༄༅།།ཁམས་བྲག་མགོ་རྫོང་རྡོའི་རོ་སྒམ་རིག་གནས་ལ་ཅུང་ཙམ་དཔྱད་པ།

བྱང་ཆུབ་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 05-07


བྱང་ཆུབ་སྒྲོལ་མ།        
      1982ལོར་པེ་ཅིན་གནའ་རྫས་རྟོག་ཞིབ་མཁས་པས་བྲག་མགོ་རྫོང་མཁའ་གཉའ་ཤང་རྫིག་ར་བྱ་འཁོར་བྲག་དུང་དུ་ལོ་ངོ་ཁྲི་ལྔ་སྔོན་གྱི་གནའ་བོའི་མིའི་རིགས་ཀྱི་མགོ་རུས་རྙེད།(ད་ལྟ་རྒྱལ་ཁབ་ཀྱིས་ཉར་ཚགས་བྱས་ཡོད།) 1983ལོའི་ཟླ7པའི་ནང་། ཀྲུང་གོའི་མདོ་དབུས་མཐོ་སྒང་ཚན་རིག་ཞིབ་དཔྱད་ཚོ་ཆུང་གིས་བྲག་མགོ་རྫོང་ནང་ཁུལ་གྱི་མཁར་གཉའ་ཤང་གི་རྫིག་ར་བྱ་འཁོར་ཀྱི་བྲག་དུང་ཞིག་ཏུ་ལོ་ངོ་ཁྲི་ལྔ་སྔོན་གྱི་མིའི་རིགས་ཀྱི་མགོ་རུས་འགྱུར་རྡོ་དང་ཆ་ཚང་བའི་ཁུང་ལུང་གི་འགྱུར་རྡོ་རྙེད་བྱུང་བས། གནའ་རྫས་རྟོག་ཞིབ་ཁག་ཏུ་ཙི་ཡང་མི་དང་ཁྲོན་ནུབ་མི།བྲག་མགོ་མི་བཅས་སི་ཁྲོན་གནའ་མི་རིགས་གསུམ་དུ་རྩིས་གྱིན་ཡོད། བྲག་མགོ་རྫོང་དམངས་སྲིད་ཅུས་ཀྱི་ལས་བྱེད་འཕྲིན་ལས་ལགས་ཀྱིས་བཤད་རྒྱུར།སྐབས་དེར་མཁར་གཉའ་ནགས་ཚུགས་སུ་ཞོར་ལས་བྱེད་གྱིན་ཡོད་པས། ཀྲུང་གོའི་མདོ་དབུས་མཐོ་སྒང་ཚན་རིག་ཞིབ་དཔྱད་ཚོ་ཆུང་གི་མི་སྣས་ཁོང་དང་ལས་གྲོགས་མང་པོ་གླ་ནས་རྐོ་འདོན་བྱས་རོགས་བྱས། ཁོང་རང་གིས་བཤད་རྒྱུར་བྲག་དུང་ནང་ཆེས་གྲང་བ། དུང་ནང་དུ་འཁྱགས་པའི་ཀ་བ་ཆེན་པོ་ཞིག་ཡོད། གུང་ལུང་གི་འགྱུར་རྡོ་ཚུལ་ལངས་སྡོད་པ་ཞིག་དང་མགོ་མཁར་གཉའ་ཤང་དུ་འཁོར་ཡོད་ལ་མཇུག་བྲག་མགོ་རྫོང་ཕྱོགས་སུ་འཁོར་ཡོད། རིང་ཚད་སྨི་གསུམ་བཞི་ཙམ་ཡོད།རྗེས་མར་ཀྲུང་གོའི་མདོ་དབུས་མཐོ་སྒང་ཚན་རིག་ཞིབ་དཔྱད་ཚོ་ཆུང་གི་མི་སྣས་མུ་མཐུད་ནས་ཞིབ་དཔྱད་བྱ་བསམ་ཡང་། བྲག་དུང་དུ་སྨི10ཙམ་སོང་རྗེས་གློག་སྒྲོན་ཚང་མ་རྒྱུན་ལྡན་དུ་སྤྱོད་མི་ཐུབ་ལ་གློག་སྙིགས་གསར་པ་ཡིན་རུང་སྤྱོད་མི་ཐུབ་པས་དེའི་དུས་ཀྱི་ཆ་རྐྱེན་ལ་རྟེན་ན་ལས་ཀ་མཚམས་མི་འཇོག་ཁ་མེད་བྱུང་།ཀྲུང་གོའི་མདོ་དབུས་མཐོ་སྒང་ཚན་རིག་ཞིབ་དཔྱད་ཚོ་ཆུང་གིས་འགྱུར་རྡོ་དེ་ལྕགས་སྒམ་ཅིག་ཏུ་བཅུག་ནས་ཁྱེར་སོང་།དེས་ན་ལོ་ངོ་ཁྲི་ལྔ་སྔོན་དུ་མིའི་རིགས་ཀྱིས་བྲག་མགོ་ས་ཆ་འདི་ན་འགུལ་སྤྱོད་བྱེད་བཞིན་ཡོད་པར་ངེས།དེ་ལས་གཤིས་ཆུ་ཆུ་རྒྱུད་ལས་ཐོན་པའི་རྡོ་ཡི་རོ་སྒམ་ལས་ལོ་ངོ་སྟོང་ཕྲག་དུ་མ་སྔོན་གྱི་བྲག་མགོ་ས་ཆ་ཡི་འཕེལ་རྒྱས་མངོན་ཡོད། མ་མཐའ་ཡང་བྲག་མགོ་ཡི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་དང་ཁམས་ཀྱི་ལོ་རྒྱུས་ལ་དཔྱད་གཞི་གསར་པ་ཞིག་འདོན་བྱུང་། ལོ་རྒྱུས་ནས་ད་བར་དུ་བྲག་མགོ་ས་ཁུལ་ནི་མི་རིགས་འགྲོ་འོང་དང་འདུས་སྡོད་ཤིན་ཏུ་མང་བའི་ལམ་བརྒྱུད་མི་རིགས(走廊民族)ཤིག་རེད། ད་ལྟ་འདི་རུ་འཚོ་བའི་མི་དམངས་རྣམས་ཀྱིས་བཤད་པའི་སྐད་ཀྱང་མི་འདྲ་སྟེ། གཅིག  ཟླ་ཆུའི་ཆུ་རྒྱུད་ཀྱི་ཏྲེ་ཧོར་ལ་སོགས་ཀྱི་སྐད་དཀར་མཛེས་དང་སྡེ་དགེ་བ་ཡི་སྐད་དང་ཅུང་འདྲ་བ།ཕལ་ཆེ་ཞིང་པ་ཡིན། གཉིས། ཉི་ཆུའི་ཆུ་རྒྱུད་ཀྱི་ཉི་པ། མཁར་གཉའ་ལ་སོགས་ཀྱི་སྐད་ཆ་གསེར་རྟ་ཡི་རོང་ཁུལ་གསེར་པ་སོགས་ཀྱི་སྐད་དང་ཅུང་འདྲ།ཕལ་ཆེ་ཞིང་པ་ཡིན། གསུམ། གཤིས་ཆུ་འགོ་མར་བྲག་མགོ་དང་ཐག་ཉེ་བའི་གྲོང་སྡེ་ཡི་སྐད་གོང་གི་གཉིས་དང་དབྱེ་བ་ཅུང་ཟད་ཡོད་པ། གཙོ་བོ་ཞིང་པ་ཡིན། བཞི། གཙང་དང་ལི་ཁོག་མའི་སྐད་ནི་འབྲོག་སྐད་ཡིན་ལ་སྤྱིར་བཏང་འབྲོག་པའི་ས་ཁུལ་སྐད་དང་ཕལ་ཆེ་གཅིག་མཚུངས་ཡིན། ཕལ་ཆེ་བ་འབྲོག་པ་ཡིན།ལྔ།བྲག་མགོ་ནང་ཁོངས་ཀྱི་གཤིས་ཆུ་སྨད་རྒྱུད་ཀྱི་སྐད་ནི་ད་ལྟའི་མཁས་པ་རྣམས་ཀྱིས་ཟེར་བའི་མི་ཉག་སྐད尔龚语ཡིན། ས་གནས་དེ་ཡི་མི་འགས་དེ་ལ་མི་ཉག་སྐད་ཟེར་བ་དང་། འགས་དེ་ལ་མ་སྐད་དང་ང་ཚོས་ད་ལྟ་བརྗོད་བཞིན་པའི་སྐད་དེ་བོད་སྐད་ལ་བུ་སྐད་ཟེར་བ།སྐད་འདི་རྟའུ་སྐད་དང་ཕལ་ཆེར་གཅིག་མཚུངས་ཡིན། ཐ་སྙད་མང་པོ་རྒྱལ་རོང་སོགས་ས་ཆ་མང་པོའི་སྐད་དང་གཅིག་མཚུངས་ཡིན།
      ལོ་རབས80ནས་ད་བར་དུ། རྒྱལ་ཕྱི་ནང་གི་མཁས་པ་མང་པོས་ཁམས་བྲག་མགོའི་རྡོ་སྒམ་རིག་གནས་ལ་ཞིབ་འཇུག་བརྟག་དཔྱད་བྱས་ཡོད་ཀྱང་། ཕལ་ཆེ་བའི་མཁས་པ་ནི་ས་ཁུལ་དང་མི་རིགས་བརྒལ་བའི་ཞིབ་འཇུག་པ་ཡིན་པས། སྤྱིར་བྲག་མགོ་ཡི་ས་ཕྱོགས་སོ་སོ་ནས་ཐོན་པའི་རྡོ་ཡི་རོ་སྒམ་དང་ནང་གི་ཅ་དངོས་ལ་རྒྱུ་སྤུས་སོགས་ཀྱི་ཕྱོགས་ནས་ལོ་ངོ་ཁ་གྲངས་རགས་ཙམ་ཏུ་གཏན་ཁེལ་བྱེད་པ་ལས།མི་རིགས་འདུས་སྡོད་རིག་གནས་དང་བོད་ཀྱི་ལོ་རྒྱུས་རིག་གནས་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་ཕལ་ཆེ་སྟོང་ཆ་ཡིན། རྒྱུ་མཚན་ནི་མཁས་པ་འདི་ཚོས་ཕལ་ཆེ་བར་རང་གི་མི་རིགས་ཀྱི་འཕེལ་རྒྱས་ཡང་ན་གནའ་བོའི་ཡ་རབས་རྒྱལ་ཁབ་ཀྱི་འཕེལ་འགྲིབ་ལ་གཞི་ནས་བརྟག་དཔྱད་གཏོང་ཐུབ་པ་ཉུང་། གཅིག ད་བར་དུ་བྲག་མགོའི་རྡོ་ཡི་རོ་སྒམ་ལ་ཞིབ་འཇུག་བྱེད་མཁན་མང་ཆེ་བ་བོད་སྐད་ཡིག་མི་ཤེས་ལ་བོད་ཀྱི་ལོ་རྒྱུས་ལ་ཡང་རྒྱུས་མི་ཆེ་བའི་ཞིབ་འཇུག་པ་ཤ་སྟག་ཡིན་པ། གཉིས། རང་རྒྱལ་གྱི་གཙོ་བོའི་འཁོར་ཕྱོགས(主流)རྒྱའི་རིག་གནས་ཡིན་པས། མཁས་པ་མང་པོས་རྒྱ་ཡི་ལོ་རྒྱུས་ལ་གཞིར་བཟུང་སྒོ་ནས་བྲག་མགོའི་རྡོ་ཡི་རོ་སྒམ་རིག་གནས་ལ་བརྟག་དཔྱད་བྱས་པས་བསམ་བློའི་ཕྱོགས་ཀྱི་བཀག་སྡོམ་ཅུང་ཙམ་ཡོད་པ།  གསུམ། བོད་ཀྱི་མཁས་པ་མང་པོ་ཞིག་གདན་འདྲེན་ཞུ་མ་ཐུབ་ལ་དེ་ལས་གཙོ་བོ་ཞིག་ནི་བོད་ཀྱི་མཁས་པ་ནང་དུ་གནའ་རྫས་རྟོག་ཞིབ་ཀྱི་རིག་ཚན་མཁས་པ་ཉུང་བ། དེས་ན་བྲག་མགོའི་རྡོ་སྒམ་རིག་གནས་ཀྱི་ཞིབ་འཇུག་བྱ་བ་འདི་ད་བར་དུ་འགོ་བརྩམས་ཡོད་པ་ཙམ་ཡིན།
