༄༅།། ཙོང་ཁའི་སྲིད་དབང་གི་བྱུང་རིམ་དང་དེ་འབྲེལ་གྱི་དོགས་གནད་གཞན་དག་ལ་དཔྱད་པ།

བློ་བཟང་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-15


བློ་བཟང་དོན་གྲུབ།
[ནང་དོན་གནད་བསྡུས།] བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ཙོང་ཁའི་སྲིད་དབང་གི་སྐོར་རེག་ཟིག་ཏུ་འཁོད་པ་དག་གཞིར་བྱས་ཏེ། རྒྱའི་ལོ་རྒྱུས་ཡིག་ཚང་དུ་གནས་པ་དག་ལུང་འདྲེན་གྱི་ཚུལ་དུ་བཞག་ནས་ཙོང་ཁའི་སྲིད་དབང་བཙུགས་པའི་བརྒྱུད་རིམ་ནང་དོན་གཙོ་བོ་བྱས་ཤིང་།  གཞན་ད་དུང་སྲིད་དབང་འདིའི་བཙུགས་མཁན་ཡིན་པར་བཤད་པའི་རྒྱལ་སྲས་ཀྱི་སྐོར་ལའང་དཔྱད་པ་ཡིན་ནོ།
[གནད་འགག་མིང་བརྡ།] ཙོང་ཁའི་སྲིད་དབང་།  རྒྱལ་སྲས།  ཆུ་འཕང་མཁར།

གླེང་གཞི།
             ཙོང་ཁའི་སྲིད་དབང་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་བྱུང་བ་ཞིག་ཡིན་ལ་ལོ་བརྒྱ་ཕྲན་ཙམ་ལས་མེད་ནའང་། བཙན་པོ་རྒྱལ་རབས་འཐོར་ཞིག་ཏུ་སོང་པ་ནས་བོད་ས་ཁུལ་དུ་ས་གནས་སྲིད་དབང་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་བའི་གྲས་ཀྱི་གཅིག་ཡིན་ལ། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱུན་པར་མངའ་རིས་གུ་གེ་རྒྱལ་རྒྱུད་དང་མཉམ་དུ་བཞག་ནས་གླེང་བས་སྐབས་དེའི་བོད་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རྟོགས་ཐུབ་བོ།།  ཙོང་ཁའི་སྲིད་དབང་གིས་ཆུ་འཕང་མཁར་ཞེས་པ་དེང་གི་མཚོ་སྔོན་ཞིང་ཆེན་ཟི་ལིང་མཁར་ལྟེ་བ་བྱས་ཤིང་ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་མངའ་མཛད་པའི་སྐོར་ལོ་རྒྱུས་ཀྱི་ཡིག་ཆའི་ནང་གསལ། ཕྱིས་སུ་ལོ་དུ་མའི་རིང་ཆུ་འཕང་མཁར་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་དུ་གཞིས་སྡོད་བྱས་ཡོད་པའི་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་ཡོད་ཅེས་ཀྱང་བཤད། ཙོང་ཁའི་སྲིད་དབང་གི་ཆབ་རིས་འོག་ཏུ་བོད་མི་ཡོད་པ་ཕུད་ད་དུང་ལྡོང་སྤྱང་། རྒྱ་མི་དང་ཧོར་སོགས་ཀྱི་མི་རིགས་གཞན་དག་ཀྱང་འདུས་ཡོད། སྲིད་དབང་འདི་འཛུགས་མཁན་ནི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་པར་བཤད་པའི་རྒྱལ་སྲས་བྱ་བ་ཡིན།  ཁོས་སྲིད་སྐྱོང་བའི་རིང་སུང་རྒྱལ་རབས་དང་མི་ཉག་སོགས་རྒྱལ་ཁབ་གཞན་ལ་འགལ་མཐུན་གཉིས་ལྡན་གྱི་འབྲེལ་ལམ་བཙུགས་པ་དང་ཕན་ཚུན་ལ་ཕོ་ཉ་མངགས་གཏོང་སོགས་ཀྱང་བྱས་པ་རེད། དེ་བས་རྒྱལ་སྲས་སྲིད་དབང་འདི་ལ་གདེང་འཇོག་བྱེད་པར་དོན་སྙིང་ཆེན་པོ་མཆིས་ཏེ། མཚོ་སྔོན་གཙོས་པའི་མདོ་སྨད་ཕྱོགས་ཀྱི་ལོ་རྒྱུས་ཤེས་རྟོགས་བྱེད་པར་ཕན་པར་མ་ཟད་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ།།
དང་པོ།  ཙོང་ཁའི་སྲིད་དབང་མ་བཙུགས་པའི་སྔོན་གྱི་ཙོང་ཁའི་ཡུལ་གྱི་སྤྱི་ཚོགས་གནས་བབ་རགས་བསྡུས།
             ཙོང་ཁའི་རྒྱལ་པོའི་སྲིད་དབང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པར་བཙུགས་ཤིང་ཙོང་ཁ་བདེ་ཁམས་བཅོ་བརྒྱད་གཙོས་པའི་མདོ་སྨད་ཕལ་ཆེར་དབང་བསྒྱུར་བྱས་མྱོང་། སྲིད་དབང་འདི་ལོ་རྒྱུས་ཐོག་གནས་པའི་དུས་ཡུན་ཐུང་ནའང་བོད་མཐའ་མཚམས་ཀྱི་རིག་གནས་གོང་འཕེལ་གཏོང་བར་ནུས་པ་མི་དམན་པ་ཞིག་ཐོན།  སྲིད་དབང་འདི་བྱུང་བར་ཙོང་ཁའི་ཡུལ་གྱི་ཚོ་ཁག་སོ་སོས་ནུས་པ་བཏོན་ཡོད་ལ་ས་དེ་གའི་སྲིད་དཔལ་རིག་གསུམ་གོང་འཕེལ་དུ་སོང་བའི་མཐའ་འབྲས་ཤིག་ཀྱང་རེད། དེ་ཕྱིར་སྲིད་དབང་འདི་མ་བཙུགས་སྔོན་གྱི་གནས་བབ་ལ་རྟོགས་ཞིབ་བྱེད་རྒྱུ་ནི་ཐོག་མའི་གླེང་བྱའོ། སྤྱི་ལོ་842ལོར་བོད་རྒྱལ་བཙན་པོའི་མཐའ་མ་འུ་དུམ་བཙན་པོ་བཀྲོངས་པས་ལོ་གྲངས་ཉིས་བརྒྱ་ལྷག་ཕྱིན་པའི་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་། བཙན་པོ་འདས་རྗེས་གཅིག་གྱུར་གྱི་དབང་བསྒྱུར་མཁན་ཞིག་མེད་པས་སྔོན་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཟུང་ཡོད་པའི་སྐུ་དྲག་ཕྱོགས་ཁག་གཉིས་བར་གྱི་འགལ་ཟླ་རྣོ་དབལ་ཅན་དུ་གྱུར་ནས་མཐར་སྲས་ཡུམ་བརྟན་དང་འོད་སྲུང་གཉིས་ཕན་ཚུན་དགྲར་ལྟར་འཛིན་པའི་ཕྱོགས་ཁག་སོ་སོས་བཀག་སྡོམ་བྱས་ཏེ་འཁྲུག་རྩོད་བྱུང་།འགལ་ཟླ་དེས་ས་མཚམས་ཀྱི་གནས་བབ་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་དེ། ས་མཚམས་ཀྱི་སོ་དམག་གིས་རང་རང་གི་ཁེ་ཕན་ལ་དམིགས་ནས་སྐུ་དྲག་གི་ཕྱོགས་ཁག་མི་འདྲ་བར་རྒྱབ་བཅོལ་ཞིང་རིམ་པར་རང་ཉིད་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཏུ་བརྩིས་ནས་སྒེར་ཚུགས་བྱས་པ་རེད། འདི་འདྲའི་ཆབ་སྲིད་འཁོར་ཡུག་ཞིག་ཏུ་ཚོ་ཁག་སོ་སོའི་སྟོབས་ཤུགས་དོ་མཉམ་དུ་གྱུར་ནས་ཕན་ཚུན་ལ་དམག་འཐབ་བྱས་པ་སོགས་ཀྱི་རྒྱུན་མ་ཆད།  དེས་མང་ཆོགས་ཀྱི་ཚེ་སྲོག་ལ་གཙེས་ཤིང་རྒྱུ་ནོར་བརླག་པས་སྡུག་མ་བཟོད་པར་མཐར་སྤྱི་ལོ་869ལོར་དབས་ཁོ་བཞེར་ལེགས་སྟོང་གིས་མགོ་འདྲེན་བྱེད་པའི་“འབངས་གྱེན་ལོག་”བྱུང་བ་རེད།《དེབ་ཐེར་མཁས་བའི་དགའ་སྟོན》དུ་འཁོད་པ་ལྟར་ན་ཐོག་མར་མདོ་ཁམས་ཀྱི་ཡུལ་འདིར་བྱུང་བའི་ལོ་རྒྱུས་དོན་རྐྱེན་དེའི་ཤུགས་རྐྱེན་ཇེ་ཆེར་གྱུར་ནས་ཕྱོགས་བཞིར་མཆེད་པ་དང་མཐར་བཙན་པོའི་བང་སོ་སོགས་ཀྱང་བྲུས་པའི་གཞི་རྒྱ་ཆེ་བའི་གྱེན་ལོག་ཞིག་ཏུ་གྱུར་ཟེར། འབངས་གྱེན་ལོག་གིས་བཙན་པོའི་སྲིད་དབང་རྡུལ་དུ་བརླག་ནས་ཁ་འཐོར་གྱི་རྣམ་པ་ཡོངས་སུ་གྲུབ་འདུག་པ་《སུང་གི་ལོ་རྒྱུས་ལས་ཐུ་བྷོད་ཀྱི་སྐོར》ནང་དུའང་“སྐབས་དེར་བཙན་པོའི་སྲིད་དབང་ཉམས་དམས་སུ་གྱུར་ཞིང་ས་ཁུལ་མང་པོས་སྒེར་ཚུགས་བྱས་ཏེ། ཁ་ཤས་ལ་དུད་ཁྱིམ་སྟོང་ལྷག་ཡོད་ཀྱང་ཁ་ཤས་ལ་དུད་ཁྱིམ་བརྒྱ་ཙམ་ལས་མེད་པའང་མཆིས” ①ཅེས་པའི་ཟིན་བྲིས་བཏབ་འདུག་པ་ནི་ཤིན་ཏུ་སྣང་བཪྙན་ལྡན་ལ་ལོ་རྒྱུས་དོན་དངོས་ལའང་མཐུན་ནོ།།    “འབངས་གྱེན་ལོག་རིམ་པར་ཞི་འཇགས་སུ་བཏང་རྗེས་དེའི་གཙོ་ཁག་ཅིག་ནུབ་ཁའི་དོག་ལམ(河西走廊)རྒྱུད་དུ་ཡོང་ཞིང་རྗེས་སུ་ཙོང་ཁའི་སྲིད་དབང་གི་སྟོབས་ཤུགས་ཤིག་ཏུ་གྱུར།  
