༄༅།། གླིང་སེང་ཆེན་རྒྱལ་པོའི་རྟོགས་པ་བརྗོད་པ་ལས་གཡུ་རོང་བསེ་རྫོང་ཕབས་པའི་ལོ་རྒྱུས་མདོར་བསྡུས།

ར་ཧོར་བ་དགེ་འདུན་དར་རྒྱས་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-15



ར་ཧོར་བ་དགེ་འདུན་དར་རྒྱས་ཀྱིས་བྲིས།        
        གླིང་སེང་ཆེན་ནོར་བུ་དགྲ་འདུལ་མི་ཡི་རྣམ་པར་རོལ་བ་ཆེན་མོའི་རྟོགས་པ་བརྗོད་པ་དྲག་པོའི་སྒོ་ནས་གདུལ་བྱ་འཕྲིན་ལས་སུ་ཕྱོགས་ཀྱི་དགྲ་བཞིའི་ནང་འདན་ནས་རྫོང་། རྒྱ་ནག་ཇ་རྫོང་། ཞིང་ཆས་རྫོང་། བལ་བོ་ལུག་གི་རྫོང་། མི་ནུབ་དར་རྫོང་སོགས་རྫོང་ཁག་བཅུ་གསུམ་ཕབ། ཤར་བདུད་གུར་དཀར་ལ་གཉའ་སྒ་བསྡད། དགྲ་བདུད་ཧོར་གཉིས་བཏུལ། དེ་ནས་ཤན་འདན་འཁྲུག་ནས་འདུན་མ་འགྲིགས། ཤན་པས་འཇང་ཕྲུག་བཟུང་། འཇང་གིས་གཡུ་ལྷ་ལོན་ཐབས་རེ་ཨེ་ཡོད་སྙམ་ནས་གླིང་ལ་དགྲ་ལན་མ་བརྒྱབ་ནས་ལོ་གསུམ་དང་ཟླ་གསུམ་ལ་བསྡད། དེའི་སྐབས་སུ་ཁམས་འབྲི་རྫ་ཟལ་མོའི་སྒང་རྒྱུད་སྨད་གཡུ་རོང་བྱ་བའི་རྒྱལ་ཁམས་དེར་ཚེ་རབས་མང་པོར་མི་དགེ་བ་འབའ་ཞིག་ལ་སྤྱད་ནས་སྔར་རྡོ་རྗེ་གདན་དུ་སྟོན་པའི་ཉེ་གནས་ལེགས་སྐར་དང་མུ་སྟེགས་འཕྲོག་བྱེད་དམར་པོར་གྱུར་པ། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོན་བློན་ཏ་ར་ཀླུ་གོང་དང་གཞན་ནང་པའི་བསྟན་ལ་ལོག་པའི་ལུས་ངན་མང་པོ་བླངས་མཐར་སྨད་གཡུ་རོང་ཙི་ལེན་རྒྱལ་པོ་ཞེས་ཞེ་བློ་ནག་ལ་ནང་པའི་བསྟན་པར་སྡང་བ། ནག་པོ་བོན་ལ་དད་ཅིང་སེམས་ཅན་ལ་འཚེ་བར་དགའ་བ། སྲིད་འབྱོར་ལྡན་ལ་བཀའ་བློན་འགོང་པོ་སྤུན་དགུ་དང་སྟག་བློན་བརྒྱ་དང་སོ་བཞི། གཏེར་རྫས་རྩ་བརྒྱད་ལས་བསེ་རྫོང་ཁྲ་མོ་ཡོད་པའི་རྒྱལ་པོར་སྐྱེས་ཡོད་པ་དེས་གླིང་དང་ནང་པའི་བསྟན་པ་སྣུབས། སྲིད་དང་བོན་བསྟན་སྐྱོང་སྤེལ་གྱི་ཆེད་དུ་འོག་བློན་འབངས་ཡོངས་ལ་སུས་གླིང་ལ་གནོད་པ་སྣ་རེ་ཐུབ་ན་དཔའ་དར་དང་ངོ་སོ་ཆེན་པོའམ་ཁོས་བུ་མོ་ཨུཏྤལ་མཚོ་སྐྱིད། ལྷ་མོ། གཡུ་ཟུ་མཛེས་སྒྲོན་གསུམ་ལས་རེ་རེ་སྟེར་ཞེས་ཁྱབ་བསྒྲགས་བྱས། དེ་ནས་ལམ་ཆེན་ཡོངས་ལ་ལམ་བསྲུང་བཞག