       ཆ་ཚང་མིན་པའི་རྩིས་གྲངས་ཤིག་རྒྱག་ན། བྲག་མགོ་རྫོང་ནང་ཁོངས་གཤིས་ཆུ་ཆུ་རྒྱུད་ཀྱི་ས་གཤོང་ན་རྡོ་ཡི་དུར་སྒམ་ལྔ་བཅུ་ལྷག་ལས་ཡོད་པའི་དུར་ཁྲོད་ཁག13ཙམ་ཡོད་ལ།   དཔྱད་ཞིབ་ལྟར་ན་འདི་རྣམས་ནི་ལོ་ངོ3000ལྷག་གི་སྔོན(商周•汉代)གྱི་ལོ་ངོ་སྟོང་རིང་གི་གནའ་བོའི་ཧོར་པ་མི་ཡི་དུར་ཁྲོད་ཡིན། གཤམ་ནས་བྲག་མགོའི་རྡོ་ཡི་རོ་སྒམ་གྱི་གནས་ཚུལ་རགས་བརྗོད་ཙམ་སྟེ།
      ༡ མཁར་གསུམ་རྡོའི་རོ་སྒམ་གྱི་དུར་ཁྲོད།
མཁར་གསུམ་ས་ཁུལ་ནི་བྲག་འགོའི་ལྷོ་ནུབ་ཕྱོགས་སུ་གནས་ལ། དཀར་མཛེས་རྫོང་དང་ཐག་ཉེ་ལ་བྲག་མགོ་རྫོང་ནས་སྤྱི་ལེ59ཡོད་པ་སྟེ་ཁྲོན་བོད་གཞུང་ལམ་འགྲིམ་གྱི་མཁར་གསུམ་མཚོའི་ཉེ་འགྲམ་ན་གནས། མཚོ་འཕགས་སྨི3500ཙམ་ཡིན། 1984ལོའི་ཟླ4པར་བྲག་མགོ་མཚོ་འགོ་གློག་ཚིགས་འཛུགས་སྐབས་ཆུ་ལམ་རྐོ་དུས་རྡོ་ཡི་རོ་སྒམ་རྙེད། ཞིང་ཆེན་དང་ཁུལ་གྱི་རིག་དངོས་སྡེ་ཁག་གིས་དུས་ཐོག་དུ་སྲུང་སྐྱོང་བྱས་ཀྱང་། དེ་སྐབས་ཀྱི་རིག་གནས་འདི་ཡི་གཏེར་མཇོག་དང་རྟོགས་ཚད་དམའ་ལ་ཆ་རྐྱེན་ཞན་པ་ལ་སོགས་པའི་རྐྱེན་གང་མང་ཞིག་གིས། དེར་ཐོན་དངོས་རྫས་མང་ཆེ་བ་དམངས་ཁྲོད་དམ་གཏེར་རྐུན་མི་སྣ་ཡི་རུམ་དུ་སོང་ཡོད་ལ། སྲིད་གཞུང་གིས་ལག་ཏུ་ལོན་པའི་དངོས་རྫས་དག་ཀྱང་ས་གནས་གཅིག་མིན་ལ་རིམ་པ་སོ་སོ་ཡི་དངོས་རྫས་བཤམས་སྟོན་ཁང་དུ་ཡོད་པ། རྡོ་ཡི་རོ་སྒམ་རྙེད་ཀྱང་བྲག་མགོ་རྫོང་གིས་མཚོ་འགོ་གློག་གྲྭ་འཛུགས་རྒྱུ་སོགས་ཀྱི་ལས་ཀ་མཚམས་འཇོག་མ་བྱས་ལ་དངོས་རྫས་གསོགས་འཇོག་ཙམ་ལས་བྱས་མ་ཐུབ་ལ་རྡོ་ཡི་རོ་སྒམ་མ་གཞི་ལྟར་སླར་གསོ་དེ་ལས་བྱས་མ་ནུས། འདིས་ད་ལྟའི་ཞིབ་འཇུག་བྱ་བ་ལ་ཕྱོགས་གང་མང་ནས་བཀག་རྐྱེན་ཆེན་པོ་ཐེབས་ཡོད།