             ཙོང་ཁའི་ཡུལ་དུ་སྟོབས་ཤུགས་ཅུང་ཆེ་ཤས་ཀྱི་ཚོ་ཁག་ནི་ལུང་དྲུག་ཚོ་བ་①ཡིན་ཏེ། སུང་གིས་ཀྱང་ཚོ་ཁག་འདི་རང་ཉིད་ཀྱིས་མཚམས་སུ་ཆགས་པའི་སྟོབས་ཤུགས་ཆེ་ཤས་ཞིག་ཏུ་བརྩིས་ནས་གཙིགས་མཐོང་བྱེད་ཚུལ་དེའི་མགོ་བར་ཆོ་ལོ་དང་ཐམ་ག་གནང་བ་སོགས་ལས་ཤེས་ཐུབ། ལུང་དྲུག་ཅེས་པ་ནི་ལེང་ཀྲིག་(灵州)ས་ཁུལ་གྱི་མཐའ་འཁོར་དུ་གནས་པའི་གཡང་ཧྥའི་ལུང་བ་དྲུག་གི་བོད་མི་སྤྱིའི་མིང་བཏགས་པ་ཞིག་རེད།   ལུང་དྲུག་ཚོ་བའི་བོད་མི་ནི་སྔར་བོད་བཙན་པོའི་སྐབས་ས་མཚམས་སྲུང་དུ་ཡོང་བའི་དཔོན་དམག་གི་རྒྱུད་པ་ཡིན་ཞིང་རིགས་གཞན་དང་འདུས་སྡོད་བྱས་ནས་སྟོབས་ཤུགས་རིམ་པར་རྒྱས་པ་རེད། སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཏུ་དཔང་བློ་གྲོས་(潘罗之)ལུང་དྲུག་ཚོ་བའི་ཚོ་དཔོན་དུ་བསྐོས་པ་རེད། ཁོས་ལུང་དྲུག་ཚོ་བའི་སྲིད་དཔལ་རིག་གསུམ་གོང་འཕེལ་དུ་གཏོང་ཆེད་སུང་དང་མཛའ་མཐུན་གྱི་རྒྱུན་བསྐྱངས་ཤིང་མི་ཉག་གི་དཔུང་ཤུགས་ནུབ་ཏུ་ཕྱོགས་པ་མཐར་བསྐྲོད་བཏང་ནས་ཞི་འཇགས་ཀྱི་འཁོར་ཡུག་ཅིག་བསྐྲུན་པ་རེད། མི་ཉག་གི་སྟོབས་ཤུགས་ནུབ་ཏུ་ཕྱོགས་པར་བཀག་འགོག་བྱེད་པ་དེས་སུང་རྒྱལ་རབས་ཀྱི་མཐའ་མཚམས་སྲུང་བར་ཡང་ཕན་པས་ཁོ་ལ་དཔོན་གནས་སོགས་གནང་ནས་རྒྱབ་སྐྱོར་བྱེད་པ་རེད།  ཕྱིས་སུ་མི་ཉག་གིས་སུང་གི་ལེན་ཀྲིག་བཅོམ་པ་དེར་དམག་ཁྲི་ཚོད་ལོངས་པ་ཞིག་བསྡུས་ནས་དཔུང་རོགས་བྱེད་པའི་རེ་བ་བཏོན། སྐབས་དེར་སྟོབས་ཤུགས་ཀྱི་རྩེ་མོར་ཐོན་ཡོད་ལ་རིམ་པར་ནང་འགལ་གྱི་དབང་གིས་ཉམས་རྒུད་དུ་གྱུར། མཐར་སྤྱི་ལོ་1028ལོར་མི་ཉག་གི་དྲག་ཤུགས་འོག་ཚོ་ཁག་འདི་ཁ་འཐོར་དུ་སོང་ནའང་རྗེས་སུ་དེའི་སྟོབས་ཤུགས་ཆེ་ཤས་ཙོང་ཁའི་སྲིད་དབང་གི་འོག་ཏུ་ཚུད་སོང་ཅེས་ལོ་རྒྱུས་ཡིག་ཆའི་ནང་འཁོད་འདུག   
             གཅིག་གྱུར་གྱི་སྲིད་དབང་ཞིག་མ་ཆགས་ཤིང་ས་གནས་བཅད་བཟུང་གི་སྲིད་དབང་སོ་སོའི་བར་དམག་འཁྲུག་གི་རྒྱུན་མ་ཆད་པའི་རིང་ཡུལ་གྲུ་འདིའི་ཞིང་ཕྱུགས་ལས་ཐོན་སྐྱེད་ལའང་བཀག་རྒྱ་མི་དམན་པ་ཞིག་བཟོས་ཡོད་པར་མ་ཟད། མང་ཚོགས་ཀྱི་བདེ་འཇགས་ཀྱི་འཚོ་བ་ཡང་རྨེག་མེད་དུ་བཏང་། དེ་བས་ཞི་མཐུན་ལ་ཡིད་སྨོན་བྱས་ཤིང་། བཙན་པོ་ལྟ་བུའི་མི་ནུས་པ་ཅན་ཞིག་གིས་སྣེ་ཁྲིད་ནས་གཅིག་གྱུར་གྱི་སྲིད་དབང་ཞིག་བཙུགས་ཏེ་བདེ་སྐྱིད་བསྐྲུན་པར་རེ་ལྟོས་བྱས།  སྐབས་དེར་མི་རྣམས་ཀྱི་བསམ་པའི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་ཡོད་དེ།  སྔོན་དུས་ཁོ་ཚོས་ཁྲལ་དང་འུ་ལག་སོགས་མ་ཐེག་པས་བཙན་པོའི་གདུང་རྒྱུད་ཀྱི་རིགས་དང་ཁ་གཏད་དུ་ལངས་ནས་ངོ་རྒོལ་ཅི་ཐུབ་བྱས་ཤིང་གཅིག་གྱུར་གྱི་སྲིད་དབང་ལས་ཕྱིར་འབུད་ཐབས་བྱས་ཏེ།  རང་ཉིད་ཀྱི་ལས་དབང་རང་གིས་ཁ་ལོ་བསྒྱུར་ཐུབ་པར་ཡིད་ཆེས་དང་སྤོབས་པའི་ཁེངས་ཡོད་མོད། འོན་ཀྱང་ལོ་རྒྱུས་ཀྱི་དོན་རྐྱེན་འདྲ་མིན་སྣ་ཆོགས་བརྒྱུད་རྗེས། ཁོ་ཆོས་བསམ་པར་བློ་གྲོས་ཀྱིས་ཕྱུག་ཅིང་སྲིད་ལ་མཁས་པ་ཞིག་བྱོན་ནས་གཅིག་གྱུར་གྱི་སྲིད་དབང་ཞིག་བཙུགས་ན་རང་ཉིད་ལ་བདེ་སྐྱིད་བསྐྲུན་ཐུབ་པར་འདོད། མི་དེ་འདྲའི་དོད་དུ་རུང་བ་ནི་ཏག་ཏག་ལ་བཙན་པོའི་གདུང་རྒྱུད་ཀྱི་རིགས་སྲས་རྣམས་ཡིན།  རྒྱུམཚན་འདིའི་དབང་གིས་ཙོང་ཁའི་ཡུལ་ལ་བཅད་བཟུང་བྱས་ཡོད་པའི་རྗེ་དཔོན་ཚོས་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་འདི་མཐོང་ནས་སྤྱི་ཚོགས་ཐོག་མི་རྣམས་སྐུལ་སློང་བྱེད་ཐུབ་པའི་མི་ཞིག་དར་ཆར་བསྒྲེངས་ནས་རང་ཉིད་ཀྱི་སྟོབས་འབྱོར་རྒྱས་པར་བྱེད་པར་འབད་བཞིན་མཆིས། རྒྱལ་སྲས་ཁྲི་གནམ་ལྡེ་དཔོན་བཙན་པོ་གནས་འདིར་བྱོན་པ་ནི་ཁོ་ཆོའི་འདོད་བློ་དེ་ཚིམས་པ་རེད། 
གཉིས་པ།  རྒྱལ་སྲས་ཁྲི་གནམ་ལྡེ་དཔོན་བཙན་པོའི་སྐོར་ལ་དཔྱད་པ།
             གཅིག རྒྱལ་སྲས་ཀྱི་མཚན་ལ་དཔྱད་པ།  
             ཙོང་ཁའི་སྲིད་དབང་ནི་དུས་རབས་བཅུ་གཅིག་པའི་ནང་དུ་རྒྱལ་སྲས་ཞེས་པས་བཙུགས་པ་རྒྱའི་ལོ་རྒྱུས་ཡིག་ཆའི་ཁྲོད་ཀྱི་“唃厮啰政权”ཞེས་འཁོད་ཡོད་པ་དེས་ར་སྤྲོད་ཐུབ་སྟེ། དེ་ནི་བོད་ཡིག་གི་རྒྱལ་སྲས་ཞེས་པའི་སྒྲ་བསྒྱུར་ཙམ་ཡིན་པ་ལས་དམིགས་བསལ་གྱི་དོན་གཞན་མེད་པར་མཐོང་། དེས་ན་རྒྱལ་སྲས་ཞེས་པའི་མཚན་ཐོགས་དོན་དང་རིགས་རུས་བཅས་ལ་དཔྱད་པར་དོན་སྙིང་ཆེ་མོད། འོན་ཀྱང་མིག་སྔར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་འདིའི་སྐོར་བཀོད་པ་ཕལ་ཆེར་སྟོང་ཆར་གྱུར་ཡོད་ལ་རྒྱའི་ཡིག་ཪྙིང་ལས་རེག་ཟིག་ཏུ་བཀོད་པ་རྣམས་གཅིག་ཏུ་བསྒྲིལ་ནས་དཔྱད་ཁུལ་ཙམ་བགྱིས་པ་ལས་ཐབས་གཞན་མ་མཆིས། རྒྱའི་ཡིག་ཪྙིང་ཁག་ཏུ་འཁོད་ཡོད་པ་དག་རེ་རེ་བཞིན་ཞུས་ན།《སུང་གི་དེབ་ཐེར་ལས་ཐུ་བྷོད་ཀྱི་སྐོར》 (《宋史་吐蕃传》)ལས་“རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་ཡིན་ཞིང་མིང་དངོས་ལ་ཁྲི་གནམ་ལྡེ་དཔོན་བཙན་པོ་ཟེར། ཀོ་ཁྲང་མོ་ཡུའུ་རྒྱལ་ཁམས་ནས་སྐྱེས། ལོ་བཅུ་གཉིས་ལ་སོན་པའི་དུས་ཀོ་ཁྲང་ས་ཆར་ཚོང་གཉེར་དུ་འོངས་པའི་དཔལ་ལྷ་ཡེ་ཤེས་དང་འཕྲད། ཁོས་རྒྱལ་སྲས་ཀྱི་གཟུགས་བྱད་ཁྱད་པར་ཅན་མཐོང་ནས་སྟོང་རྫོབ་མཁར་(དེང་གི་ཀན་སུའུ་ཞིང་ཆེན་གྱི་ལིན་ཞ་ས་ཁུལ་ལ་གཏོགས 