རྟ་ཞོན་ལ་ལམ་ཁྲལ་བླངས། ཇ་བརྡ་ཁྱེར་མི་ལ་ཚོང་མགོ་བླངས། རྐང་ཐང་ཁུར་བོ་ཅན་ལ་ཁུར་མགོ་བླངས། སྤྲང་པོ་ཟས་སློང་མཁན་ལ་ཚགས་གླ་བླངས། ནང་ཆོས་སྒྲུབ་པ་ཁྲིམས་ལ་སྦྱར། ཉེས་མེད་སྡུག་ལ་གཏད། ཆོས་གཞུང་གླེག་བམ་མེ་ལ་བསྲེག དབུས་སུ་འགྲོ་ལམ་བཅད། རྒྱ་ནག་གནས་ལམ་བཀག ཡུལ་མདོ་ཁམས་མི་དགེའི་སྡུག་ལ་བཅང་བའི་སྐབས་དེར་གླིང་ཆུང་རྒྱུད་ཀྱི་ཨ་སྐྱོ་རིག་འཛིན་དབང་ལྷ་དང་བུ་པདྨ་དོན་གསལ་གཉིས་རྒྱ་ནག་གི་གནས་ཆེན་ཡོངས་ལ་མཇལ་སྐོར་བྱས་ནས་ཕྱིར་ལོག་སྐབས་དར་རྩེ་མདོའི་ཇ་ལམ་བརྒྱུད་ནས་མདོ་ཆེན། ལྕམ་ལུང་། རྫེས་བྲག་མདོ་སོགས་གནས་མཇལ་བྱས་པས་གཡུ་རོང་སྨད་དུ་སླེབས་པ་ན་ལམ་བསྲུང་དང་ཐོ་ཆར། ལམ་བསྲུང་པས་ལམ་ཁྲལ་ལ་ནོམ་པ་གང་ཡིན་ཆོག མགོ་ཟས་ལ་གསེར་དང་དངུལ་གཉིས་དགོས། དེ་མེད་ན་མི་གཏོང་ཞེས་བཤད། ཨ་སྐྱོ་གཉིས་ལ་ལྷམ་བཟང་ངན་གཉིས་དང་དྲོ་ཁ་ཉུང་ངུ་། གླང་གཅིག་ལས་ཅི་ཡང་མེད་པས་ལམ་ཁྲལ་མ་བྱིན་པར་ལམ་སྲུང་པས་བརྡུངས་ནས་ལྷམ་དང་དྲོ་ཁ་རྣམས་ཕྲོགས། གླང་རྒྱབ་ནས་ལྷམ་ངོ་ཆ་གཅིག་གསོན་བཤུ་བྱས་ནས་བཏང་། དེ་ནས་གསེར་རོང་གི་གྱིབ་རི་ལྷ་རྫོང་ནས་རྗེས་དཀར་པདྨ་བསྟན་འཛིན་གྱི་མཐུན་རྐྱེན་ལ་བརྟེན་ནས་ཨ་སྐྱོ་གཉིས་གླིང་ཆུང་རྒྱུད་འགོ་ལོག་རང་ཡུལ་དུ་འབྱོར་བ་དང་རྨ་གཡང་ར་ལྷ་མཁར་རྫོང་དྲུག་ནས་རྒུ་རུ་དཔོན་གྱིས་ཨ་སྐྱོ་གཉིས་ཀྱི་གནས་ཚུལ་གསེར་མཁར་གཡུའི་སྒོ་བརྒྱད༼ འདི་གསེར་འབྲོང་རིའི་མདུན་བཙུན་མོའི་ཐང་ལྟེམས་བྱ་བར་ཡོད་པར་བཤད༽ ཀྱི་བདག་པོ། གསེར་རོང་འབྲོག་གཉིས་ཀྱི་མངའ་བདག་གསེར་ཉི་འབུམ་དར་ཡག་ལ་ཞུས། འདི་གཡུ་གླིང་གཉིས་མི་བདེ་བའི་འཁྲུག་རྩོད་ཀྱི་གཞིར་གྱུར།
        སྐབས་དེར་གཡུ་རོང་གི་ལྷོ་བློན་གདོངས་སྣ་བེ་རི་ཉི་མ་རྒྱལ་མཚན་སྐྱ་མི་བརྒྱད་ཀྱིས་གཡུ་རྒྱལ་ཙི་ལེན་གྱི་ངོ་སོ་ལོན་ཕྱིར་གླིང་ལ་གླགས་འཚོལ་བར་གསེར་འཛི་ཆེན་སྟོད་ཉི་འབུམ་འབྲོག་སྡེ་སྨད་པའི་རྟ་ལྔ་བརྒྱ་རི་ནས་དེད། ར་མདར་ཉི་འབུམ་དཔོན་གཡོག་གཉིས་སོང་ཡང་རྟ་འདེད་ཀྱི་རྗེས་མ་ཆོད། དུག་མདས་གདོངས་སྣ་ལྕགས་མཁར་དགུ་ཐོག་གི་ཐོག་ཁང་གསུམ་གཏོར། མི་མང་པོ་བསད། ཕྱིར་ཡོངས་སྐབས་གཡུ་སྡེ་ཆུ་བར་བའི་རྟ་སྟོང་ལྔ་རི་ནས་དེད། ཨ་སུག་སྐུ་བླ་དུང་རྩེ༼  སྔར་ཨ་སུག་སྡེ་བ་མ་འཐོར་སྔོན་གྱི་གཞི་བདག་གི་མིང་།༽ ནས་ཆུ་བར་གཡུ་ཐར་ཚེ་རིང་ར་མདར་ཡོང་བ་ཞག་པས་བཟུང་ནས་གླིང་ལ་སོང་།
        དེ་ནས་གཡུའི་སྒེག་ཙི་ལེན་རྒྱལ་པོས་དར་ཁུ་ཉིན་སྲིབ་སྟག་བཀྲ་མན། ཕོ་སུས་གཡུ་མདོ་རྫེས་དགེ་མན། རྟའུ་ལྷུ་གསུམ་ལྕགས་ཁྱོ་ཚུན། ཧོར་ཁམས་དཀར་མཛེས་མན་ཆད་ཀྱི་དམག་བསྡུས།
        སྐབས་དེར་གཡུ་རོང་བ་རྐུ་མཁན་མི་གསུམ་ཟེར་བ་མི་ཉག་ཚེ་སྐྱབས། ཆུ་བ་ཨ་བཀྲ ཁ་ལུང་གཡུང་དྲུང་བཅས་ཀྱིས་གླིང་བས་དོགས་ཟོན་བྱས་པ་ལ་བརྟེན་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་གི་ལྷ་གཡག་འབྲོང་ཚ་ཀ་དམར་ཟེར་བ་ཞིག་ཡོད་པ་བརྐུས་ནས་སོང་བ་ལས་གཞན་རྐུ་རྒྱུ་མ་རྙེད། དེའི་རྗེས་སུ་ར་མདའ་འམ་གཡག་རྩར་བ་གསེར་ལྷོ་བློན་ཤཱཀྱ་དཔའ་བོ། ཡང་བློན་ཤེས་རབ་དབང་ཕྱུག མངོན་མཁྱེན་ལྷ་རིགས་འོད་སྣང་བཅས་སོང་བས་གཡག་རྗེས་སྒེག་མདོའི་སྨད་གཡུ་རོང་དུ་བཞག གཡག་བཤས་ཚར་བས་དགྲ་ལན་དུ་གཡུའི་ཁ་འབྲོག་ཧུ་ར་སྟོང་སྡེ་ལ་རྟ་ཁྲི་ལྔ་དེད་ནས་རྩང་གི་གཡག་སྙིང་ཁམས་མདོར་ར་མདའ་བསྒུགས་ནས་བསྡད། གཡུའི་ནང་བློན་ཕུང་བྱེད་རི་བོང་འགོང་རྒྱལ། འགོང་སྲིན་སྤྲེའུ་གདོང་ལག་རིང་། མི་ཟན་ཁྱི་མགོ་ལྕགས་སེན་གསུམ་ར་མདར་ཡོང་བ་བསད་ནས་རྣམ་ཤེས་དག་ཞིང་དུ་སྤར།
        དེ་ནས་གཡུ་རོང་རྒྱལ་བློན་ཡོངས་ཀྱིས་ཁ་སང་གི་ཆག་སྒོ་ཆེན་པོ་འདི་ཟེར་ནས་སྒེག་སྟོད་གདོངས་ལ་མན་ཆད་དང་སྒེག༼  སྒེག་བྱ་བ་ནི་བྲག་མགོ་རྫོང་རྩང་སྨད་ཤང་ནས་རྟའུ་གཡུ་ཁོག་ཕྱོགས་སུ་འགྲོ་སའི་ལུང་པའི་མིང་།༽ སྐེད་ཁྱ་ལུང་ཡན་ཆད་བར་བྱང་བློན་བྲག་ནག་ཐོད་རྒྱལ་གྱི་བདུད་དམག་གི་སྒར་བཏབ་ནས་གླིང་ལ་ཡ་བཟུང་།
        དེ་ནས་དང་པོ་གསེར་དམག་ལ་ཉི་འབུམ་གྱིས་སྣ་ཁྲིད། འཆི་མེད་སྟོབས་ལྡན། དམུ་ཚོ་ཚེ་དབང་ལྷུན་གྲུབ། ནོར་ཕྲུག་ཀརྨ་གཟི་ལྡན། བ་ཁ་གཡུ་འབྲུག་དབང་གྲགས། སྙག་མདོ་བཀྲ་གསལ་རྒོད་པོ་བཅས་ཀྱི་ལྷ་དམག་ཁྲི་རེ་ཁྲིད་ནས་རྩང་མཐུལ་གོར་མོར་སླེབ་ཚེ་རྩང་གི་ཏིས་དཀར    ༼  འདི་ནི་རྩང་སྟོད་སྡེ་བའི་གཞི་བདག་གི་མིང་།༽ ཁམས་མདོ་ནས་འོ་འཁྱུལ་གོང་ཐང་བར་གསེར་ལྷ་དམག་ཐམས་ཅད་ཀྱི་སྒར་བཏབ། རྩང་གི་ཏིས་འབུར༼  འདི་ལ་ཁམས་ཀྱི་ཝ་སེང་བྲག་གམ་གནས་རི་ཐང་པེ་ཡང་ཟེར། སྔ་འགྱུར་རྙིང་མའི་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤམ་མམ་རྩང་རྒན་མི་ཕམ་མགོན་པོས་བཻ་རོ་དཔོན་སློབ་དང་མཇལ་ཞིང་གདམ་ངག་ཞུ་སའི་གནས་ཁྱད་པར་ཅན་ནོ།།༽ དམག་སྒར་བར་ཉི་འབུམ་དང་དཔོན་བློན་རྣམས་ཀྱི་གཟིམས་གུར་ཕུབ། འདི་ནས་བཟུང་གཡུ་གསེར་གཉིས་འཁྲུགས་འགོ་བརྩམས། ཟླ་བཅུ་ལྷག་གི་རིང་ལ་གསེར་ལ་དམག་སྟོང་གཅིག་ལྷག་དང་གཡུའི་བྱང་བློན་ལ་བདུད་སྟག་ཐུལ་བཅུ་གཉིས་དང་ལས་དམག་ཁྲི་གཉིས་སྟོང་གསུམ་བརླགས། དང་པོ་མདའ་མཚོན་གོ་ཡིས་འཐབ། དེ་ནས་མུ་སྟེགས་སྒྱོགས་འཕྲུལ་སྣ་ཚོགས་ཀྱིས་ས་ནས་ཐོག་ལྟར་འཕང་། གནམ་ནས་འཕྲུལ་བྱས་སྒྱོགས་རྡོ་ཆར་ལྟར་ཕབ་ཀྱང་མཐར་བྱང་བློན་བྲག་ནག་ཐོད་རྒྱལ་བསྒྲལ། གཡུའི་བྱང་སྡེ་དཀར་པོ་ཆོས་ལ་བསྒྱུར། བྱང་སྡེའི་ཁུངས་སུ་ཡོད་པའི་རྩང་ཤ་མདོའི་རྫོང་དྲུག་གསེར་གྱིས་བླངས། གཡུའི་བྱང་སྡེའི་རྒྱལ་པོར་དཔའ་ཚོ་ཚེ་འཛིན་བསྐོས། ནང་བློན་གཙོ་བོར་ནོར་བུ་རྒོད་པོ་བཞག་ནས་གསེར་ཀྱི་ལྷ་དམག་ཡོངས་ཀྱིས་ཇ་ཆང་དང་གླུ་ལེན་གར་རྩེད་ཀྱིས་རྒྱལ་ཁའི་སྟོན་མོ་སྲིད་གསུམ་གཡོ་བ་ཙམ་བྱས་སོ།།
        དེ་ནས་གླིང་དམག་ཞིབ་ཏུ་ཆས། གཡུའི་ཤར་བློན་འབུམ་ཐུབ་ཟླ་འོད་ཀྱིས་ཡང་བློན་སྟག་ཐུལ་དང་ལས་དམག་སོགས་ལ་གླིང་བར་ཡ་བཟུང་ན་དཀའ་ཚུལ་དང་དེ་ལས་ཞུ་བ་བྱས་ན་ཤི་རྨས་དང་རྒྱུ་ནོར་སོགས་ལ་གྱོང་རྒུད་མི་ཐེབས་ཚུལ། བོན་ཆོས་སྤང་ནས་ནང་པར་ཞུགས་ན་ཚེ་འདི་ཕྱི་གཉིས་ཀྱི་དོན་ཡིན་ཚུལ་སོགས་ནན་གྱིས་བཤད་ཀྱང་བདུད་རིགས་སྟག་ཐུལ་འགས་ཤར་བློན་གྱི་ངག་ལ་མ་ཉན་པར་འཐབ་པས་བསད། དེ་ནས་ཤར་བློན་གྱིས་གླིང་ལ་ཡ་མ་བཟུང་ཐབས་མེད་བྱུང་རུང་གླིང་ཆུང་རྒྱུད་ཐབས་ལ་མཁས་པས་རྒུར་ཤོག་བཏང་། ཤར་བློན་འབུམ་ཐུབ་ཟླ་འོད་ཀྱིས་རྒུ་རུ་དཔོན་ལ་ངེད་དཔོན་བློན་སྔོན་མའི་བསྐོས་ཐང་གིས་ལན་མི་བྲ་མགོ་འབུལ་ཅི་གསུང་ཁུར་ཞེས་འཇམ་གྱིས་གླིང་གི་ཁར་སོང་།
        དེ་ནས་གླིང་སྟག་རོང་འོམ་ཤོག་གི་ལྷ་དམག་ལྷོའི་གདོངས་སྣ་ལྕགས་མཁར་དགུ་ཐོག་གི་བེ་རུ་ཉི་མ་རྒྱལ་མཚན་གྱི་ཕྱོགས་སུ་ཆས་ནས་འཐབ་པས་གྲི་མཚོན་གོ་ཡི་འཁོར་ལོ་བསྐོར། ལུང་བ་ཐམས་ཅད་མི་རོ་དང་རྟ་རོས་གང་། ལུང་མདའ་ཐམས་ཅད་ལ་ཁྲག་གི་མཚོ་མོ་འཁྱིལ་བ་ཞིག་བྱས་ནས་བདུད་སྟག་ཐུལ་སོ་གཅིག་པོ་ཐམས་ཅད་དང་ལས་དམག་མང་པོ་མེད་པར་བཏང་། རྣམ་ཤེས་དག་པའི་ཞིང་དུ་སྤར། བེ་རུ་བློན་ཕམ་ནས་ས་མཐར་བྲོས།

