༄༅།།རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས།
རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-21
རྒྱ་ཡེ་བཀྲ་བྷོ།
《མ་ཧཱ་བྷཱ་ར་ཏ》དང《རཱ་མཱ་ཡ་ཎ》གཉིས་ལ་གནའ་བོའི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཞེས་བྱ་ཞིང་། དེ་གཉིས་ནི་གནའ་བོའི་རྒྱ་གར་གྱི་མིའི་བློ་གྲོས་ལས་བྱུང་བའི་རིན་ཐང་གཞལ་དུ་མེད་པའི་རིག་གནས་ཀྱི་གཅེས་ནོར་ཆེན་པོ་གཉིས་ཡིན་པ་དང་། གནའ་བོའི་རྒྱ་གར་གྱི་རིག་གནས་ཀྱི་གྲུབ་ཆ་ཤིན་ཏུ་གལ་ཆེན་ཞིག་ཡིན། སྒྲུང་རབས་ཆེན་མོ་དེ་གཉིས་ནི་སྒྲུང་དང་སྙན་ངག་དང་ཟློས་གར་གྱི་བརྩམས་ཆོས་མང་པོའི་བརྗོད་གཞི་གང་ལས་འབྱུང་བའི་ཟད་མེད་ཀྱི་བང་མཛོད་དང་། ཤེས་ཡོན་གྱི་རྣམ་གྲངས་མངཔོ་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་རུ་གྲུབ་ཅིང་། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ལས་ཀྱང་སྔ་བའི་དུས་ཤིག་ནས་བརྩམས་ཏེ་ད་ལྟའི་བར་རྒྱ་གར་པ་རྣམས་ཀྱི་ཁྲོད་དུ་དར་ཆ་ཆེ་ལ། རྒྱ་གར་པ་རྣམས་ཀྱི་འཚོ་བ་དང། བསམ་བློ། རིག་གནས་བཅས་ལ་ཤན་ཆེན་པོ་ཐེབས་འདུག
སྒྲུང་རབས་ཆེན་མོ་འདི་གཉིས་ཀྱི་མིང་གི་ཡི་གེ་ནི་རང་རེ་བོད་ལ་བསྟན་བཅོས་རྣམས་ལས་བྲི་ལུགས་སྣ་ཚོགས་ཤིག་འབྱུང་མོད། ད་རེ་ཅུང་ཟད་དཔྱད་རྗེས་འཛམ་གླིང་ཡོངས་གྲགས་ཀྱི་བྲི་ལུགས་ནི་གོང་དུ་བཀོད་པ་ལྟར་ཡིན་འདུག་པ་ཤེས་རྟོགས་བྱུང་། དོན་ནི་མ་ཧཱ་བྷཱ་ར་ཏ་ཞེས་པ་བྷཱ་ར་ཏ་ཆེན་མོ་ཞེས་པ་སྟེ། བྷཱ་ར་ཏ(རྒྱས་པའམ་རྒྱས་བྱེད)ནི་བྷཱ་ར་ཏ་ཞེས་པའི་རྒྱལ་པོ་དང་། དེའི་རིགས་རྒྱུད་བྷཱ་ར་ཏ་ཞེས་པའི་རིགས་དང་། དེའི་མངའ་རིས་རྒྱ་གར་གྱི་ཡུལ་བཅས་ལ་འཇུག་མོད། འདིར་ནི་བྷཱ་ར་ཏ་བྱ་བའི་རིགས་ལ་གོ། 