今甘肃临夏)དུ་ཁྲིད་འོངས།  ཕྱིས་སུ་དེ་གའི་ཚོང་དཔོན་ཟིང་པོ་ཁྲི་སྲིད་རྗེ་ཡིས་ཡུ་ཀོང་མཁར(移公城)་དུ་སྤྱན་དྲངས། ཧི་ཀྲིག་ནས་བཀའ་གཙིགས་བཅའ་བར་བརྩམས། ཧི་ཀྲིག་གི་མི་རྣམས་ཀྱིས་རྒྱལ་སྲས་ཞེས་འབོད་ཅིང་། རྒྱལ་ནི་རྒྱལ་བ་སངས་རྒྱས་ལ་གོ་བས་རྒྱལ་བའི་ཐུགས་སྲས་ཞེས་པའི་དོན་ཡིན་ནོ①ཅེས་བྲིས་འདུག     ཧྲིན་ཁོའི《མོན་ཞིའི་མཐོང་ཐོས་ཟིན་བྲིས་》(沈括《梦溪笔谈》)ནང་དུ་“རྒྱལ་སྲས་ཅེས་པའི་རྒྱལ་ནི་རྒྱལ་བ་སངས་རྒྱས་དང་སྲས་ནི་ཕོའི་དོན་ཡིན།   མིང་དེ་ནི་ཁོས་རང་ཉིད་ལ་བཏགས་པ་ཡིན་ཞིང་དེ་ནི་རང་ཅག་གིས་དང་མར་གནམ་སྲས་ཞེས་བརྗོད་པ་དང་གཅིག་མཚུངས་རེད②”ཅེས་འཁོད་འདུག  ཀྲང་ཧྥང་ཕིང་གི་《ལིག་ཆོན་རྩོམ་བཏུས》(张方平《乐全集》)ནང་དུའང“རྒྱལ་ནི་རྒྱལ་བ་སངས་རྒྱས་ལ་གོ་ཞིང་དངོས་མིང་དུ་ཁྲི་གནམ་ལྡེ་དབོན་བཙན་པོ་ཟེར། ནུབ་ཁུལ་ཝེའུ་སན་མས་ནས་སྐྱེས་ཤིང་བཙན་པོའི་གདུང་རྒྱུད་ཡིན་③”ཅེས་བྲིས་འདུག གཞན་ད་དུང་ཚིན་ཀོང་གི་《ལིང་ཕུང་རྩོམ་བཏུས》(曾巩《隆平集》)དང་ལི་ཐོད་ཀྱི་《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ》 (李惷《续资治通鉴长编》)སོགས་རྒྱའི་ལོ་རྒྱུས་དེབ་ཐེར་ཏུ་ཟིན་བྲིས་སུ་བཀོད་པ་དག་ཀྱང་བརྗོད་ཚུལ་མི་འདྲ་བ་ལས་བསྟན་དོན་གཅིག་ཏུ་དམིགས་ཏེ། ཐོག་མར་རྒྱལ་སྲས་ཞེས་པར་རྒྱ་ཡིག་གིས་“佛子”ཞེས་བྲིས་ཡོད་པས། རྒྱལ་སྲས་ཅེས་པ་ནི་རྒྱལ་བ་སངས་རྒྱས་ཀྱི་ཐུགས་སྲས་ལ་གོ་དགོས་པར་འདོད། གཞན་“唃厮啰”ཞེས་པ་བོད་ཡིག་གི་“ཇོ་སྲས་”ཞེས་པའི་སྒྲ་དོད་ཡིན་པའང་བཤད་།  “ཇོ་བོའི་དོན་ནི་ལྷ་སའི་ཁ་སྐད་དུ་གཅེན་པོའམ་ཕུ་བོའི་དོན་ཞིག་ཡོད་པ་ཕུད་མི་དང་ལྷ་ཡི་གཙོ་བོའམ་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུར་ངོས་འཛིན་པས་ན་“རྒྱལ་སྲས”་ཞེས་པའི་བསྟན་དོན་དང་གཅིག་ཡིན་ནོ།  འོན་ཀྱང་“རྒྱལ་སྲས”་ཞེས་བརྗོད་ཚེ་ཕྱོགས་གཞན་ཞིག་ནས་མངའ་བདག་རྒྱལ་པོའམ་བཙན་པོའི་སྲས་ཞེས་གོ་ཆོག་པས་“ཇོ་སྲས”་ཞེས་པའི་འབོད་ཚུལ་དང་བསྡུར་ན་ལོ་རྒྱུས་མི་སྣ་དེ་མཚོན་བྱེད་ཀྱི་དོན་སྙིང་ལྷག་ཏུ་ལྡན”།④“རྒྱལ་སྲས”་ཞེས་པའི་མིང་དེ་སུས་བཏགས་པའི་ཐད་དུ།  དེ་ཧི་ཀྲིག་གི་དད་ལྡན་མང་ཚོགས་ཀྱིས་ཕར་བཏགས་པ་ཞིག་ཡིན་པ་རྒྱའི་ལོ་རྒྱུས་ཡིག་ཪྙིང་མང་ཆེ་བའི་ནང་དེ་འདྲའི་ཚིག་ཟིན་རེ་བཀོད་ཡོད་ནའང་《མོན་ཞུའི་མཐོང་ཐོས་ཟིན་བྲིས》སུ་རང་གིས་རང་ལ་བརྗོད་པ་ཞིག་ཡིན་ཚུལ་བྲིས་འདུག ཕྱིས་སུ་“རྒྱལ་སྲས་”ཞེས་པའི་མིང་ལའང་འགྱུར་ལྡོག་བྱུང་ཡོད་ཚུལ་“ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས།  རྒྱལ་སྲས་ཅེས་པའི་མིང་གི་གོ་དོན་ལའང་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད་དེ་རྒྱལ་སྲས་ཞེས་པས་བཙན་པོའི་གདུང་རྒྱུད་ཁོ་ན་ཙམ་སྟོན་པ་མ་ཡིན་པར། སྤྱིར་ཙོང་ཁའི་ཕྱོགས་སུ་གནས་པའི་བོད་པ་ཀུན་མཚོན་ལ།  བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་སུ་གྱུར་པའི་སྲིད་དབང་བརྟན་པོ་ཞིག་གི་མཚོན་དོན་དུ་གྱུར་ཡོད་དོ་”①ཅེས་བྲིས་འདུག    རྒྱའི་ལོ་རྒྱུས་སྨྲ་བ་འབྲུ་ཆིལ་ཡན(祝启源)གྱིས་“རྒྱལ་སྲས་ཀྱིས་སྲིད་དབང་བཙུགས་རྗེས་ཆུ་འཕང་གི་བདག་པོར་གྱུར་ཕྱིས་སུ་མི་རྣམས་ཀྱིས་ཁོའི་བཙུགས་པའི་སྲིད་དབང་དང་དེའི་མངའ་འོག་ཏུ་ཚུད་པའི་ཚོ་ཁག་དག་ལ་རྒྱལ་སྲས་ཞེས་འབོད་ཞེས་འབོད་”②ཅེས་བྲིས་འདུག   དེ་དག་ལས་ང་ཚོས་རྒྱལ་སྲས་ཅེས་པའི་མིང་འདི་ཐོག་མར་མིའི་མིང་ཞིག་ཡིན་པ་དང་དེ་ནས་རིམ་གྱིས་སྲིད་དབང་གི་མིང་དུ་ཆགས་པ་ཤེས་ཐུབ། རྒྱལ་སྲས་ཞེས་པའི་མིང་ནི་རང་ཉིད་ཀྱི་ཁྱད་པར་ཅན་མངོན་ཕྱིར་བཏགས་པ་ཞིག་ཡིན་པ་ལས་དངོས་མིང་ཅི་ཞིག་ཡིན་པའི་ཐད་དུ།  རྒྱའི་ཡིག་ཆའི་ཁྲོད་ཀྱི་(欺南陵温篯逋)དང་(齐囊凌滚沁布)ནི་རྒྱལ་སྲས་ཀྱི་དངོས་མིང་ཡིན་པར་བཤད། དེ་ནི་ཁྲི་གནམ་ལྡེ་དཕོན་བཙན་པོ་ཟེར་བའི་སྒྲ་བསྐྱུར་བ་མི་མཐུན་པ་ཙམ་དུ་ཟད།  དེ་ལྟར་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་དང་ཡང་མཐུན་བསམ་སྟེ།《དེབ་ཐེར་མཁས་པའི་དགའ་སྟོན》སོགས་གཙོས་པའི་ལོ་རྒྱུས་ཡིག་ཆ་དག་ཏུ་འོད་སྲུང་ནས་བརྒྱུད་པའི་བཙན་པོའི་གདུང་རྒྱུད་ཁྲི་ལྡེ་ཅེས་པ་མདོ་སྨད་ཙོང་ཁའི་ཡུལ་དུ་ཕེབས་ནས་མངའ་མཛད་པའི་སྐོར་རེག་ཟིག་ཏུ་བཀོད་པ་སོགས་ཀྱིས་བདེན་དཔང་བྱེད་ཐུབ།   དེ་ཕལ་ཆེར་ཁྲི་གནམ་ལྡེ་དཔོན་བཙན་པོ་ཟེར་བ་ཁྲི་ལྡེར་བསྡུས་པ་རེད།  
             གཉིས། རྒྱལ་སྲས་ཁྲི་ལྡེའི་གདུང་རྒྱུད་ལ་དཔྱད་པ།  
             རྒྱལ་སྲས་ཀྱི་གདུང་རྒྱུད་ཐད་དུ་རྒྱའི་ལོ་རྒྱུས་ཡིག་ཪྙིང་དག་ཏུ་རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་ཅིག་ཡིན་པར་བཤད། བོད་ཀྱི་སྔོན་མའི་དེབ་ཐེར་ཁག་ཏུའང་དེ་འདྲ་ཞིག་ཡིན་ཚུལ་བརྗོད་ཡོད་པ་གཤམ་གསལ། 《རྒྱལ་རབས་གསལ་བའི་མེ་ལོང》དུ་ཡར་ལུང་ཇོ་བོའི་རྒྱལ་རྒྱུད་སྐོར་བཤད་སྐབས་“རྗེ་དཔལ་འཁོར་བཙན་གྱི་ཆུན་མའི་སྲས་། (འདི་ནས་ལ་སྟོད་དང་། གཙང་སྟོད་བཙོང་ཁ་མདོ་སྨད་ཡར་ལུང་ཇོ་བོ་ལ་སོགས་བོད་ཀྱི་རྒྱལ་བརྒྱུད་ཡིན་ངེས་རྣམས་ཡིན་ནོ)བཀྲ་ཤིས་བརྩེགས་པ་ལ་སྲས་གསུམ་བྱུང་བ་དཔལ་ལྡེ་འོད་ལྡེ་ལྡེ་གསུམ་ཡིན་ཏེ། འདི་གསུམ་ལ་སྨད་དུ་བཞུགས་པའི་ལྡེ་གསུམ་ཟེར། སྲས་ཆེ་བ་དཔལ་ལྡེའི་སྲས་ནི་སྔོན་པོ་ཚོམ་པོར་ཐུགས་ཏེ། ཁབ་གུང་བ་ཀླུ་རྒྱལ་བ་སྤྱི་པ་ལྷ་རྩེ་གླང་ལུང་བཙད་འཁོད་བ་རྣམས་ཏེ། ལ་སྟོད་མན་ཆོད་པ་རྣམས་ཡིན་ནོ།། སྲས་ཆུང་བ་སྐྱིད་ལྡེ་ཤངས་རྟ་ནག་ཏུ་ཕོག  