“རྒྱ་བརྒྱུད་དང་བོད་བརྒྱུད་ལྷོ་བརྒྱུད་ནང་བསྟན་གསུམ་གྱི་ཆོས་འཆད་ཉན་སྐོར་གྱི་གླེང་མོལ་མཐོ་རིམ་གླེང་སྟེགས་”བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-28



             ཟླ4པའི་ཚེས21ཉིན་“རྒྱ་བརྒྱུད་དང་བོད་བརྒྱུད་ལྷོ་བརྒྱུད་ནང་བསྟན་གསུམ་གྱི་ཆོས་འཆད་ཉན་སྐོར་གྱི་གླེང་མོལ་མཐོ་རིམ་གླེང་སྟེགས་”བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་བོད་ལྗོངས་ལོ་རྒྱུས་རིག་གནས་རྟེན་མཛོད་ཁང་གི་སྙན་ཞུ་ཚོམས་ཆེན་དུ་བསྡུས། ད་ཐེངས་ཀྱི་གླེང་སྟེགས་ནང་དུ་འགོ་ཁྲིད་དང་ཆེད་མཁས་པ། སློབ་གྲྭར་ཡོད་མུས་ཀྱི་དགེ་སློབ་ཁྱོན་བསྡོམས་མི་60ལྷག་ཞུགས་ཡོད་པ་རེད།
པར་འདི་ནི་དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས་ཀྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་བའི་ཚུལ་རེད། 
            བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཙོན་ཡ་ཅུན་གྱིས་དེང་གི་སློབ་གཉེར་གནས་ཚུལ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་དམིགས་འབེན་ངོ་སྤྲོད་གནང་བ་དང་།  རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་ནང་བསྟན་གསུམ་གྱི་བྱུང་འཕེལ་སྤྱི་དང་། ནང་སྒོས་སུ་རྒྱ་བོད་མི་རིགས་བར་ལོ་རྒྱུས་ཐོག་སྤེལ་རེས་ཀྱི་འབྲེལ་བ་ལ་བརྟེན་ནས་རྒྱ་བརྒྱུད་དང་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྐོར་གླེང་ཐོག  ནང་བསྟན་གྱི་གཅིག་གྱུར་རང་བཞིན་དང་འཛམ་གླིང་རིག་གནས་དབར་ཀྱི་སྤེལ་རེས་དང་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཆེན་པོས་རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་ནང་བསྟན་གསུམ་དང་ཆོས་ལུགས་མི་འདྲ་བ་གཞན་དག་གི་བར་དུ་གླེང་མོལ་སྤེལ་རེས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པའི་མི་ཚད།  ནང་ཆོས་ཀྱིས་ཆོས་ལུགས་རིག་གནས་གཞན་དག་དང་ལྷན་དུ་མི་ཆོས་རིག་གནས་བར་གླེང་མོལ་བརྗེ་རེས་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད། གོམ་ཁ་དེ་དང་བསྟུན་ན་ད་གཟོད་ནང་བསྟན་དེ་ཉིད་འཕེལ་འགྱུར་ཆེ་བའི་འཛམ་གླིང་ཧྲིལ་བོ་འདིའི་གོམ་ཁ་དང་བསྟུན་ཐུབ་ཅིང་། ནང་བསྟན་གྱི་འདྲ་མཉམ་དང་གཟོད་སྒོམ། བྱམས་སྙིང་རྗེ། གཞན་ཕན་དོན་གཉེར་གྱི་དགོངས་པ་བླ་ན་མེད་པ་དར་སྤེལ་དང་།  མིའི་རིགས་ཀྱི་སྤྱི་མཐུན་གྱི་ལས་དབང་འདུས་གྲུབ་ཡོང་བར་སྐུལ་འདེད་ཐུབ་པ་ཡིན་ཟེར། 
            ཀྲུང་ཧྭའི་ནང་བསྟན་རིག་གནས་ལག་བསྟར་ཀྲུའུ་ཞི་སྐུ་ཞབས་ཀྲང་ཀའོ་ལིང་གིས། རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་ནང་བསྟན་གསུམ་དབར་གྱི་གླེང་མོལ་མཐོ་རིམ་གླེང་སྟེགས་དེ་ཡར་སྔོན་དུའང་སྐབས་མང་པོར་འཚོགས་མྱོང་ཡོད་པ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།   བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ལྗོངས་ཀྱི་སློབ་ཆེན་དང་པོ་ཡིན་པའི་ངོས་ནས་རྒྱལ་ཁབ་ལ་མི་སྣ་འཇོན་ཐང་ཅན་འབོར་ཆེན་གསོ་སྐྱོང་བྱས་ཡོད། རྐྱེན་དེ་དབང་གིས་སློབ་གྲྭ་འདི་ནས་ཐེངས་འདིའི་གླེང་སྟེགས་སྤེལ་བ་ལ་དོན་སྙིང་གལ་ཆེན་ལྡན་བསམ་བྱུང་ཟེར།  ཡང་ཁོང་གིས། ནང་ཆོས་ཀྱི་མཐོ་རིམ་གླེང་སྟེགས་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྟོན་དུ་བཟུང་ནས་ནང་བསྟན་འཕེལ་རྒྱས་ཀྱི་གནད་དོན་དང་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གནད་དོན་ཐད་ལ་དཔྱད་བསྡུར་བྱེད་དགོས་པ་དང་།  རིག་གཞུང་ལས་རིགས་ཐད་ནས་གསར་གཏོད་ཀྱི་རྒྱུན་མ་ལྷོད་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་བསམ་སྤྱོད་ཟུང་ལྡན་གྱི་འཇོན་མི་སྐྱེད་སྲིང་བྱེད་དགོས།  སངས་རྒྱས་ཆོས་ལུགས་ཀྱི་སྙིང་བོར་གོ་བ་ཟབ་མོ་བླངས་ནས་རྒྱལ་ཁབ་ཀྱི་འཕེལ་ཕྱོགས་ལ་སྟངས་འཛིན་དང་། མི་དམངས་མང་ཚོགས་ཀྱི་དད་མོས་དགོས་མཁོ་ལ་སྟངས་འཛིན་བྱས་ནས་རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་གསུམ་གྱི་སངས་རྒྱས་ཆོས་ལུགས་པའི་དབར་དུ་གླེང་མོལ་སྤེལ་རེས་སྤེལ་དགོས་པའི་བསམ་ཕྱོགས་བཏོན་པ་རེད། 
            ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཆིང་དབྱིང་གིས།  ད་ཐེངས་ཀྱི་གླེང་སྟེགས་འདིའི་བརྗོད་བྱ་གཙོ་བོ་ནི་ཆོས་འཆད་ཉན་བྱེད་སྟངས་རེད། རྒྱ་བརྒྱུད་ནང་བསྟན་ལ་མཚོན་ན་ཆོས་འཆད་ཉན་བྱེད་ཚུལ་སྐོར་ལ་ཞིབ་འཇུག་ཅུང་མང་པོ་ཡོད་ཀྱང་།  བོད་བརྒྱུད་ནང་བསྟན་ལ་བལྟས་འཇོག་གིས་དེ་འདྲའི་མང་པོ་མེད།  བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པའི་རྣམ་ཐར་གྱི་ནང་དུ་དམ་པ་རང་རང་གི་ཐོས་བསམ་མཉམ་ལེན་གྱི་ཆ་ཇི་བཞིན་དུ་བཀོད་ཡོད་པ་མདོར་བསྡུས་ཏེ་བཤད་ན། བསླབ་པར་བྱ་བ་ནི་འདུལ་བ་མཉམ་བཞག་གི་ཡེ་ཤེས་རྒྱུད་ལ་སྐྱེས་རྒྱུ་དེ་ཡིན་པ་དང་། དེ་རྒྱུ་ལ་སྐྱེས་པའི་ཐབས་ཤེས་སུ་ཐོས་བསམ་སྒོམ་གསུམ་ལ་བསྟེན་པ་ཡིན་ལ། འཆད་པ་དང་། རྩོད་པ། རྩོམ་པ། བཀུར་བསྟི། དགེ་སྦྱོར། མཁས་པ་ནི་བླང་བར་བྱ་བའི་སྙིང་བོ་རེད།  ཕྱིས་སུ་བོད་བརྒྱུད་ནང་བསྟན་དགོན་པའི་སློབ་གསོ་གོང་འཕེལ་བྱུང་རྗེས། འཆད་ཉན་གྱི་ཆ་ལ་གཅིག་གྱུར་གྱི་མ་ལག་སྟེ་འཆད་ཉན་བྱེད་སའི་སློབ་གྲྭ་དང་འཆད་བྱའི་ནང་དོན། ཉན་ཐོས་ཀྱི་སྒྲིག་སྲོལ། ཡོན་གནས་ཀྱི་ལམ་ལུགས་སོགས་ཆགས་པ་ཡིན།  ད་ཐེངས་ཀྱི་གླེང་སྟེགས་ནི་ནང་བསྟན་གྱི་བརྒྱུད་ཁོངས་གསུམ་པོའི་འཆད་ཉན་གྱི་ནང་དོན་དང་། བྱེད་ཐབས་གཞིར་བཟུང་ནས་གླེང་མོལ་དང་སྤེལ་རེས་བྱེད་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་བསམ་བྱུང་ཟེར། 
            གླེང་སྟེགས་ཐོག  མཚོ་འགྲམ་ངོགས་གཉིས་ཀྱི་ས་ཁུལ་གསུམ་གྱི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་བཅུ་ལྷག་ནས་ཡོང་བའི་ཆེད་མཁས་པས་བོད་བརྒྱུད། རྒྱ་བརྒྱུད། ལྷོ་བརྒྱུད་ནང་བསྟན་གསུམ་གྱི་རིག་གནས་སྤེལ་རེས་དང་། དགོན་སྡེ་སློབ་གསོ། འཆད་ཉན་བྱེད་སྟངས་བཅས་གསུམ་སྙིང་བོར་བཟུང་སྟེ་ཕན་ཚུན་བར་གླེང་མོལ་དཔྱད་བསྡུར་ཟབ་མོ་བྱས། 