《རཱ་མཱ་ཡ་ཎ》ཞེས་པ་རྒྱལ་པོ་རཱ་མའམ་དགའ་བྱེད་ཀྱི་བྱུང་བ་སྟེ། རྟོགས་བརྗོད་དོ། ། རྒྱལ་པོ་འདིའི་མིང་རང་རེ་ལ་རཱ་མ་ཎ་ཞེས་གྲགས། རྒྱ་གར་པ་རྣམས་ཀྱི་བཤད་རྒྱུན་ལྟར་ན། 《མ་ཧཱ་བྷཱ་ར་ཏ》ནི་ཝ་ཡཱ་སའམ་ནག་པོ་གླིང་སྐྱེས་སུ་འབོད་པ་བོད་རྣམས་ལ་རྒྱས་པ་ཞེས་གྲགས་པའི་དྲང་སྲོང་དེས་བྱས་པར་བཤད། འདི་ནི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ལས་བྱུང་བའི་གླིང་ལས་སྐྱེས་ཞེས་པ་དེའོ།། རིག་བྱེད་བཞི་དང་། སྔོན་གྱི་རབས་དང་། ཚངས་པའི་མདོ(རིག་བྱེད་མཐའ་པའི་གཞུང)བཅས་ཀྱང་དྲང་སྲོང་རྒྱས་པས་རྩོམ་སྒྲིག་བྱས་པར་བཤད། 《རཱ་མཱ་ཡ་ཎའི》 རྩོམ་པ་པོ་ནི་དྲང་སྲོང་བལྨཱིལྨཱ་ཀའམ་གྲོག་མཁར་བྱ་བ་ཡུན་རིང་པོར་སྒོམ་ལ་ཡུར་བས་ལུས་ལ་གྲོག་མས་མཁར་བརྩིགས་ཏེ་ལུས་ཧྲིལ་པོ་གཡོགས་ཀྱང་མ་ཟོས་པར་གྲགས་པ་དེའོ།། ཁ་ཅིག་གིས་དེ་ནི་དོན་ལ་མི་གནས་པའི་གཏམ་ཡིན་པར་སྨྲ་མོད། རྒྱ་གར་དུ་གྲོག་མ་དཀར་པོ་རྣམས་ཀྱིས་གྲོག་མཁར་ཆེན་པོ་དབྱིབས་མཆོད་སྡོང་དང་འདྲ་བ་ཐོག་ཚད་གཅིག་ཙམ་མཐོ་བ་ཡོད་པའང་བརྩིགས་ཏེ། ནངས་པར་བལྟས་ཚེ་ནང་ནས་གྲོག་མའི་ཁ་རླངས་དུ་བ་བཞིན་འོང་བ་ཡོད་པ་ཤིན་ཏུ་བདེན་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ[1]ལ་གཞིགས་ན། དེ་ཡང་མི་སྲིད་པ་ཞིག་ཡེ་མིན་ལ། དྲང་སྲོང་གྲོག་མཁར་པ་འདིའི་ལོ་རྒྱུས་སྐོར་ལ་ད་དུང་བཤད་ཚུལ་མི་འདྲ་བ་གཞན་ཡང་ཡོད་དོ།།
རྒྱ་གར་པ་རྣམས་ལ་ཡོངས་སུ་གྲགས་པའི་བཤད་རྒྱུན་ལྟར་ན། 《རཱ་མཱ་ཡ་ཎ》ནི་བསྐལ་བ་སུམ་ལྡན་གྱི་དུས་སུ་བྱུང་བ་དང་། 《མ་ཧཱ་བྷཱ་ར་ཏ》ནི་རྩོད་ལྡན་གྱི་དུས་སུ་བྱུང་བར་བཤད་དེ། སྒྲ་ངན་དང་སྐྱ་བསེང་དག་ཕན་ཚུན་དྲག་ཏུ་འཐབ་པས་རྩོད་ལྡན་གྱི་དུས་ཀྱི་ཡོལ་བ་ཕྱེ། དེ་ལྟར་ན་རིག་བྱེད་ཀྱི་གཞུང་རྣམས་བྱུང་བའི་དུས་ནི་རྫོགས་ལྡན་གྱི་དུས་ཡིན་དགོས་པ་ལྟར་སྣང་། དེ་དག་ལ་ལོ་དུས་ཀྱི་ངེས་པ་བཙལ་ན་སུམ་ལྡན་ནི་ལོ་བརྒྱད་འབུམ་ལྷག་གི་སྔོན་དང་། རྩོད་ལྡན་ནི་ལོ་ལྔ་སྟོང་ལྷག་གི་སྔོན་ནས་འགོ་ཚུགས་པ་སོགས་རྒྱ་གར་པའི་གྲངས་ཀ་འཇིགས་སུ་རུང་བ་དེ་དག་དང་འཕྲད་པར་འགྱུར། འོན་ཀྱང་འཛམ་གླིང་རྒྱལ་ཁབ་སོ་སོའི་ལོ་རྒྱུས་སྨྲ་པ་རྣམས་ཀྱིས་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱས་པའི་འབྲས་བུ་གཞིར་བྱས་ན། ལོ་ངོ་ལྔ་སྟོང་ལྷག་གི་སྔོན་ནི་འཛམ་གླིང་གི་ཡུལ་གྲུ་རེ་གཉིས་ཤིག་ཏུ་ཤེས་རིག་གི་མྱུ་གུ་འབུས་པ་ཙམ་གྱི་དུས་ཡིན་པས། སྒྲུང་རབས་ཆེན་མོ་འབྱུང་བའི་རིག་གནས་ཀྱི་རྒྱུ་རྐྱེན་ཚང་བའི་དུས་ནི་མ་ཡིན་ནོ། །
དུས་རབས་བཅོ་བརྒྱད་པ་ནས་ནུབ་ཕྱོགས་ཡོ་རོབ་པ་རྣམས་ཀྱིས་རྒྱ་གར་གྱི་རིག་གནས་ལ་བརྩི་མཐོང་ཆེན་པོ་བྱས་ཏེ། སྒོ་དུ་མ་ནས་ཞིབ་འཇུག་བྱས་ཤིང་། དེ་ནས་རིམ་གྱིས་རྒྱ་གར་གྱི་མཁས་པ་མང་པོས་ཀྱང་ནུབ་ཕྱོགས་པ་རྣམས་ཀྱི་དཔྱད་ཐབས་ལ་བརྟེན་ནས་རང་གི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་དཔྱད་འབྲས་གསར་པ་མང་དུ་རྙེད། སྒྲུང་རབས་ཆེན་མོ་གཉིས་སུས་བརྩམས་པ་དང་ནམ་བྱུང་བའི་སྐོར་ལའང་ཉེ་རབས་ཀྱི་དཔྱད་འབྲས་གསར་པ་ལྟར་ན། དེ་གཉིས་ཀྱི་གང་ཡིན་ཡང་མི་གཅིག་གིས་བརྩམས་པ་དང་དུས་གཅིག་ལ་བྱུང་བ་ཞིག་མ་ཡིན་ཏེ། དྲང་སྲོང་རྒྱས་པ་དང་གྲོག་མཁར་བ་ནི་སྒྲུང་རབས་གཉི་གའི་ཐོག་མའི་རྣམ་པ་མཛད་མཁན་ཙམ་དུ་འདོད་ཅིང་། 《མ་ཧཱ་བྷཱ་ར་ཏ》ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ནས་སྤྱི་ལོའི་དུས་རབས་བཞི་པའི་བར་གྱི་ལོ་བརྒྱད་བརྒྱ་ཙམ་གྱི་རིང་ལ་གྲུབ་པ་དང་། དེ་ཡང་དང་པོ་ཚིགས་བཅད་བརྒྱད་སྟོང་བརྒྱད་བརྒྱ་ཅན་གྱི《རྒྱལ་བ》ཞེས་པ་དང་། དེ་ནས་ཚིགས་བཅད་ཉིས་ཁྲི་བཞི་སྟོང་ཅན་གྱི《བྷཱ་ར་ཏ》 དང་། མཐར་ཚིགས་བཅད་འབུམ་ཅན་གྱི《མ་ཧཱ་བྷཱ་ར་ཏ》ཞེས་ད་ལྟའི་རྣམ་པ་འདི་སྟེ་རིམ་པ་གསུམ་བརྒྱུད་ནས་གྲུབ་པར་བཤད། དེ་བཞིན 《རཱ་མཱ་ཡ་ཎ》 ཇི་ལྟར་བྱུང་ཞིང་གྲུབ་པའི་སྐོར་ལའང་བཞེད་ཚུལ་མང་ཡང་། མཁས་པ་ཕལ་མོ་ཆེས་སྒྲུང་རབས་ཆེན་མོ་དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའམ་བཞི་པ་ཙམ་ལ་བྱུང་ནས། སྤྱི་ལོའི་དུས་རབས་གཉིས་པ་ཙམ་ལ་ཆ་ཡོངས་སུ་རྫོགས་པས། མི་ལོ་ལྔ་བརྒྱ་ཙམ་གྱི་ཡུན་ལ་རིམ་གྱིས་གྲུབ་པ་དང་། 《མ་ཧཱ་བྷཱ་ར་ཏ》དང་དུས་རགས་པ་མཉམ་པར་འདོད་ལ། 《རཱ་མཱ་ཡ་ཎ》ལ་ཁྱོན་ལེའུ་ཆེན་པོ་བདུན་ཡོད་པ་ལས་ལེའུ་དང་པོ་དང་བདུན་པ་ཕུད་པའི་ལེའུ་གཞན་མ་ལྔ་ནི་སྒྲུང་རབས་ཆེན་མོ་དེའི་དང་པོའི་རྣམ་པ་ཡིན་ཞིང་། ལེའུ་དང་པོ་སྟེ་གཞོན་ནུའི་དུས་ཀྱི་ལེའུ་དང་། བདུན་པ་མཇུག་གི་ལེའུ་བྱ་བ་གཉིས་ནི་ཕྱིས་སུ་སྣོན་མ་བྱས་པ་ཡིན་ཟེར། 《རཱ་མཱ་ཡ་ཎའི》དང་པོའི་རྣམ་པ་དྲང་སྲོང་གྲོག་མཁར་བས་བྱས་པ་ལ་ཕྱིས་སུ་དེ་ཕོ་བྲང་གི་སྙན་ངག་མཁན་དང་འབངས་ཀྱི་སྐྱེ་བོའི་ཁྲོད་ཀྱི་གླུ་མཁན་རྣམས་ཀྱིས་རིམ་བཞིན་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་ལས་ད་ལྟའི་རྣམ་པ་འདི་གྲུབ།
《མ་ཧཱ་བྷཱ་ར་ཏ》 ནི་དང་པོ་གཅིག་གི་ཁ་སྒོ་ནས་གཅིག་གི་རྣ་བའི་བུ་གར་བླུགས་ཏེ་སྙན་བརྒྱུད་ཀྱི་གདམས་པ་ལྟ་བུའི་ཚུལ་གྱིས་དར་ཁྱབ་ཏུ་སོང་ཞིང་། མཐར་ཤོ་ལོ་ཀ་འབུམ་དུ་ལོངས་པ་བྱུང་བས། གླེགས་བམ་གྱི་ཚད་ནི་རང་རེའི་ཤེར་ཕྱིན་འབུམ་པ་ཙམ་མོ།། དེ་ཡང་ཐོག་མའི་དུས་སུ་རང་རེའི་བརྒྱད་སྟོང་པའི་ཚད་ཙམ་དང་། བར་དུ་ཉི་ཁྲིའི་ཚད་ཙམ་གྱི་གནས་སྐབས་གཉིས་བརྒྱུད་པ་བཅས་ནི་ཤིན་ཏུ་ངོ་མཚར་ཞིང་མནོ་བསམ་གཏོང་འོས་པའི་གནས་ཤིག་གོ།། གཞུང་ཚད་ཡོངས་སུ་རྫོགས་པའི་རྗེས་སུ། བྲིས་མའི་རྣམ་པས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་། ལྷོ་བྲིས་དང་བྱང་བྲིས་ཞེས་བྲིས་མའི་རྒྱུན་མི་འདྲ་བ་གཉིས་བྱུང་། དེ་དག་ཏ་ལ་དང་ཤོག་བུར་བྲིས་པ་ཤས་ཆེ་ལ། ཁ་ཤས་སྟག་པར་བྲིས་པའང་ཡོད། དུས་རབས་བཅུ་དགུ་པར་སླེབས་ནས་གཟོད་དཔར་མ་བྱུང་། སྤྱི་ལོ་919ནས 