐུག་པའི་བར་དུ་ཁོང་གི་གདུང་རྒྱུད་ལ་འགྱུར་བ་མེད་པར་བོད་ཀྱི་རིམ་བྱོན་རྒྱལ་པོ་ཆེན་པོ་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ། ཁོང་གིས་བསྐྱངས་པའི་ཡུལ་འདི་ཡང་ཡུལ་ཁམས་གཞན་དང་མི་འདྲ་བར་གངས་རི་ར་བ་མཐོན་པོས་ཡོངས་སུ་བསྐོར་བའི་དབུས་སུ་གནས་ཤིང་། ཆུ་བོ་ཆེན་པོ་འབབ་པ་རྣམས་ཀྱི་མགོ་ཁུངས་སུ་གྱུར་ལ། ཡུལ་གྱི་གནས་བབ་མཐོ་ཞིང་ས་གཞི་གཙང་མ་སྐྱོན་གྱིས་མ་གོས་པའི་གནས་མཆོག་ཏུ་གྱུར་ཅིང་ཁྱད་ཆོས་དུ་མས་ཕྱུག་པའི་གནས་སུ་འཁུམས། རྗེ་ཁོང་ཉིད་ཀྱིས་ལྷའི་བདེ་བ་ཁྱད་དུ་བསད་ནས་མི་ཡུལ་གྱི་རྒྱལ་པོར་བྱོན་པ་དང་། ཡ་རབས་དང་གཙུག་ལག་རིག་གནས་བཟང་པོ་ཡུན་ནས་ཡུན་དུ་སྤེལ་ཅིང་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་སྲོལ་བཟང་བཙུགས་སོ། ། ཞེས་པའོ། འདིའི་འཕྲུལ་ནི་བླ་ན་མཐོ་བ་དང་། ཁྱད་དུ་འཕགས་པའི་དོན་ལ་འཇུག ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ནི་རྗེ་གཉའ་ཁྲི་བཙན་པོའི་མཚན་གྱི་རྣམ་གྲངས་ཤིག་ཡིན།

༣. ཡུལ་དང་མཁར་དུ་བཅས་པའ། སོ་སོ་བོད་བཞི་ལས། སྤུ་རྒྱལ་བོན་གྱི་བཙན་པོ་ལྡིའི་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ལ་ལ་ནི་གཆེར་ནས་ནི། རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆི་མ་གཏོགས་ཤེས་ཀྱང་མཆི།


ལན། འདི་ནིP.T.1038ཤོག་དྲིལ་གྱི་ཐིག་ཕྲེང་དང་པོ་ནས་ལྔ་པའི་བར་གྱི་ནང་དོན་དུམ་བུ་ཞིག་ཡིན། དེའི་མ་ཡིག་དངོས་ནི་འདི་ལྟ་སྟེ།


1. ཡུལ་དང་མཁར་དུ་བཅས་པཱ། སོ་སོ་ཡུལ་བདེ་བཞྀ་
2. ལས། ། སྤུ་རྒྱལ་བོན་གྀ་བཙན་པོ་ལྟྀའུ་རྒྱལ་པོ་ཐོད་རྒྱལ
3. བྱུང་ཏེ། ། ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན། བཅུ་གཉྀས་
4. ལ་གཏོགས་ཤེས་ཀྱང་མཆྀ། ། མྱྀ་གཏོག་ཤེས་ཀྱང་

5. མཆྀ། ཞེས་པ་དེ་ཡིན། དེ་རགས་རམ་ཞིག་འགྲེལ་ན། སྔོན་གྱི་དུས་སུ་ཡུལ་དང་མཁར་དུ་གནས་བཅས་ནས་སོ་སོར་སྡོད་པའི་སྡེ་བཞི་བྱུང་བའི་དུས་དེར། པུར་རྒྱལ་བོད་ཀྱི་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་སྟེ་བོད་རྒྱལ་གཉའ་ཁྲི་བཙན་པོ་ཐོག་མར་མི་ཡོངས་ཀྱི་རྒྱལ་པོར་བྱོན། ཁ་ཅིག་གིས་དུས་སྐབས་དེར་བོད་ཡུལ་ནི་རྒྱལ་ཕྲན་བཅུ་གཉིས་ཁོངས་སུ་གཏོགས་ཞེས་ཟེར་ལ། ཁ་ཤས་ཀྱིས་མི་གཏོགས་ཞེས་ཀྱང་ཟེར། ཞེས་པའི་དོན་ནོ། །དེ་ཡང་བདེ་བཞྀ་ནི་སྡེ་བཞིའི་འབྲི་ཚུལ། སྤུ་རྒྱལ་ནི་ཕྱིས་སུ་པུར་རྒྱལ་བོད་ཅེས་པའི་འབྲི་ཚུལ། བོན་ནི་བོད་ཀྱི་འབྲི་ཚུལ་ཏེ་ད་དང་ན་བརྗེ་བའི་ཚུལ་ལོ། ལྟྀའུ་ནི་ལྡེའུ་སྟེ་རྗེས་བྱུང་བོད་རྒྱལ་རྣམས་ཀྱིས་མཚན་འགོད་དུས་ལྡེའུ་དང་ལྡེ་གང་རུང་འབྲི་བའི་རྣམ་པ་དེ་ཡིན་ཞིང་། དོན་ནི་ཤེས་རབ་དང་བློ་གྲོས། མཁས་མཛངས་ལྡན་པ་བཅས་ཀྱི་དོན་ལ་འཇུག


དགེ་རྒན་ལགས་ཀྱིས་བྱ་བའི་བར་གསེང་ཁྲོད་ནས་དཀའ་ཚེགས་ལ་མ་འཛེམས་པར་ངའི་བཅར་འདྲི་དང་ལེན་གནང་བར་ཡང་བསྐྱར་བཀའ་དྲིན་ཞུ་བ་དང་ཆབས་ཅིག ཉིད་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1