སྲས་དྲུག་བྱུང་པའི་ལྔ་བྱང་དུ་གཤེགས་ཏེ། འབྲོའི་བཙད་པོ་དང་། གཡས་རུ་རུ་ལག་གི་གཙང་(བཙད)པོ་པམ་དང་། མུས་དང་འཇང་ཉང་སྟོད་ན་ཡོད་པ་རྣམས་སོ།།  སྲས་འབྲིང་བ་འོད་ལྡེ་ལ་སྲས་བཞི་བྱུང་བ།  ཕ་བ་དེ་སེ་ཁྲི་ལྡེ་ཁྲི་ཆུང་ཉག་ལྡེའོ། ཕ་བ་དེ་སེའི་བརྒྱུད་སྣུབ་ཡུལ་དང་རོང་དང་།  གཡག་སྡེ་ཉང་སྟོད་སྟག་ཚལ་ན་ཡོད་དོ། ། ཁྲི་ལྡེ་རྒྱུད་ནི་ཤར་བཙོང་ཁའི་རྒྱལ་པོ་སྤྱན་སྔ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་བཙད་པོ་ད་ལྟ་བཞུགས་པ་རྣམས་ཡིན་ནོ”①ཅེས་བྲིས་འདུག     པཎ་ཆེན་བསད་ནམས་གྲགས་པའི་《དེབ་ཐེར་དམར་པོ་གསར་མ》ལས་འོད་སྲུང་གི་རྒྱུད་པ་རྣམས་བཤད་སྐབས་“དེའི་སྲས་དཔལ་འཁོར་བཙན་ཏེ་དགུང་ལོ་སོ་གཅིག་པ་ལ་ཤར་ཁ་ཞེས་བྱ་བའི་ལུང་པར་སྙགས་ཀྱིས་བཀྲོངས།  དེའི་སྲས་བཀྲ་ཤིས་རྩེགས་པ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས།  དང་པོའི་སྲས་དཔལ་ལྡེ།  འོད་ལྡེ།  སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ། དང་པོ་དཔལ་ལྡེ་ནས་བརྒྱུད་པ་ལས་སྟོད་མངའ་རིས་སྨད་ནས་བྱུང་སྟེ། ད་ལྟའི་རྫོང་ཁ་བདག་པོ་སོགས་སོ། ཆུང་བ་སྐྱིད་ལྡེས་ཤངས་རྟ་ནག་གི་བདག་མཛད།  སྲས་དྲུག་བྱུང་བ་ལ།  མུས་དང་འཇང་དང་།  ཉང་སྟོད་ཀྱི་རྩད་པོ་རྣམས་མཆེད་དེ་འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བའི་ཆེ་བ་ལ་གཡག་ལྡེ་དང་། ཉང་སྟོད་སྟག་ཚལ་གྱི་རྩད་པོ་རྣམས་མཆེད་དེ། སྲས་གཉིས་པ་ཁྲི་ལྡེའི་རྒྱུད་ནི་ཤར་ཙོང་ཁ་སོགས་མདོ་སྨད་དུ་མཆེད་དེ། ད་ལྟའི་ལྷ་དོན་པོ་ཆེ་ས་ཡང་ཁྲི་ལྡེའི་རྒྱུད་དུ་མེ་ལོང་མར་བཤད”②ཅེས་བྲིས་འདུག 《དེབ་ཐེར་མཁས་པའི་དགའ་སྟོན་》དུ་“གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང”ཞེས་འཁོད་འདུག      ནོར་བྲང་ཨོ་རྒྱན་གྱི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ》ཞེས་པའི་ནང་དུའང་“དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་གསུམ་སྟེ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་བྱུང་བའི་ཆེ་བ་དཔལ་ལྡེའི་རྒྱུད་པ་ཁབ་གུང་ཐང་པ་དང་།  ཀླུ་རྒྱལ་བ།  སྤྱི་པ་ལྷ་རྩེབ།  གླང་ལུང་རྩད་བསྐོར་རྣམས་དང་། ཆུང་བ་སྐྱིད་ལྡེའི་རྒྱུད་པ་འཇད་རྟ་ནག་ཏུ་ཐོག་པ་ལས་མཆེད་པའི་འབྲོ་བ། གཡས་རུ་རུ་ལག  ཉང་། མུས་སོགས་ཀྱི་བཙད་པོར་གྲགས་པ་མང་ཞིང།  འབྲིང་པོ་ལ་སྲས་ཕ་བ་དེ་སང་།   ཁྲི་པེ ཁྲི་ཆུང་།ཉག་པ་བཞི་ལས།  དང་པོ་དང་བཞི་བ་གཙང་རོང་གི་ཕྱོགས་དང་། གཉིས་པ་མདོ་སྨད་ཙོང་ཁར་ཡོད་”①ཅེས་འཁོད་འདུག     དེ་ལས་གཞན་《མདོ་སྨད་ཆོས་འབྱུང》དུའང་མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས་གླེང་སྐབས་་དང་དང་འདྲ་བ་ཞིག་བརྗོད་འདུག དེ་དག་གིས་རྒྱལ་སྲས་སམ་ཁྲི་གནམ་ལྡེ་དཔོན་ནི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་པ་ར་སྤྲོད་བྱེད་པ་ཡིན་ནོ། དེས་ན་རྒྱལ་སྲས་སམ་ཁྲི་ལྡེ་ནི་གླང་དར་མ་ནས་བརྩིས་པའི་གདུང་རབས་ལྔ་བ་དང་འོད་སྲུང་ནས་བརྩིས་པའི་བཞི་བ་ཡིན།  རྒྱའི་ལོ་རྒྱུས་ཡིག་ཚང་དུ་སྤྱི་ལོ་977ལོར་འཁྲུངས་ཤིང་1065ལོར་གྲོངས་པ་རེད་ཟེར།  དེ་ནི་ཡིན་པར་འདོད་དེ་གདུང་རབས་བརྩིས་པས་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་དུ་འཚོ་བཞུགས་གནང་པ་ཞིག་ཡིན་པ་བློས་དཔོག་ཐུབ་བོ།།  
             གསུམ། རྒྱལ་སྲས་ཀྱི་འཁྲུངས་ཡུལ་ལ་དཔྱད་པ།  
             རྒྱལ་སྲས་ཀྱི་འཁྲུངས་ཡུལ་ཐད་དུ་ལོ་རྒྱུས་དཔྱད་ཡིག་ཏུ་བརྗོད་ཚུལ་མང་ཞིང་ཪྙོག་འཛིང་ལྡན་པས་ད་ལྟའི་གནས་གང་ཡིན་པ་ངོས་འཛིན་དཀའ།《 སུང་གི་ལོ་རྒྱུས་ལས་ཐུ་བྷོད་ཀྱི་སྐོར》དང《སྲིད་སྐྱོང་ཀུན་གསལ་མེ་ལོང་མཐུད་འགོད་རྒྱས་མ》གཉིས་ཀྱིས་ཀོ་ཁྲང་མོ་ཡུའི་རྒྱལ་ཁམས་(高昌磨榆国)ནས་འཁྲུངས་ཞེས་ཞལ་ཁ་མཐུན། འོརྣ་ཏེ་《ལིང་ཕིང་རྩོམ་བཏུས》ལས་མོ་ཡུའི་རྒྱལ་ཁམས་(磨榆国)ནས་སྐྱེས་ཟེར་བ་ཙམ་ལས་མེད།  《ལིག་ཆོན་རྩོམ་བཏུས》སུ་ནུབ་ཁུལ་ཝུའུ་སན་མས་(西域武三咩)ནས་འཁྲུངས་ཞེས་འཁོད་ཡོད་པར་མ་ཟད། ད་དུང་གནས་དེ་ནས་ཕྱིས་སུ་རྒྱལ་སྲས་ལགས་བཞུགས་སའི་ཆུ་འཕང་མཁར་བར་དུ་བོད་ཀྱི་རིགས་རྒྱུད་ཚོ་བ་ཁག་མང་པོས་ཆོད་ཡོད་ཕྱིར་བར་ཐག་ཤིན་ཏུ་རིང་ཞེས་ཀྱང་ཟེར།  དེས་ན་འདིར་གསལ་བའི་“ཀོ་ཁྲང་མོ་ཡུའི་རྒྱལ་ཁམས་”དང་“ནུབ་ཁུལ་ཝུའུ་སན་མས”་ཟིར་བའི་ས་གནས་གཉིས་གང་ལ་ངོས་འཛིན་པའི་ཐད་དུ།  རྒྱ་ནག་གི་ལོ་རྒྱུས་སྨྲ་མཁན་འབྲུ་ཆིལ་ཡན་གྱིས་སྒྲ་བརྗོད་པ་འདྲ་བ་བྱེད་ནས་ཀོ་ཁྲང་མོ་ཡུའི་རྒྱལ་ཁམས་ནི་བོད་ལྗོངས་ཀྱི་མང་ཡུལ་ལམ་མར་ཡུལ་དང་ནུབ་ཁུལ་ཝུའུ་སེན་མས་ནི་དབུས་བསམ་ཡས་ཀྱི་སྒྲ་དོད་དུ་བྱེད་ནས་བསམ་ཡས་དགོན་ཡིན་པར་ངོས་འཛིན་གནང་འདུག མར་ཡུལ་ནི་གཞིས་ཀ་རྩེ་ས་ཁུལ་གྱི་སྐྱིད་ལུང་ལྷོ་ཕྱོགས་ཀྱི་གནས་དེར་གོ་ཞིང་། མང་ཡུལ་ནི་སེང་གེ་གཙང་བོའི་མར་བརྒྱུད་ལ་དྭགས་དང་འབྲེལ་བའི་ས་གནས་རྒྱ་ཆེན་པོ་དེར་ངོས་འཛིན། ས་གནས་འདི་གཉིས་ནི་འོད་སྲུང་གི་རྒྱུད་པ་རྣམས་འཚོ་བཞུགས་གནང་ས་ཡིན་ནོ།།  དེ་བས་་གོང་དུ་མོ་ཡུའི་རྒྱལ་ཁམས་སྒྲ་དོད་འདྲ་བ་རྒྱུ་མཚན་དུ་དྲངས་ནས་རིགས་བསྒྲེ་བྱེད་པའང་དོན་ལ་གནས་འདུག་བསམ། གཞན་ད་དུང་རྒྱའི་ལོ་རྒྱུས་ཡིག་ཚང་ཞིག་ཏུ་རྒྱ་ནག་གི་ཚུལ་ཁྲིམས་ལ་གནས་པའི་མི་གསུམ་རྒྱ་གར་ནས་ཆོས་ཉམས་ལེན་བྱས་ཏེ་ཕྱིར་ལོག་དུས་མོ་ཡུའི་ལི་(磨逾里)དང་བསམ་ཡས་དགོན་བརྒྱུད་ནས་འོངས་ཞེས་བྲིས་འདུག་པས་ཀྱང་ར་སྤྲོད་ཐུབ། མང་ཡུལ་ཅེས་པ་སྒྲ་བསྒྱུར་བ་མ་འདྲ་བས་མོ་ཡུའི(磨榆国)དང་མོ་ཡུའི་ལི་(磨逾里)ཞེས་བྲིས་པ་ཙམ་རེད།  འོན་ཀྱང་ཀོ་ཁྲང་ནི་ཐུ་ཧྥན་གྱི་མངའ་ཁོངས་ལ་གཏོགས་པས་ཅི་ཕྱིར་མོ་ཡུའི་སྔོན་དུ་བརྗོད་པ་ཡིན་ནམ། ཡང་ན་ཀོ་ཁྲང་ཟེར་བའང་བོད་ལྗོངས་ཀྱི་ས་ཆ་ཞིག་ལ་ངོས་བཟུང་ན་ཆོག་གམ།  ཡང་ན་ལོ་རྒྱུས་སྨྲ་བ་རྣམས་ལ་གོ་འཛོལ་བྱུང་བ་ཡིན་ནམ།  ལོ་རྒྱུས་ཡིག་ཆའི་ནང་བཀོད་མེད་པས་དོགས་གནད་ཅིག་ཏུ་གྱུར་པ་ཡིན་ནོ།   