པར་ནི་གླེང་སྟེགས་སུ་དཔྱད་བསྡུར་བྱེད་པའི་ཚུལ་ཡིན། 

དགེ་རྒན་ཆེན་མོ་ཀྲོའུ་རུན་ཉན་གྱིས་གཏམ་བཤད་པ། 

སྐུ་ཞབས་སྐལ་བཟང་རྒྱལ་ལགས་ཀྱིས་གཏམ་བཤད་པ། 

དགེ་རྒན་ཆེན་མོ་བསོད་ནམས་ཚེ་རིང་ལགས་ཀྱིས་གཏམ་བཤད་པ། 

དགེ་རྒན་ཆེན་མོ་ཁྲེན་ཅན་ཧུང་ལགས་ཀྱིས་གཏམ་བཤད་པ། 

དགེ་རྒན་ཆེན་མོ་ཧུང་ཀོང་ཡུན་ལགས་ཀྱིས་གཙོ་སྐྱོང་དང་། དགེ་རྒན་ཆེན་མོ་ཧུང་ཀའོ་ཆིང་ལགས་ཀྱིས་དཔྱད་བརྗོད་གནང་བཞིན་པའི་ཚུལ།  
            ཆེད་མཁས་པ་ཉི་ཤུ་ལྷག་གིས་དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་ནང་ཆོས་རང་སྟེང་གི་བཅོས་སྒྱུར་དགོས་མཁོ་ལ་སྦྱར་ཏེ་ལྟ་ཚུལ་བརྗོད་ཅིང་བགྲོ་གླེང་གཏིང་ཟབ་བྱས་པ་མ་ཟད།  རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་ནང་བསྟན་གསུམ་གྱི་ཆ་ལ་མུ་མཐུད་ནས་སྤེལ་རེས་དང་རིག་གཞུང་ཞིབ་འཇུག་བགྱི་བར་མོས་མཐུན་བྱུང་། 
            མཛད་སྒོའི་མཇུག་སྒྲིལ་རྗེས། ཚོགས་ཞུགས་ཀྱི་སྐུ་མགྲོན་རྣམས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་གི་བོད་རིག་པའི་ཡིག་ཚགས་ལྟེ་གནས་ལ་གཟིགས་ཞིབ་བྱས།  གླེང་སྟེགས་ཡོངས་བདེ་བླག་ངང་མཇུག་རྫོགས། 
དགེ་རྒན་ཆེན་མོ་ཀྲོའུ་རུན་ཉན་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་པའི་ཚུལ། 

ཆེད་མཁས་ཚོས་དྲན་རྟེན་འདྲ་པར་བསྐྱོན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1