《མ་ཧཱ་བྷཱ་ར་ཏ》གཙང་ཞུས་དག་སྒྲིག་གི་འགོ་བརྩམས་ཏེ། སྤྱི་ལོ1966ལོ་ལ་དཔེ་སྐྲུན་གྱི་ལས་ཀ་ཆ་ཚང་བར་ལེགས་གྲུབ་བྱུང་ཞིང་། ཁྱོན་ལ་པོད་བཅུ་དགུ་ཡོད། འོན་ཀྱང 《མ་ཧཱ་བྷཱ་ར་ཏ》 གཙང་ཞུས་མ་ལ་གཞུང་ཚད་ཚིགས་བཅད་བརྒྱད་ཁྲི་ལས་མེད་པས་སྔོན་གྱི་གཞུང་ཚད་ལས་ཉུང་དུ་སོང་། 《རཱ་མཱ་ཡ་ཎ》 ལ་གཞུང་ཚད་ཚིགས་བཅད་ཉིས་ཁྲི་བཞི་སྟོང་ཡོད་པས་དེའི་ཚད་ནི་རང་རེའི་ཉི་ཁྲི་ཙམ་མོ།། དེའང་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་གཙང་ཞུས་དག་བཤེར་གྱི་འགོ་བརྩམས་ཤིང་། གཙང་ཞུས་མའི་གླེགས་བམ་དང་པོ་སྤྱི་ལོ1960ལོར་དཔར་ཏུ་བཏབ། སྤྱི་ལོ1975ལོར་ཁྱོན་གླེགས་བམ་བདུན་ཡོད་པ་ཆ་ཚང་བར་དཔེ་སྐྲུན་བྱས། གཙང་ཞུས་མའི་གཞུང་ཚད་ནི་ཚིགས་བཅད་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ང་ལྔའི་བདག་ཉིད་ཅན་ཏེ། སྔོན་ཇི་ལྟར་དར་ཁྱབ་བྱུང་བའི་རིམ་པ་སོགས་ནི 《མ་ཧཱ་བྷཱ་ར་ཏ》 དང་ཕལ་ཆེར་འདྲའོ།།
རྒྱ་གར་ལ་གནའ་བོའི་དུས་ནས་སྐད་དང་ཡི་གེ་སྣ་ཚོགས་པ་ཞིག་ཡོད་པ་ལས། བསྟན་བཅོས་འགངས་ཆེན་རྣམས་ནི་ཕལ་ཆེ་བ་སཾསྐྲྀཏའི་སྐད་དུ་བྲིས་འདུག་ཅིང་། སྒྲུང་རབས་ཆེན་མོ་གཉི་གའང་ཚུལ་དེ་ལས་མ་འདས། སཾསྐྲྀཏའི་སྐད་ཀྱི་འཕེལ་རིམ་ལ་རིག་བྱེད་ཀྱི་སཾསྐྲྀཏའི་སྐད་དང་། སྒྲུང་རབས་ཆེན་མོའི་སཾསྐྲྀཏའི་སྐད། གནའ་བོའི་ཚད་ལྡན་གྱི་སཾསྐྲྀཏའི་སྐད་བཅས་སུ་དབྱེ་བ་ཡོད་ལ། འདི་ལས་སྒྲུང་རབས་ཆེན་མོ་གཉིས་སཾསྐྲྀཏའི་སྐད་ཀྱིས་བྲིས་ཡོད་པ་ཙམ་དུ་མ་ཟད། དེ་གཉིས་ཀྱིས་སཾསྐྲྀཏའི་སྐད་ཀྱི་འཕེལ་རིམ་ལས་གོ་བབ་ཇི་འདྲ་ཟིན་འདུག་པའང་མཐོང་ཐུབ། 