གསུམ་པ།  ཙོང་ཁའི་སྲིད་དབང་བཙུགས་པའི་ཀྱག་ཀྱོག་གི་བརྒྱུད་རིམ།
             བོད་བཙན་པོ་རྒྱལ་རབས་ཀྱི་སྲིད་སྐྱོང་མཁན་མཐའ་མ་འུ་དུམ་བཙན་པོ་ཁྲིར་འཁོད་རྗེས། དབུས་གཙང་ཕྱོགས་སུ་ཆོས་བསྣུབས་པས་ལོ་བརྒྱ་ཕྲག་རིང་དར་སྤེལ་བྱེད་པའི་ནང་ཆོས་ཀྱི་འདུལ་ཁྲིམས་དང་དགོན་སྡེ་སོགས་རྨེག་མེད་དུ་གཏོང་བའི་ཉེན་ཁ་རེག་པ་མ་ཟད། ཕྱིས་སུ་ལོ་དུ་མའི་ནང་དུ་སེར་གཟུགས་ཅན་ཞིག་མཐོང་རྒྱུ་མེད་པ་ལྟ་བུ་བཟོས། དེའི་ཚུལ་《དེབ་ཐེར་དམར་པོ་གསར་མ》ལས་“དི་ནས་བདུད་ཀྱི་སྤྲུལ་བ་སྟེ། ། རྒྱལ་པོ་དུད་འགྲོའི་མིང་ཅན་བྱུང་།། དེ་ཡི་ཐུགས་ལ་གདོན་གསོལ་ནས། ། ལྷ་ཁང་དགྱེལ་ཞིང་དམ་ཆོས་བསྣུབས།། སྡེ་སྣོད་འཛིན་པའི་སྲོག་ཀྱང་བཅད། ཆོས་མཛད་ཐམས་ཅད་གསོད་ཀྱང་འཇོམས།། གླེགས་བམ་ཐམས་ཅད་མེ་ལ་བསྲེགས།། བླ་མ་སློབ་དཔོན་བྲན་དུ་བཀོལ།། རབ་བྱུང་བཙུན་པ་ཆོས་དང་བྲལ།། དགེ་འདུན་རྣམས་ལ་བཤན་པ་བཅོམ།། སངས་རྒྱས་ན་བཟའ་ཆུ་ལ་བསྐྱུར། རྟེན་གསུམ་མཆོད་ཆ་རྡོ་ཡིས་བརྡུངས།།ཆོས་ཀྱི་མིང་ཡང་མེད་པར་བྱེད།།དེ་ནས་ཡེར་བའི་བྲག་ཁུང་ན།། ཕྱག་ན་རྡོ་རྗེ་སྤྲུལ་བ་སྟེ།། དཔལ་ཞེས་བྱ་བའི་དགེ་སློང་གིས།།སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར།། དེ་ནས་ལོ་སྐོར་འགའ་ཡི་བར།།(ལོ་བསྐོར་དྲུག་དང་ལོ་རྐྱང་ལྔ )སངས་རྒྱས་བསྟན་པ་མེད་པར་འགྱུར། ཨེ་མ་སེམས་ཅན་སྙིང་རེ་རྗེ།།”①ཞེས་བྲིས་འདུག་པར་བལྟས་ན་ནང་ཆོས་ཕལ་ཆེར་ཤུལ་མེད་ཙམ་དུ་བཏང་ཡོད་པ་ཤེས་ཐུབ།  འོན་ཀྱང་ཙོང་ཁའི་ཡུལ་གྲུ་འདི་ནི་རྒྱལ་སྲིད་ཀྱི་ལྟེ་བར་གྱུར་བའི་དབུས་གཙང་གི་མཐའ་མཚམས་སུ་གནས་ཤིང་ལོ་རྒྱུས་ཀྱི་གྱོང་ཆེན་པོ་འདི་མ་རེག་པའི་སྔོན་དུ་བཙན་པོ་རྒྱལ་རབས་འཐོར་ཞིག་ཏུ་སོང་རྐྱེན།  གནས་འདིའི་ནང་ཆོས་ཀྱི་དད་མོས་ལ་དེ་འདྲའི་གཏོར་བརླག་ཐེབས་མེད་ལ་ཆོས་བསྣུབས་ཤིང་དགེ་འདུན་པ་རྣམས་བཙན་གྱིས་སྐྱ་སར་ཕབ་ཏུ་བཅུག་པའི་རྐྱེན་ངན་བར་ཆད་བྱུང་མེད། དེ་ནི་ཕྱིས་སུ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་ཚིག་ཟིན་ཙམ་གྱིས་ཀྱང་རྟོགས་སླའོ། དེ་ཕྱིར་སྤྱི་ལོ་དུས་རབས་བཅུ་གཅིག་པར་དམངས་ཁྲོད་དུ་ནང་ཆོས་ཀྱི་ཤུགས་རྐྱེན་སྔར་བཞིན་གནས་ཤིང་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཡིན་པར་སྒྲོག་པའི་བཙན་པའི་སྣང་བཪྙན་ལ་ད་དུང་གསོན་ཤུགས་ལྡན།  གལ་སྲིད་བཙན་པོའི་གདུང་རྒྱུད་ཅིག་ཡུལ་གྲུ་འདིའི་ཆབ་སྲིད་ཀྱི་མགོ་བར་བསྐོས་ན་སྤྱི་ཚོགས་ཐོག་ཐེབས་པའི་ཤུགས་རྐྱེན་གཞན་ལས་ཆེ་བ་སྨོས་མེད་རེད།  དེ་ཕྱིར་ཙོང་ཁའི་ཕྱོགས་སུ་གནས་པའི་ཚོ་དཔོན་དག་གིས་མང་ཆོགས་ཁྲོད་དུ་སྙན་གྲགས་ལྡན་པའི་བཙན་པོའི་གདུང་རྒྱུད་ཅིག་འཚོལ་བར་རེ་བ་བཅངས་པ་རེད། དེ་འདྲའི་ཆབ་སྲིད་མི་སྣ་ཞིག་གཞན་དག་སྐུལ་སློང་བྱེད་པའི་བ་དན་བྱས་ན་ཁ་འཐོར་དུ་གནས་པའི་ཚོ་ཁག་རྣམས་གཅིག་གྱུར་ཡོང་བར་མཐུན་རྐྱེན་བསྐྲུན་ཐུབ་པར་མ་ཟད།  དེ་དང་ཆབས་ཅིག་རང་ཉིད་ཀྱི་སྟོབས་ཤུགས་ཀྱང་རྒྱས་ཐུབ་པ་ཡིན་ནོ།།
             གཅིག རྒྱལ་སྲས་ཆབ་སྲིད་ཀྱི་ལས་ལ་ཞུགས་པའི་སྐོར།  
             གོང་དུ་གསལ་བའི་རྒྱའི་ལོ་རྒྱུས་ཡིག་ཪྙིང་དག་གིས་བཤད་པ་ལྟར་ན། དང་ཐོག་ཧི་ཀྲིག་ས་ཁུལ་གྱི་ཚོང་དཔོན་དཔལ་ལྷ་ཡེ་ཤེས་ཟེར་བ་ཞིག་ནུབ་ཁུལ་ཀོ་ཁྲང་(新疆吐鲁番དེང་གི་ཤིན་ཅང་ཐུ་ཧྥན)དུ་ཚོང་གཉེར་ཕྱིན་ནས་ལོ་བཅུ་གཉིས་ལ་སོན་པའི་བཙན་པོའི་གདུང་རྒྱུད་དེ་དང་འཕྲད།  ཁོའི་ཁྱད་མཚར་གྱི་གཟུགས་བྱད་དང་ལྷག་པར་དུ་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་པ་རྟོགས་ནས་རྗེས་ཕྱོགས་འཕེལ་རྒྱས་ཀྱི་ལམ་བུ་ཡངས་པོ་ཡོད་པར་དགོངས་ཏེ་གོང་བཀུར་དང་བཅས་སྟོབ་རྫོང་མཁར་དུ་ཁྲིད་ཡོང་བ་རེད། མི་འགྱངས་བར་ཚོ་དཔོན་ཟིང་པོ་ཁྲི་སྲིད་རྗེས་ཡུ་དང་མཁར(དེང་གི་ཀན་སུའི་ཟུང་ཆུ་རྫོང་གི་ཁོངས་གཏོགས)དུ་སྤྱན་དྲངས་ཏེ་བཀའ་གཙིགས་①བཅའ་བར་བརྩམས།། སྐབས་དེར་ཙོང་ཁའི་ཡུལ་ན་ཤུགས་རྐྱེན་ཅུང་ཆེ་ཤས་ཀྱི་ཚོ་དཔོན་ཀླུ་བཙུན་(李立遵)དང་རྨེའུ་ཁྲོམ་(邈川)ས་ཁུལ་(དེང་མཚོ་སྔོན་གྲོ་ཚང་གི་ཁོངས་གཏོགས་)གྱི་ཚོ་དཔོན་བོན་པོ་རྗེ་(温逋奇)གཉིས་ཀྱིས་ཀྱང་ཧི་ཀྲིག་ས་ཁུལ་དུ་བཙན་པོའི་གདུང་རྒྱུད་ཅིག་ཕེབས་ཡོད་ཚུལ་ཐོས་ནས།  ཀླུ་བཙུན་གྱིས་མྱུར་དུ་དཔུང་ཤུགས་ལ་བརྟེན་ནས་རྒྱལ་སྲས་ཁྲི་གནམ་ལྡེ་དཔོན་ཟིང་པོ་ཁྲི་སྲིད་རྗེའི་ལག་ནས་བཙན་ཁྲིད་བྱས་ཏེ་ཁོ་ཀྲིག་(廓州དེང་གི་མཚོ་སྔོན་བ་ཡན་གྱི་ཁོངས་གཏོགས)ཏུ་ཁྲིད་ཡོང་། སུང་གི་ལོ་རྒྱུས་གལ་ཆེན་རྣམས་གཅིག་ཏུ་བསྡུས་པའི་ཟིན་བྲིས》(《宋会要辑稿》)དུ་བཤད་པ་ལྟར་ན།  གནས་དེ་ནས་བཀའ་གཙིགས་བཅས་པར་མ་ཟད་རྒྱལ་སྲས་ཁྲི་གནམ་ལྡེ་དཔོན་ལ་་དང་བཀུར་གྱིས་“སྤྱི་དཔོན”དུ་བསྐོས་པ་རེད་ཟེར། དེ་ནས་ཙོང་ཁའི་ཚོ་བའི་མཐའ་འཁོར་ན་ཡོད་པའི་ཚོ་ཁག་དག་གིས་རིམ་པར་ཀླུ་བཙུན་ལ་མགོ་བཏགས་པས་སྟོབས་ཤུགས་རྒྱས་པ་རེད་ཅེས་ཀྱང་བྲིས་འདུག    ཕྱིས་སུ་ཀླུ་བཙུན་གྱིས་རང་ཉིད་ཀྱི་དབང་བསྒྱུར་གྱི་ལྟེ་གནས་ཁོ་ཀྲིག་ནས་དཔལ་འབྱོར་གྱི་རྨང་གཞི་ཅུང་ལེགས་པའི་ཙོང་ཁའི་མཁར་(宗哥城དེང་གི་མཚོ་སྔོན་ཕིན་ཨན་རྫོང་གི་ཁོངས་གཏོགས)དུ་སྤར་ནས་རྒྱལ་སྲས་ལགས་“སྤྱི་དཔོན”དུ་བཀུར་ཞིང་རང་ཉིད་བློན་གྱི་ཚུལ་དུ་བསྡད་དེ་ཙོང་ཁའི་ཡུལ་གྲུ་ཀུན་གཅིག་གྱུར་བྱེད་པའི་ལས་བསྒྲུབ།   