      1984ལོར་མཁར་གསུམ་གློག་གྲྭའི་ཆུ་རྐའི་འགྲམ་ནས་རྐོ་ཐོན་བྱུང་བའི་རྡོ་ཡི་རོ་སྒམ་ནི275ཡིན། རོ་སྒམ་ས་འོག་ནས་སྨི1.2ནས1.8བར་གནས་ཡོད། སྤྱིར་རོ་སྒམ་འདི་དག་སྒྲིག་ཚུལ་གྲ་འགྲིག་པ། རོ་སྒམ་སོ་སོ་འཕྲེད་ཞེང་གི་བར་ཚད་ཅུང་ཆུང་བ། རོ་སྒམ་དུ་སྤྱོད་པའི་རྡོ་ཚང་མ་ནག་སྐྱ་ཡིན་ཡང་རྡོ་ལེབ་འདི་དག་གི་ཆེ་ཆུང་དང་མཐུག་ཚད་མི་འདྲ་བ། རོ་སྒམ་གྱི་ཚུལ་ཡང་མི་འདྲ་བ་སྟེ་ཆ་ཚང་རྡོ་སྒམ་དང་། ཕྱེད་ཚང་རྡོ་སྒམ། རྡོ་སྒམ་མ་ཡིན་པ་གསུམ། ཆ་ཚང་རྡོ་སྒམ་ནི་འགྲམ་གཉིས་དང་མགོ་རྐང་གཉིས། ཁེབས་ལེབ་བཅས་རྡོ་ལེབ་ཡིན་པ། ཆེས་རིང་བ་ཞིག་ཏེ་སྨི༢ཙམ་ཡོད་པ། རྡོ་ལེབ་མཐུད་མཚམས་ས་འདུམ་བྱུག་ཡོད་ལ་མི་ཡིས་ལག་རྗེས་སོགས་དོད་ཡོད། རོ་སྒམ་ནང་གི་མི་རུས་ཅུང་ཆ་ཚང་ཡིན་པ། ཕྱེད་ཚང་རྡོ་སྒམ་ནི་མགོ་རྐང་གཉིས་དང་ཁེབས་ལེབ་གསུམ་པོ་རྡོ་ལེབ་ཡིན་ལ་འགྲམ་གཉིས་རྡེའུ་དང་འདུམ་ལས་རྩིག་པ། རྡོ་སྒམ་མ་ཡིན་པ་ནི་ས་དུང་དུ་རོ་བཅུག་ཡོད་པ། ནར་སོན་པའི་མིའི་རོ་སྒམ་ཕལ་ཆེ་རིང་ཚད་སྨི1.5ནས1.9བར་ཡིན་ལ་ཞེང་མི་འདྲ་བ། མཐོ་ཚད་སྨི0.6དང0.9ཡིན། རྐོ་འདོན་བྱུང་བའི་རོ་སྒམ275ལ་གཞིགས་ན། དེ་ལས་མ་ཚང་རྡོ་སྒམ219ཡོད། ཕྱེད་ཚང་རོ་སྒམ44ཡོད། ས་དུང་རོ་སྒམ12ཡོད། དེ་ལས་བྱིས་པའི་རོ་སྒམ19ཡོད།
      མཁར་གསུམ་རྡོའི་རོ་སྒམ275ལས148ལ་དུར་རྫས་ཡོད་པ། དུར་རྫས་གྲངས་ཀ་དང་རིགས་སྣ་ཅུང་ཉུང་བ། ཟངས་རྫས246དང་རུས་ཆས54ཐོན་ཡོད་ལ། རྒྱན་སྤྲས་ཀྱི་གཡུ། བྱུ་རུ། མགྲོན་བུ། རྡོ་ཆས(软玉和硬玉)སོགས་ཡོད། བརྟག་ཞིབ་ལྟར་ན། འདི་མ་མཐའ་ཡང་ལོ་ངོ2500སྔོན་གྱི་རོ་སྒམ་ཡིན།
      ༢ བྲག་མགོ་རྫོང་ཐོག་རྡོ་ཡི་རི་སྒམ་གྱི་དུར་ཁྲོད། 