《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎའི》ཚིག་གི་སྡེབ་སྦྱོར་ནི་ཕལ་ཆེ་བ་བཀླག་སླ་ཞིང་འཛིན་བདེ་བའི་ཨ་ནུཥྚུ་འམ་རྗེས་བསྔགས་ཞེས་པ་སྟེ། ཤ་ལོ་ཀའི་ལུས་སུ་སྣང་། དེ་ཡང་ཤ་ལོ་ཀ་གཅིག་ཚིགས་བཅད་རྐང་པ་གཉིས་རེས་གྲུབ་ཅིང་། ཡང་རྐང་བ་རེ་སྒྲ་མཚམས་སམ་གཅོད་མཚམས་གཉིས་རེས་གྲུབ་ལ། སྒྲ་མཚམས་རེ་སྒྲ་ཁྱིམ་བརྒྱད་ཀྱིས་གྲུབ་པས། ཤ་ལོ་ཀ་གཅིག་ལ་ཁྱོན་སྒྲ་ཁྱིམ་སོ་གཉིས་ཡོད།
དེ་ནི་རྒྱ་གར་པའི་ཚིགས་བཅད་ཀྱི་བསྟན་བཅོས་སྤྱིའི་ལུགས་ཡིན། རང་རེའི་ལུགས་ལ་ཚིགས་བཅད་རྐང་བ་བཞི་ཤ་ལོ་ཀ་གཅིག་ཏུ་བརྩི་སྟེ། སྔོན་གྱི་པཎྜི་ཏ་རྣམས་ཀྱིས་རྒྱ་གར་གྱི་བསྟན་བཅོས་བོད་སྐད་དུ་བསྒྱུར་སྐབས། རྒྱ་གར་དུ་ཤ་ལོ་ཀ་གཅིག་ཚིག་རྐང་གཉིས་ཡིན་པ་བོད་ལ་རྐང་བ་བཞིར་བྱེད་པའི་སྲོལ་བཏོད་པ་ཡིན།། འོན་ཀྱང་ཤ་ལོ་ཀའི་ཚད་ཀྱིས་ལྷུག་པ་གཞལ་སྐབས་རང་རེ་རྣམས་ཀྱིས་ཀྱང་ཚེག་བར་སོ་གཉིས་ཤ་ལོ་ཀ་གཅིག་གི་ཚད་དུ་བྱེད། དེའང་ཁུངས་དེད་ན་གོང་དུ་སྨྲས་པའི་རྒྱ་གར་པའི་ཤ་ལོ་ཀའི་ཚད་འཛིན་ཚུལ་ལ་ཐུག་ཡོད་པ་རྟོ་གས་སླ། གཞན་ཡང་རྒྱ་གར་པ་རྣམས་ཀྱིས་ཤ་ལོ་ཀ་ནི་ཤ་ལོ་ཀའི་ལུས་ཞེས་ཚིགས་བཅད་ཀྱི་རྩོམ་ལུས་བྱེ་བྲག་པ་ཞིག་ལ་ངོས་འཛིན་པར་མ་ཟད། 《རཱ་མཱ་ཡ་ཎར》རྩོམ་ལུས་དེ་དྲང་སྲོང་གྲོག་མཁར་བས་གསར་དུ་བྱས[1]ཟེར་ཡང་། རང་རེ་རྣམས་ཀྱིས་དེ་ཚིགས་བཅད་ཀྱི་ཚད་འཇལ་བྱེད་ལྟ་བུ་ཞིག་ཏུ་བྱེད་པས། བོད་ཀྱི་གོ་བ་ལེན་ལུགས་རྒྱ་གར་པ་རྣམས་དང་ཅུང་མི་མཐུན་ནོ།། གོང་དུ་སྒྲུང་རབས་ཆེན་མོ་གཉིས་ལ་ཚིགས་བཅད་ཅི་ཙམ་ཡོད་ཚུལ་ངོ་སྤྲད་པའང་བརྩི་ལུགས་ཤ་ལོ་ཀའི་ཚད་ལྟར་དུ་བརྩིས་པ་ཤེས་པར་བྱའོ། །