             ཀླུ་བཙུན་ལ་མངའ་འབངས་རྣམས་ཀྱིས་རིན་པོ་ཆེ་ཞེས་འབོད་པའི་མིང་གཞན་ཞིག་ཀྱང་ཡོད་ལ། དེ་ནི་བླ་མ་ཆེན་པོའི་ཞེ་ས་ཡིན། རྒྱའི་ལོ་རྒྱུས་སྨྲ་མཁན་ཁ་ཤས་ཀྱིས་རྒྱའི་ཡིག་ཚང་ཅིག་ཏུ་རྒྱལ་སྲས་ནི་ནུབ་ཁུལ་གྱི་བཙུན་པ་ཀླུ་བཙུན་གྱིས་ཧི་ཀྲིག་ཏུ་སྤྱན་དྲངས་ནས་ཡོང་བ་ཡིན་ཞེས་འཁོད་པ་ལུང་བྱས་ཏེ།“ཀླུ”་ནི་ལི་ཡུལ་(今新疆于阗)ལ་ངོས་བཟུང་ནས་ལི་ཡུལ་ས་ཁུལ་ནས་ཐོན་པའི་བཙུན་པ་ཞིག་ཏུ་ཐག་བཅད་འདུག དེར་ད་དུང་གོམ་གང་མདུན་སྤོས་སྒོས་བརྟག་དཔྱད་གཏོང་དགོས་པ་རེད། འོན་ཀྱང་ཀླུ་བཙུན་དང་ཐོག་རབ་བྱུང་པ་ཞིག་ཡིན་པ་ལས་ཕྱིས་སུ་འཇིག་རྟེན་གྱི་ཁྱིམ་ཐབ་སྐྱོང་བ་ཡིན་པ་ཀུན་གྱི་ཞལ་མཐུན།  དེ་བས་འདི་ནི་གཏན་ཁེལ་ཐུབ་པ་ཞིག་ཡིན་ཏེ་ཁོས་སྲིད་དོན་ལ་གཞོལ་བའི་སྐབས་མང་ཚོགས་ནང་དུ་ཆོས་ལུགས་དང་འབྲེལ་པའི་བྱེད་ཐབས་བེད་སྤྱད་ན་མི་རྟ་སྡུད་ཐུབ་པའི་གནས་ལུགས་ཏོགས་ཡོད་ལ། ལྷག་དོན་དུ་“རྒྱལ་སྲས”ཀྱི་དར་ཆ་འདི་ལག་ཏུ་ཚུད་པ་ནས་ཁོ་རང་གི་སྙན་གྲགས་དང་སྤྱི་ཆོགས་ཀྱི་གོ་གནས་སོགས་་གོང་དུ་འཕར་བར་མ་ཟད། “ཚོ་ཁག་གི་སྟོབས་ཤུགས་མྱུར་རྒྱས”་དང་“སྦྲ་ཁྱིམ་མང་དུ་འཕར་ཞིང་དམག་རྟ་གོ་ཧྲག་ཁྲི་ཚོ་དྲུག་བདུན་བརྒལ་བའི་”ཚོ་ཁག་ཆེན་པོ་ཞིག་ཏུ་གྱུར་བ་རེད། དེ་ནས་ཀླུ་བཙུན་གྱིས་རང་ཉིད་ཀྱི་སྔར་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མུ་མཐུད་དུ་འཕེལ་རྒྱས་གཏོང་ཆེད་བྱེད་ཐབས་སྣ་ཚོགས་སྤྱད་ཡོད་པ་རེད།  ཐོག་མར་རང་གི་བུ་མོ་རྒྱལ་སྲས་ཀྱི་བཟའ་ཟླར་བྱིན་ཏེ་རྒྱལ་སྲས་ལགས་དབང་དུ་སྡུད་པར་ཤུགས་སྣོན་བརྒྱབ་པ་དང་། དེ་ནས་བྱང་ཕྱོགས་མཐའ་མཚམས་ཀྱི་ཀན་ཀྲིག་ཧོས་ཧོ་(甘州回鹘)དང་མཛའ་གཅུགས་ཀྱི་འབྲེལ་བ་བཙུགས་ནས་བྱང་ཕྱོགས་ནས་ཡོང་བའི་ཉེན་ཁ་མེད་པར་བཏང་།  ཀླུ་བཙུན་གྱིས་རྒྱལ་སྲས་ལགས་སྤྱི་དཔོན་དུ་བསྐོས་པ་ནས་བཟུང་ཙོང་ཁའི་མཁར་ལྟེ་བར་གྱུར་བའི་སྲིད་དབང་ཅིག་བཙུགས་ཤིང་བོད་ཀྱི་ཚོ་ཁག་གཞན་རྣམས་གཅིག་གྱུར་བྱས་ཏེ་སྟོབས་འབྱོར་མངའ་ཐང་ཆེས་ཆེར་རྒྱས།  
             རང་ཉིད་ཀྱི་མངའ་ཁོངས་རྒྱས་པ་དང་བསྡོངས་ནས་ཀླུ་བཙུན་གྱིས་སུང་རྒྱལ་རབས་ཀྱིས་རང་ཉིད་ལ“བཙན་པོ”ཅེས་པའི་མིང་གསོལ་དགོས་པའི་རེ་བ་ཞུས་པ་རེད། འདིར་དགེ་མཚན་གཉིས་མཆིས་ཏེ།   གཅིག་ནས་ཐང་རྒྱལ་རབས་ནི་རང་ཉིད་ཀྱི་མཐའ་མཚམས་སུ་གནས་པའི་སྟོབས་ཀྱིས་དྲེགས་པའི་ཆབ་སྲིད་ཕྱོགས་ཁག་ཅིག་ཡིན་པ་དང་དེར་མཛའ་མཐུན་གྱི་འབྲེལ་ལམ་འཛུགས་ཐུབ་ན་ཁེ་ཕན་རེག་ཐུབ་པ་ཡིན། དེའི་ཁར་ད་དུང་སྔོན་མར་ཕན་ཚུན་བར་གནས་པའི་འགལ་ཟླའི་སྲུབས་ཀ་དེ་ཡང་ཞིག་གསོ་བྱེད་ཐུབ། གཉིས་ནས་དེ་འདྲའི་མིང་ཅིག་གསོལ་བ་ཡིན་ན་དབང་ཡོངས་རྫོགས་རང་ཉིད་ཀྱིས་འཛིན་ཐུབ་ལ་དོན་དུ་རྒྱལ་སྲས་ནི་མིང་ཙམ་ལས་མེད་པའི་ཐོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་སུང་རྒྱལ་རབས་ཀྱི་སེ་ཁོ་ལ“པོ་ཧྲན་ཅེ་ཏིག་ཧྲི”(保顺军节都使)ཅེས་པའི་དཔོན་གནས་དང་དངོས་རྫས་ཙག་ཙག་གནང་བ་ཙམ་ལས་“བཙན་པོའི་”མིང་ནི་མ་གསོལ་བས་དེ་ནི་ཐེག་པར་དཀའ་བའི་རྡུང་རྡེག་ཅིག་ཡིན་པར་བསམ་པ་རེད། དེ་ནས་ཁོས་སུང་རྒྱལ་རབས་ལ་དགྲར་ལྟ་འཛིན་པ་དང་རྒྱུན་པར་ཝས་ཀྲིག་ས་ཁུལ་དུ་གྱོད་སློང་བ་རེད། སྤྱི་ལོ་1016ལོའི་ཟླ9པར་ཀླུ་བཙུན་གྱི་ཐོག་མར་ཆིན་ཝས་ས་ཁུལ་དུ་གསང་སྟབས་ཀྱིས་མི་མངགས་ནས་དེ་གའི་བོད་མིའི་མགོ་དཔོན་དང་འབྲེལ་འདྲིས་བྱས་ནས་སུང་དམག་མཐར་བསྐྲོད་གཏོང་བའི་ཇུས་བཤམས་པ་དང་།  མི་འགྱངས་པར་ཀླུ་བཙུན་གྱིས་མི་རྟ་ཁྲི་གསུམ་ཙམ་བརྒལ་བའི་དཔུང་དྲངས་ནས་སན་ཏིག་ཀི(三都谷)ནས་སུང་གི་ཆིན་ཀྲིག་སོ་དཔོན་ཚོ་ཝེ་(秦州守将曹讳)དང་འཐབ་པ་རེད། རྒྱའི་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན་ཐེངས་འདིར་སུང་རྒྱལ་རབས་ཀྱིས་ཀྱང་དོ་སྣང་ཆེན་པོ་མཛད་པ་རེད་ཟེར།  རྒྱུ་རྐྱེན་དུ་མའི་དབང་གིས་ཀླུ་བཙུན་གྱིས་གྱོང་རེག་ཞིང་མི་རྟ་སྟོང་ཕྲག་ཙམ་ཞིག་སུང་དམག་གིས་རྡུལ་དུ་བརླག་པ་རེད། སན་ཏིག་ཀི་གཡུལ་འགྱེད་(三都谷战役)ནས་བཟུང་ཀླུ་བཙུན་གྱི་སྟོབས་ཤུགས་ལ་ཉམས་ཉེས་ཆེན་པོ་ཐེབས་ཏེ་ཉམས་རྒུད་དུ་གྱུར་པའི་ལམ་ལ་ཞུགས་པ་རེད། སན་ཏིག་ཀི་གཡུལ་འགྱེད་ནི་རྒྱལ་སྲས་དང་ཀླུ་བཙུན་གཉིས་ཙོང་ཁའི་ཚོ་ཁག་ཁྲོད་གོ་གནས་བརྗེ་རེས་བྱེད་པའི་དཀྱོགས་མཚམས་ཞིག་ཡིན་པར་མ་ཟད། རྒྱལ་སྲས་ཀྱིས་ཕྱིས་སུ་ཚོ་ཁག་སོ་སོར་དབང་བསྒྱུར་ཐུབ་པར་མཐུན་རྐྱེན་ཡང་བསྐྲུན་པ་རེད།    