        དེ་ནས་གླིང་དམག་ནུབ་བློན་བཙན་མགོའི་ཕྱོགས་སུ་ཆས། དགྲ་འཐབ་དང་གཡུལ་རྩལ་སྣ་ཚོགས་འགྲན། སྟག་ཐུལ་དང་ལས་དམག་མང་པོ་བསད། མཐར་ནུབ་བློན་བཙན་མགོ་ཐོག་གིས་བསྒྲལ། གཡུའི་ནུབ་སྡེ་ནག་པོ་དཀར་པོ་ཆོས་ཀྱི་ཞིང་དུ་བཀོད།

        དེ་ནས་གཡུའི་སྦྲུལ་མཁར་གཡུང་དྲུང་གླིང་དགུ་བྱ་བར་བོན་བླ་མཐུ་ཆེན་གཡུང་དྲུང་བསྟན་འཛིན་བྱ་བ་སྒེག་ཙི་ལེན་རྒྱལ་པོའི་མཆོད་གནས་སུ་འདུག་པ་དེ་སྔོན་ལ་མ་བཏུལ་ན་བདུད་རྒྱལ་བཏུལ་དཀའ་བར་དགོངས་ནས་གླིང་དམག་ཞིབ་ཏུ་ཆས་ཀྱང་བོན་བླ་མཐུ་བཙན་པས་སྦྲུལ་མཁར་དུ་འགྲོ་མ་ནུས། དེ་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་། འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་དང་བོན་བླ་མཐུ་ཆེན་གཡུང་དྲུང་བསྟན་འཛིན་གསུམ་མཐུ་ཟོར་ངན་སྔགས་འགྲན་པས་བོན་བླ་བསྒྲལ་ནས་འོག་མིན་ཞིང་དུ་སྤར།
        དེ་ནས་གླིང་དམག་གཡུ་རྫོང་བྲག་མཁར་དགུ་ཐོག་ལ་ཆས་ནས་སྒེག་ཙི་ལེན་བདུད་རྒྱལ་བཏུལ། གཡུའི་བསེ་རྫོང་མཛོད་དགུ་གླིང་ལ་ཕབ། ནག་པོ་བོན་གྱི་བསྟན་པ་བསྣུབ་ནས་གཡུའི་རྒྱལ་ཁམས་ཡོངས་ལ་དག་པ་ཆོས་ཀྱི་ཉི་མ་གསར་པ་ཞིག་ཚེས། དེ་ནས་གླིང་གསེར་གཡུ་གསུམ་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་སྟོན་ཏུ་རྟ་རྒྱུགས་མདའ་འཕེན། གླུ་ལེན་གར་རྩེད། ཇ་ཆང་མགྲོན་སྣའི་དཔལ་ལ་རོལ་ནས་འཇང་མོན་བདུད་ཀྱི་ཡུལ་ཁམས་བཏུལ་བར་གཡུལ་གྱི་སྟ་གོན་མཛད་དོ།།
        ཞེས་པ་འདི་ཝ་ཤུལ་སེངྒེ་དགོན་པའི་བླ་མ་གཡུ་ཁོག་བྱང་ཆུབ་ལགས་ཀྱིས་མ་དཔེ་གཡར་བ་ལ་བརྟེན་ནས་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་པོ་ལགས་ཀྱིས་བསྐུལ་ངོར་ར་ཧོར་བ་དགེ་འདུན་དར་རྒྱས་བྱ་བ་དེས་སྤྱི་ལོ2004ལོའི་ཟླ5ཚེས24བཟང་པོ་ལ་བྲིས་པའི་དགེ་བས་འགྲོ་རྣམས་འཐབ་རྩོད་སྡུག་ལས་གྲོལ་གྱུར་ཅིག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1