      དུར་ཁྲོད་འདི་ཁྱབ་རྒྱ་ཅུང་ཆེ་བ་སྟེ། ཤར་ནུབ་ཞེང་སྨི200དང་ལྷོ་བྱང་རིང་ཚད་སྨི1000ཙམ་ཡོད། 1952ལོར་བྲག་མགོ་རླངས་འཁོར་ས་ཚིགས་འཛུགས་དུས་རྡོ་ཡི་རོ་སྒམ་བརྒྱ་ལྷག་རྙེད། ཟངས་ལྕགས་སོགས་ཀྱི་རྫས་དངོས་མ་རྙེད་ལ་རྡོ་ཆས་ཡོད་མེད་མི་གསལ། 1980ལོར་བྲག་མགོ་རྒྱང་བསྒྲགས་ཅུས་སོགས་འཛུགས་དུས་རྫ་ཆས་ནག་པོ་རྙེད་ཀྱང་ད་ལྟ་བརླག་ནས་མི་རྙེད། 2000ལོར་དམངས་འཐུས་དང་སྲིད་གྲོས་ཁང་པ་འཛུགས་དུས་རྡོའི་རོ་སྒམ14རྙེད་པ། བརྩེགས་པའི་རོ་སྒམ(叠葬)ཡོད་ལ་ཐོག་སྒམ་མེད་ལ་འོག་རྡོ་སྒམ་ཡིན། དེའི་ནང་རོ་མེད་རྡོ་སྒམ་ཡང་ཡོད། སྤྱིར་རོ་མེད་རོ་སྒམ༣དང་སྒམ་མེད་རོ་འཇོག་བ4། ཆ་ཚང་རོ་སྒམ7ཡོད། རོ་སྒམ་འདི་དག་ལས་ལྕགས་རིགས་དངོས་རྫས་གཅིག་ཀྱང་མེད་ལ་ཚང་མ་རྡོ་ཆས་ཡིན། འདི་བརྟག་དཔྱད་ལྟར་ན(西周)སྐབས་ནས་བརྒྱུད་པའི་རྡོ་སྒམ་ཡིན།
      ༣ བྲག་མགོ་རྫོང་ནུབ་ཕྱོགས་ཀྱི་རྡོའི་རོ་སྒམ་གྱི་དུར་ཁྲོད།
     འདི་ནི་བྲག་མགོ་རྫོང་དུ་ཞིང་པའི་ཁང་པ་ལས་དུས་སྔ་ཞུགས་ཐར་ཐོར་ཏུ་རྙེད་པ་ཡིན་ལ་ད་བར་དུ་རྒྱ་ཁྱོན་ཚོད་དཔག་བྱས་ཐུབ་མེད། ས་གནས་འདི་བྲག་མགོ་རྫོང་ཐོག་གི་ནུབ་ཕྱོགས་ཀྱི་རི་གཤོང་དེའོ།།དུར་སྒམ་འདི་དག་ལས་དུང་། ཟངས་ཆས། རྫ་ཆས། ལྷ་སྐུ་སོགས་རྙེད་བྱུང་། བརྟག་དཔྱད་ལྟར་ན་འདི་དཀར་མཛེས་དང་ཉག་རོང་སོགས་ནས་ཐོན་པའི་དུར་སྒམ་དང་ཆ་འདྲ་བ་ལ་མ་མཐའ་ཡང(秦汉)དུས་རབས་ཀྱི་ཡིན། ཆེས་ཕྱི་མ་ཡང་ཧན་(西汉)དུས་རབས་ལས་སྔ་བ། དུར་སྒམ་ལས་ཐོན་པའི་རྣ་གཉིས་ཅན་གྱི་རྫ་སྐྱ་དང་རྔ་བ་ས་ཁུལ་གྱི་རྡོ་ཡི་དུར་སྒམ་ལས་ཐོན་པའི་ལུག་རའི་རི་མོ་ཅན་གྱི་རྣ་གཉིས་རྫ་སྐྱ་དང་གཅིག་མཚུངས་ཡིན་པས།དུར་སྒམ་འདི་ཡི་མེས་པོ་དང་རྔ་བའི་རྡོ་ཡི་དུར་སྒམ་གྱི་མེས་བོ་བར་འབྲེལ་བ་ཆེན་པོ་ཡོད་པར་མངོན།
      བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད།   
      བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད་ནི་བྲག་མགོ་རྫོང་ནས་ཤར་དུ་སྤྱི་ལེ12ཀྱི་བ་བཏགས་གྲོང་ཚོ་ན་ཆགས་ཡོད། ཁྲོན་བོད་གཞུང་ལམ་དང་སྤྱི་ལེ་གཅིག་ཙམ་ཡོད། རྡོ་ཡི་རོ་སྒམ་འདི་དག་ནི་རིང་ཚད་སྨི500ཙམ་དང་མཐོ་ཚད་སྨི10ཙམ་གྱི་བྲག་རི་དྲང་མོ་ཞིག་ན་གནས། རོ་སྒམ་གྲངས་ཀ་བརྒྱ་ལས་ལྷག་ཡིན། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་གཏོར་བརླག་སོང་། ད་ལྟ་རོ་སྒམ་ཐར་ཐོར་འགའ་ལ་གཞིགས་ན། རོ་འཇོག་དུས་ཐོག་མ་ས་ངོས་ནས་མཐོ་ཚད2དང3ཙམ་ཡིན་པའི་ས་བྲག་ཏུ་དུང་དྲང་མོ་ཞིག་བརྐོས་རྗེས། རྡོ་ལེབ་བརྩིགས་ཏེ་རོ་དེ་རུ་བཅུག་ནས་རྡོ་ལེབ་ཀྱིས་ཁ་བརྒྱབ་རྗེས་ས་སོགས་ཀྱིས་སྟོང་པ་དེ་ཁ་བཀབ། བ་བཏགས་རྡོ་ཡི་རོ་སྒམ་གྱི་དུར་ཁྲོད་ནས་ཅ་དངོས་ཅི་ཡང་མ་ཐོན་པས་ལོ་རབས་དུ་ཡིན་སོགས་དཔྱད་མི་ཐུབ།ས་གནས་དེ་ཡི་མི་རྣམས་ཀྱིས་སོག་པོའི་དུར་སྒམ་ཡིན་ཟེར། བྲག་མགོ་ཡི་རྡོ་ཡི་རོ་སྒམ་རིག་གནས་ཞིབ་འཇུག་ལས་ཀ་འདི་ཡིས་ལོ་རྒྱུས་རིག་པ་ཕྱོགས་ནས་བྲག་མགོ་ས་ཆ་འདི་ཡིས་ལོ་རྒྱུས་རིག་པ་ཕྱོགས་ནས་བྲག་མགོ་ས་ཆ་འདི་ཡི་མེས་པོ་སུ་ཡིན་སྐོར་གྱི་སྟོང་ཆ་ཞིག་བསྐང་ཐུབ་པར་མ་ཟད། བོད་ཀྱི་ལོ་རྒྱུས་ནང་གི་སྟོང་ཆ་ཞིག་ཀྱང་བསྐང་ཐུབ། དེ་ལས་ད་བར་དུ་སྙོག་དྲ་ཅུང་ཆེ་བའི་འཇང་རིགས། ཆའང་རིགས། སོག་པོ་ལ་སོགས་ཡི་མི་རིགས་མང་པོ་ཞིག་དང་བོད་རིགས་བར་གྱི་འབྲེལ་བ་སོགས་ཇེ་གསལ་དུ་གཏོང་བ་ལ་རྒྱུ་ཆ་གསར་པ་སྐྲུན་ཐུབ། ད་ལྟའི་ཁམས་ཕྱོགས་དང་མཐུད་མཚམས་ཀྱི་གཡག་རྔ། ཁྲེང་ཏུའུ་ལ་སོགས་ཀྱི་རྒྱ་ཁུལ་ན་གཏན་སྡོད་བྱེད་པའི་མི་རིགས་འདི་བོད་རིགས་ཀྱི་རྒྱུད་པ་ཡིན་མིན་གྱི་དཔྱད་གཞི་གསར་པ་ཞིག་ཀྱང་འདོན་བྱུང་། སྟོན་པ་གཤེན་རབས་དང་གདོད་མའི་བོན་ཆོས་ཀྱི་ལོ་རྒྱུས་སྐོར་ལ་དཔྱད་གཞི་རྒྱུ་ཆ་གསར་པ་འདོན་བྱུང་། ཞང་ཞུང་། མི་ཉག་སོགས་ཀྱི་ལོ་རྒྱུས་དང་སྲོང་བཙན་སྔོན་གྱི་བོད་ཡིག་ཞིབ་འཇུག་ལ་རྒྱུ་ཆ་གསར་པ་འདོན་ཡོད།
      སི་ཁྲོན་དཀར་མཛེས་ཁུལ་བྲག་མགོ་རྫོང་ཉི་པ་ཤང་ནས་རྡོའི་པུར་སྒམ་ཞིག་རྙེད་པ།
      སྤྱི་ལོ2013ལོའི་ཟླ4ཚེས17ཉིན་སི་ཁྲོན་བྲག་མགོ་རྫོང་རྒྱལ་ལམ317གྱི་ཨར་ལས་རུ་ཁག་གིས་ཉི་པ་ཤང་དུ་ཨར་ལས་བྱེད་སྐབས་ཉི་པ་ཤང་བྲོ་པ་གྲོང་ཚོའི་ཉེ་འགྲམ་དུ་རྡོའི་པུར་སྒམ་ཞིག་རྙེད་པ་རེད།
      ཟླ4ཚེས17ཉིན་བྲག་མགོ་རྫོང་རིག་གནས་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལུས་རྩལ་ཅུས་ལ་ཉི་པ་ཤང་སྲིད་གཞུང་གི་སྙན་ཞུ་འབྱོར་རྗེས་དེ་མ་ཉིད་དུ་མི་སྣ་སྒྲིག་འཛུགས་བྱས་ནས་ཉི་པ་ཤང་བྲོ་པ་གྲོང་ཚོར་བསྐྱོད་དེ་ལས་ཡུལ་དངོས་ལ་རྩད་ཞིབ་ཐིག་ལེན་བྱེད་སྐབས་ཨར་ལས་ནང་གཏོར་ཤིག་ཕོག་པའི་རྡོའི་པུར་སྒམ་གཉིས་རྙེད་པ་རེད།
      རྫོང་རིག་དངོས་ལས་དོན་མི་སྣས་འཕྲལ་མར་གཏོར་བཤིག་ཕོག་པའི་རྡོའི་པུར་སྒམ་ལ་གཙང་བཤེར་བྱས་པ་སྟེ། རྡོའི་པུར་སྒམ་དང་པོའི་རིང་ཚད་ལ་ལི་སྨི230དང་། ཞེང་ཚད་ལ་ལི་སྨི80གཏིང་ཚད་ལ་ལི་སྨི53བཅས་ཡོད་པ་དང་། རྡོའི་པུར་སྒམ་གཉིས་པའི་རིང་ཚད་ལ་ལི་སྨི195དང་། ཞེར་ཚད་ལ་ལི་སྨི52གཏིང་ཚད་ལ་ལི་སྨི48བཅས་ཡོད་པ་རེད། ད་དུང་རྡོའི་པུར་སྒམ་དང་པོའི་ནང་ལིའི་ལག་གདུབ་གཉིས(ཆག་གྲུམ)དང་མཛུབ་རུས1ཡོད་པ་དང་། པུར་སྒམ་གཉིས་པའི་ནང་མིའི་ཀེང་རུས་ཆ་མི་ཚང་བ1ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1