             ཀླུ་བཙུན་ལ་རྒྱལ་སྲས་ཀྱི་དར་ཚ་འདི་ལེག་ཏུ་ཚུད་པ་ནས་བཟུང་ཙོང་ཁའི་ཕྱོགས་ཀྱི་ཚོ་དཔོན་མང་པོས་ཁོ་ལ་མགོ་བཏགས་ཤིང་སྟོབས་ཤུགས་ཀྱང་མྱུར་དུ་རྒྱས་པ་རེད།   འོན་ཀྱང་གྲུབ་འབྲས་ཀྱི་དཔུང་རྟགས་ཙམ་ཐོབ་པ་ནས་བཟུང་ཁེངས་དྲེགས་ལྡན་ཞིང་སྒེར་དོན་ཁོ་ནར་འབད་པའི་མི་ཞིག་ཏུ་གྱུར་ཡོད་པའི་ཁར། སུང་རྒྱས་རབས་དང་འཐབ་ནས་སྟོབས་ཤུགས་འཕྲོ་བརླགས་སུ་བཏང་རྐྱེན་ཚོ་ཁག་སོ་སོར་གནས་པའི་སྙན་གྲགས་མར་ལྷུང་མགོ་བརྩམས། རྒྱལ་སྲས་ནི་དེ་ལས་ལྡོག་སྟེ་ནར་སོན་པ་དང་བསྡོམས་ནས་ཙོང་ཁའི་བོད་མི་ཀུན་གྱི་གོང་བཀུར་ཐོབ་པ་རེད།  རྒྱལ་སྲས་ལགས་ཀླུ་བཙུན་གྱི་རྗེས་འབྲངས་ནས་ལོ་ཟླ་ཞག་མཐུད་ཀྱིས་དགྲ་འཐབ་དང་གཡུལ་འགྱེད་ལ་ཞུགས་པས། ཉམས་མྱོང་ཇེ་ཕྱུག་དང་སྤྱི་ཚོགས་ཤེས་བྱ་རིམ་བཞིན་ཕུན་སུམ་ཚོགས་པར་སོང་བ་དང་། ཀླུབཙུན་གྱི་ལས་དང་བྱ་བ་ཐམས་ཅད་ལ་ངོས་འཛིན་དང་དོགས་ཟོན་བྱེད་པའི་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་པ་རེད། ལྷག་པར་དུ་ཀླུ་བཙུན་གྱིས་སུང་རྒྱལ་རབས་ཀྱིས་རང་ཉིད་ལ་“བཙན་པོའི”་མིང་གསོལ་དགོས་པའི་རེ་བ་བཏོན་པ་དེས་རྒྱལ་སྲས་ལ་ཅོང་བརྡ་ཞིག་སྒྲོག་ཡོད་པ་ནི་མངོན་གསལ་རེད། གལ་ཏེ་རང་ཉིད་ཀྱིས་མིང་དོན་མི་མཚུངས་པའི་གནས་བབ་འདི་མྱུར་བར་མ་བསྒྱུར་ན་ཐོ་ལྟར་དུ་གྱུར་བའི་མིང་བྱང་ཡང་དོ་དམ་བྱེད་པར་དཀའ་བར་སེམས་ནས་ཀླུ་བཙུན་དང་བྲལ་ཐབས་བྱེད་པ་རེད།  མཐར་འགལ་ཟླ་དེ་ཇེ་ཆེར་གྱུར་ནས་ཁ་བྲལ་གྱི་ལམ་དུ་ཞུགས་པ་རེད།   
             ཙོང་ཁའི་མཁར་དང་ཉེ་བའི་ས་ཆ་འདི་དག་ནི་ཀླུ་བཙུན་གྱི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཡིན་ཕྱིར་རྒྱལ་སྲས་ཀྱིས་རང་ཉིད་ཀྱིས་དབང་བསྐུར་ཐུབ་པའི་སྲིད་དབང་ཅིག་འཛུགས་དགོས་ན་ཡུལ་ཕྱོགས་གཞན་ཞིག་ཏུ་འགྲོ་དགོས་པའི་གནད་ལ་ཐུག་ཡོད། རྒྱལ་སྲས་ཀྱིས་མངའ་འོག་རྣམས་ཁྲིད་དེ་གྲོ་ཚང་ལ་གནས་སྤར་ནས་གྲོ་ཚང་གི་ཚོ་དཔོན་བོན་པོ་རྗེ་ལ་མགོ་བཏགས་པ་རེད། རྒྱལ་སྲས་འཁོར་དང་བཅས་པ་གྲོ་ཚང་དུ་ཕྱིན་པའི་ལོ་ཚིགས་ཀྱི་ཐད་ལ་རྒྱའི་ལོ་རྒྱུས་སྨྲ་བ་ཚོས་ཚོད་དཔོག་བྱས་ནས་སྤྱིལོ་1023ནས་1024བར་ཡིན་པ་ཐག་གིས་ཆོད་འདུག   
             གཉིས། རྒྱལ་སྲས་ཀྱིས་སྲིད་དབང་འཛུགས་མགོ་བརྩམས་པ།   
             གྲོ་ཚང་ནི་ཙོང་ཆུའི་དཀྱིལ་རྒྱུད་དུཆགས་ཤིང་མཁའ་དབུགས་འཇམ་ལ་དྲོད་ཚད་སྙོམས་པས་ཞིང་ཕྱུགས་ལས་སྤེལ་སའི་གནས་ལེགས་ཤོས་ཤིག་ཡིན་པར་མ་ཟད། འགྲིམ་འགྲུལ་གྱི་འདུ་གནས་ཤིག་ཀྱང་ཡིན་པས་སྟོབས་ཤུགས་ཁག་སོ་སོས་འཕྲོག་རྩོད་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད། རྒྱལ་སྲས་གྲོ་ཚང་དུ་བསླེབས་རྗེས་བོན་པོ་རྗེ་གཙོས་པའི་ས་གནས་ཚོ་དཔོན་ཚང་མས་རྒྱལ་སྲས་སྤྱི་དཔོན་ལ་བསྐོས་ཤིང་རང་ཉིད་བློན་གྱི་ཚུལ་དུ་བསྡད་པ་ཡིན་ཟེར།  ཁོ་ཆོས་ཁ་འཐོར་དུ་གནས་པའི་ཚོ་ཁག་དག་གཅིག་གྱུར་བྱེད་པ་དང་དཔུང་ཤུགས་རྒྱས་ཆེད་ཐོག་མར་སུང་རྒྱལ་རབས་དང་འབྲེལ་བ་བཙུགས་པ་རེད། སྤྱི་ལོ་1031ལོའི་ལོ་སྨད་དུ་ལག་རྟེན་མི་ཉུང་བ་ཞིག་ཐོགས་པའི་བོན་པོ་རྗེའི་ཚ་བོ་ཕོ་ཉའི་ཚུལ་དུ་སུང་རྒྱལ་རབས་ལ་མངགས་ཏེ་མཛའ་གཅུགས་ཀྱི་འབྲེལ་བ་འཛུགས་འདོད་ཀྱི་བསམ་ཚུལ་བསྟན། སུང་རྒྱལ་རབས་ཀྱིས་ཀྱང་སྣེ་ལེན་རྒྱ་ཆེན་པོ་བྱེད་པ་མ་ཟད་རྟེན་འབུལ་གྱ་ནོམ་པ་ཞིག་བྱིན་པ་རེད། རྗེས་སུ་མུ་མཐུད་དུ་ཕན་ཚུན་ལ་འགྲོ་འོངས་བྱས་པས་མཛའ་མཐུན་གྱི་འབྲེལ་བ་ལེགས་པོ་ཆགས་པ་དང་། སྤྱི་ལོ་1032ལོའིཟླ་8པར་སུང་རྒྱལ་རབས་ཀྱིས་རྒྱལ་སྲས་དང་བོན་པོ་རྗེ་གཉིས་ལ་དམག་དཔོན་ཆེན་པོ་ཡིན་པའི་གསེར་ཡིག་གནང་བ་དང་། རྒྱལ་སྲས་ལ་ཟླ་རེར་གོས་ཆེན་འཐག་མགོ་བཅོ་ལྔ། ཇ་རྒྱ་མ་བཅོ་ལྔ་དང་ཇ་ཐོར་རྒྱ་མ་ལྔ་ཅུའི་སྐྱེས་དང་། བོན་པོ་རྗེར་གོས་ཆེན་འཐག་མགོ་བཅུ། ཇ་རྒྱ་མ་ལྔ་དང་ཇ་ཐོར་རྒྱ་མ་ལྔ་ཅུའི་ཕོགས་ཐོབ་བཞིན་ཡོད་པ་རེད།    
             བོན་པོ་རྗེ་ཡང་ཀླུ་བཙུན་དང་འདྲ་བར་ཧམ་པའི་མྱུ་གུ་གཏིང་ནས་འབུས་ཏེ་“བློན་པོའི”གོ་གནས་དེས་ཡིད་མ་ཚིམས་པར་རྒྱལ་སྲས་ཀྱི་ཚབ་བྱས་ཏེ་དབང་ཆ་ཡོངས་རྫོགས་འཕྲོག་འདོད་ཀྱི་བསམ་ངན་སྐྱེས་པ་རེད། ཁོས་རང་ཉིད་ཀྱི་ཁེ་དབང་སྤྱད་ནས་“ཕོ་བྲང་སྲིད་འགྱུར”ཞེས་གྲགས་པའི་ལྐོག་ཇུས་ཤིག་བསླངས་པ་རེད།  ཐོག་མར་ཁོས་རྒྱལ་སྲས་དོང་ཞབས་མེད་ཅིག་ཏུ་བཙོན་ལ་བཀག་ཅིང་།  དེ་ནས་རྒྱལ་སྲས་ཀྱི་རྗེས་འབྲངས་པ་རྣམས་རེ་རེ་བཞིན་འཛིན་བཟུང་བྱས་ཏེ་དམར་གསོད་བྱས་པ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་རྒྱལ་སྲས་ལ་ལྟ་སྲུང་བྱེད་མཁན་ནི་བོན་པོ་རྗེའི་རྗེས་འབྲངས་རྣལ་མ་ཞིག་མ་ཡིན་པར།  ཕལ་ཆེར་བཙན་པོའི་རིགས་རྒྱུད་འདིར་མཚར་སྣང་སྐྱེས་པས་རོགས་བྱས་ཏེ་འབྲོ་རུ་བཅུག་པ་རེད། རྒྱལ་སྲས་དོང་ལས་ཐར་རྗེས་རང་ཉིད་ཀྱི་སྙན་གྲགས་དང་ནུས་ཤུགས་ལྡན་པའི་འབོད་སྐུལ་ལ་བརྟེན་ནས་དམག་བསྡུས་ཏེ་བོན་པོ་རྗེ་དང་ཁོའི་རྗེས་འབྲངས་པ་རྣམས་རྡུལ་དུ་བརླགས་པར་མ་ཟད། ཐེངས་འདིའི་སྲིད་འགྱུར་མྱུར་བར་ཞི་འཇགས་སུ་བཏང་པ་རེད།   
             བོན་པོ་རྗེས་བསླངས་བའི་སྲིད་འགྱུར་ཞི་འཇགས་སུ་བཏང་ཟིན་ནའང་གྲོ་ཚང་ས་ཁུལ་ནི་ཇི་ལྟར་བཤད་ཀྱང་བོན་པོ་རྗེ་ཡིས་ལོ་མང་པོའི་རིང་བདག་གཉེར་བྱེད་ས་ཡིན་ཕྱིན། གལ་སྲིད་རྒྱལ་སྲས་ཀྱིས་གནས་འདི་ནས་རྐང་ཚུགས་ན་བཀག་རྒྱ་མི་ཉུང་བ་ཞིག་ཐེབས་པ་ནི་ཁག་ཐེག་རེད། ཁོས་ཀྱང་ལེགས་ཉེས་ལ་བསམ་གཞིགས་བཏང་རྗེས་འཁོར་རྣམས་ཁྲིད་དེ་ཆུ་འཕང་མཁར་(青唐城)དུ་གནས་སྤར་བ་རེད། ཕྱིས་ཀྱི་ལོ་བརྒྱ་ཕྲག་རིང་ལ་རྒྱལ་སྲས་ཀྱིས་ཆུ་འཕང་མཁར་གཞི་རྐང་བྱས་ཏེ་རང་ཉིད་ལ་དབང་བའི་སྲིད་དབང་ཅིག་འཛུགས་མགོ་བརྩམས་པ་དང་། དུས་ཡུན་རིང་པོ་ཞིག་ལ་ཆུ་འཕང་མཁར་ནི་མཚོ་སྔོན་དང་ཀན་སུའུ་ན་གཞིས་སྡོད་བྱེད་པའི་བོད་མི་རྣམས་ཀྱི་ཆབ་སྲིད་དང་། དཔལ་འབྱོར།  རིག་གནས་དང་ཆོས་ལུགས་བཅས་ཀྱི་ལྟེ་བར་གྱུར་པ་ཡིན་ཞེས་ཀྱང་གྲགས།   
             དེས་ན་ཆུ་འཕང་མཁར་ཟེར་བ་དེ་དེང་གི་ས་ཆ་གང་ལ་ངོས་འཛིན་དགོས་པའི་ཐད་དུ། རྒྱའི་ལོ་རྒྱུས་ཡིག་ཚང་དུ་“ཆུ་འཕང་མཁར་ཅེས་པ་ཐང་གི་སྐབས་སུ་ཧྲན་ཀྲིག་ཅེས་འབོད་ལ་ཐང་སི་ཙོང་གི་སྐབས་སུ་བོད་ཀྱི་ལག་ཏུ་ཚུད་པ་ནས་བཟུང་ཆུ་འཕང་མཁར་ཅེས་པའི་མིང་བཏགས་པ་རེད”ཅེས་འཁོད་པར་བརྟག་ན་ཟི་ལིང་མཁར་ཡིན་ཏེ། “ཧན་ཀྲིག”(鄯州)ནི་ཐང་གི་སྐབས་སུ་ཟི་ལིང་གི་ས་མིང་ཡིན་ནོ།།  གཞན་ཟི་ལིང་དུ་ད་དུང་རྒྱལ་སྲས་ཀྱི་ཕོ་བྲང་ཡིན་པར་གྲགས་པའི་གནས་ཤུལ་ཡང་མཇལ་རྒྱུ་ཡོད་དོ། བོད་ཀྱི་ལོ་རྒྱུས་སྨྲ་བས་གནའི་མཁས་བ་དག་གིས་བོད་ཀྱི་ཡུལ་གྲུ་རྣམས་སོ་སོར་བགོ་སྐབས་དབུས་གཙང་ཆོས་ཀྱི་ཆོ་ག  མདོ་སྟོད་མིའི་ཆོ་ག་དང་མདོ་སྨད་རྟའི་ཆོ་ག་ཞེས་འབྱེད་སྲོལ་ཡོད་ལ། མདོ་སྨད་ཀྱི་ཆོ་ག་འདིར་ཡང་ཉི་ཟླ་རི་བོའི་ཤར་ཕྱོགས་འབྲོག་ལས་གཙོ་བོར་གྱུར་པ་ལ་གཡར་མོ་ཐང་དངཤར་ཕྱོགས་ཞིང་ལས་ཀྱིས་ཁུལ་དག་ལ་གྱི་ཐང་ཞེས་བཏགས་ཡོད་པ་རྒྱུ་མཚན་དུ་དྲངས་ནས་“གྱི་ཐང་”ཅེས་པ་རྒྱ་ཡིག་ཏུ་“ཆུ་འཕང” (青唐)ཞེས་བསྒྱུར་པ་རེད་ཟེར།  དེ་རྒྱུ་མཚན་དོན་ལ་གནས་འདུག་སྙམ་སྟེ《རྒྱ་བོད་ཚིག་མཛོད་ཆེན་མོའི》ནང་དུའང“གྱི་ཐང་ཅེས་པ་ནི་ཙོང་ཁའི་གནའི་ས་མིང་ཡིན་ལ།  མཚོ་སྔོན་པོའི་ཤར་ཕྱོགས་རྨ་ཆུའི་རྒྱུད་དུ་ཆགས་ཤིང་བྱེ་བྲག་ཏུ་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཁོངས་སྐུ་འབུམ་དགོན་ཡོད་སའི་མིང”ཅེས་འགྲེལ་མཛད་འདུག་པར་གཞིགས་ན་ཕལ་ཆེར་ཟི་ལིང་ལྟེ་བར་གྱུར་བའི་ཉེ་འཁོར་ཞིག་ཡིན་ནོ།   
             རྒྱལ་སྲས་ཁྲི་ལྡེ་ནི་སྤྱི་ལོ་1015ནས་1032བར་གྱི་ལོ་བཅུ་བདུན་ཙམ་གྱི་རིང་ལ་ཙོང་ཁའི་ཀླུ་བཙུན་དང་གྲོ་ཚང་བོན་པོ་རྗེ་སོགས་ཀྱི་བཀུར་བསྟི་བགྱིས་ནས་“སྤྱི་དཔོན”ལྟ་བུ་ཞིག་ཏུ་བསྐོས་ཡོད་མོད། དོན་དུ་ནི་གཞན་གྱི་དབང་དུ་ཚུད་དེ་གཞན་ལ་རྒྱབ་རྟེན་བཅོལ་བའི་གནས་བབ་ལས་ཐར་མ་ཐུབ་པ་རེད། རྒྱལ་སྲས་འཁོར་དང་བཅས་པ་ཆུ་འཕང་མཁར་དུ་གནས་གཞི་སྤར་རྗེས་ད་གཟོད་རང་མགོ་རང་ཐོན་གྱིས་སྲིད་དབང་འཛུགས་མགོ་བརྩམས་པ་དང་ཆུ་འཕང་མཁར་གྱི་བདག་པོ་ལྟ་བུར་གྱུར་པ་རེད། དེ་ནས་ཙོང་ཁའི་ཡུལ་ཕྱོགས་ཀྱི་བོད་མི་རྣམས་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པ་ཞིག་ཏུ་ཞུགས་པ་རེད།
རྩོམ་པ་པོ་ངོ་སྤྲོད།  
             བློ་བཟང་དོན་གྲུབ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2009ལོའི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན།  
             ① བྲུ་ཆི་ཡོན། 《སུང་རྒྱལ་རབས་སྐབས་ཀྱི་བོད་པའི་སྲིད་དབང་ཞིག་སྟེ་རྒྱལ་སྲས་སྲིད་དབང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1987ལོར་ཟི་ལིང་ནས་པར་དུབསྐྲུན། ཤོག་ངོསllན་གསལ།
             ② རྒྱ་ཡིག་གི་དེར་ཐེར་ཁག་ཏུ་ “六谷部” ཞེས་བཀོད་འདུག
             ① བྲུ་ཆི་ཡོན། 《སུང་རྒྱལ་རབས་སྐབས་ཀྱི་བོད་པའི་སྲིད་དབང་ཞིག་སྟེ་རྒྱལ་སྲས་སྲིད་དབང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1987ལོར་པར་དུ་བསྐྲུན། ཤོག་ངོས24ན་གསལ།
             ② བྲུ་ཆི་ཡོན།《 སུང་རྒྱལ་རབས་སྐབས་ཀྱི་བོད་པའི་སྲིད་དབང་ཞིག་ལྟེ་རྒྱལ་སྲས་སྲིད་དབང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1987ལོར་པར་དུ་བསྐྲུན།
             ③ གོང་དང་མཚུངས།
             ④ ཚེ་བརྟན་རྡོ་རྗེའི 《རྒྱལ་སྲས་ཁྲི་གནམ་ལྡེ་དཔོན་བཙན་པོའི་ཐོག་མའི་གནས་ཚུལ་སྐོར་རགས་ཙམ་གླེང་བ།》《ཀྲུང་གོའི་བོད་རིག་པ》 2008ལོའི་དེབ་བཞི་པ།
             ① གོང་དང་མཚུངས།
             ② བྲུ་ཆི་ཡོན།《སུང་རྒྱལ་རབས་སྐབས་ཀྱི་བོད་པའི་སྲིད་དབང་ཞིག་སྟེ-རྒྱལ་སྲས་སྲིད་དབང་།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་l987ལོར་པར་དུ་བསྐྲུན།
             ① ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང་།》 མི་རིགས་དཔེ་སྐྲུན་ཁང་གིས1987ལོར་པེ་ཅིན་ནས་པར་དུ་བསྐྲུན།
             ② པཎ་ཆེན་བསོད་ནམས་གྲགས་པ།《དེབ་ཐེར་དམར་པོ་གསར་མ།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1989་ལོར་ལྷ་སར་པར་དུ་བསྐྲུན།
             ① ནོར་བྲང་ཨོ་རྒྱན།  《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་ཀླུ་དབྱངས་ཀྱི་འགྲེལ་བ།》 མི་རིགས་དཔེ་སྐྲུན་ཁང་གིས་1993ལོར་པེ་ཅིན་དུ་པར་དུ་བསྐྲུན།
             ① པཎ་ཆེན་བསོད་ནམས་གྲགས་པ།《དེབ་ཐེར་དམར་པོ་གསར་མ།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1989ལོར་ལྷ་ས་ནས་པར་དུ་བསྐྲུན།
             ①“བཀའ་གཙིགས”ཅེས་པ་ལོ་རྒྱུས་ཡིག་ཆའི་ནང་རེག་ཟིག་ཏུ་བཀོད་པ་དོན་གཅིག་ཏུ་བསྡུས་ན་འདི་ལྟར་གོ་བ་ཡིན་ཏེ། ཚོ་ཁག་སོ་སོའི་མགོ་བ་རྣམས་ཀྱིས་མཉམ་སྦྲེལ་སྒོས་ཆབ་སྲིད་ཀྱི་ལས་དོན་ཞིག་བརྩམས་པའི་དུས།། སྤྱིའི་མགོ་བར་གྱུར་བའི་ཚོ་དཔོན་ཆེན་པོ་དེས་ལས་ཞུགས་ཀྱི་ཚོ་དཔོན་གཞན་རྣམས་དང་མཉམ་དུ་ལས་མ་བསྒྲུབ་བའི་སྔོན་ནས་སོ་སོས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གསང་བའི་མནའ་གན་འཇོག་པ་དེར་ཟེར། དེ་ལྟར་བྱེད་ན་ཚོ་ཁག་སོ་སོའི་བྱ་འགུལ་གཅིག་གྱུར་ཡོང་བར་ཕན། རྒྱ་ཡིག་གི་དེབ་ཐེར་ཁག་ཏུ་立文法ཞེས་སྣང་།
             ① བྲུ་ཆི་ཡོན།《སུང་རྒྱལ་རབས་སྐབས་ཀྱི་བོད་པའི་སྲིད་དབང་ཞིག་སྟེ-རྒྱལ་སྲས་སྲིད་དབང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་l987ལོར་པར་དུ་བསྐྲུན།
             ① 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པེ་ཅིན་ནས་པར་དུ་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1