《མ་ཧཱ་བྷཱ་ར་ཏ》བྱ་བའི་གཞུང་དེའི་མིང་གི་དོན་ནི་རྒྱས་པ་ཆེན་པོ་ཞེས་པ་སྟེ། རྒྱས་པ་ནི་སྔོན་གྱི་རྒྱལ་པོའི་མིང་ངོ་།། དེ་ལ་བམ་པོ་བཅུ་དགུ་ཡོད་ཅིང་། བརྗོད་བྱ་ནི་རྒྱལ་པོ་བྷཱ་ར་ཏ་ལ་བུ་ཡུལ་འཁོར་སྐྱོང་དང་སྐྱ་བསེང་བྱ་བ་གཉིས་ཡོད་པ་ལས། ཡུལ་འཁོར་སྐྱོང་ལ་འཐབ་དཀའ་ལ་སོ་གས་པའི་བུ་བརྒྱ་བྱུང་བ་སྒྲ་ངན་གྱི་རིགས་དང་། སྐྱ་བསེང་ལ་གཡུལ་ངོར་བརྟན་པ་སོགས་བུ་ལྔ་བྱུང་བ་སྐྱ་བསེང་གི་རིགས་ཏེ། རིགས་དེ་གཉི་གས་རྒྱལ་སྲིད་ཀྱི་དབང་ཆ་བརྩད་དེ་ཡུན་རིང་པོར་འཐབ་རྩོད་བྱས་ཤིང་། ཐ་མར་ཉིན་བཅོ་བརྒྱད་ཀྱི་རིང་ལ་ཕུ་ནུ་གཉེན་ཉེའི་བར་ཕན་ཚུན་གསོད་གཏུབ་ཀྱི་དམར་འཛིང་དྲག་པོ་བྱས་རྗེས་སྐྱ་བསེང་གི་རིགས་རྒྱལ་ནས་རྒྱ་ལ་སྲིད་ལ་དབང་བསྒྱུར་པར་སྦྱར་བ་དང་། 《རཱ་མཱ་ཡ་ཎ》ཞེས་པ་ནི་རཱ་མཱའི་ལོ་རྒྱུས་སམ་རཱ་མཱའི་རྟོགས་བརྗོད་ཅེས་པ་སྟེ། དེ་ལ་གླེགས་བམ་བདུན་ཡོད་ཅིང་། གཞུང་ཚད་ནི 《མ་ཧཱ་ལྷ་ར་ཏའི》བཞི་ཆ་ཙམ་མོ། །
དེའི་བརྗོད་བྱ་ནི་རྒྱལ་པོ་རཱ་མཱས་རང་གི་ཡབ་རྒྱལ་པོ་ཤིང་རྟ་བཅུ་པའི་བཀའ་དང་དུ་བླངས་ཏེ། ཆུང་མ་སཱི་ཏཱ། ནུ་བོ་ལ་གྷུ་མ་ན་དང་བཅས་ནགས་སུ་ཞུགས་ཤིང་དེར་གནས་པའི་ཚེ། སྲིན་པོའི་རྒྱལ་པོ་ལངྒ་མགྲིན་བཅུས་སྒྱུ་ཐབས་ཀྱིས་སཱི་ཏཱ་འཕྲོགས་ཤིང་། རྒྱལ་པོ་རཱ་མཱས་སཱི་ཏཱ་འཚོལ་བའི་ལམ་དུ་སྤྲེའུའི་རྒྱལ་པོ་མགྲིན་བཟང་ལ་རོགས་བྱས་ཏེ་དེའི་འཐབ་ཟླ་འབའ་ལེ་བསད་པས། མགྲིན་བཟང་གིས་དེའི་དྲིན་གཟོར་སྤྲེའུའི་བློན་པོ་ཧ་ནུ་མནྠ་ལ་རྒྱ་ལ་པོ་རཱ་མཱར་རོགས་བྱེད་པའི་གྲོགས་བཅོལ། སྤྲེའུ་ཧ་ནུ་མནྠ་སྲིན་ཡུལ་དུ་ཕྱིན་པས་དེ་རུ་སཱི་ཏཱ་རྙེད་ཅིང་། སྲིན་པོའི་གྲོང་ཁྱེར་མེར་བསྲེགས། དེ་ནས་རྒྱལ་པོ་རཱ་མཱས་ཧ་ནུ་མནྠའི་རོགས་རམ་ལ་བརྟེན་ནས་སྲིན་ཡུལ་དུ་དམག་དྲངས་ཏེ། སྲིན་རྒྱལ་བཀུམས་ཤིང་སཱི་ཏཱ་སླར་ཐོབ་མོད། རྒྱལ་པོ་སཱི་ཏཱས་རང་གི་ལུས་ཚགས་གཙང་མར་བསྲུངས་མིན་ལ་དོགས་པ་ཟོས་པས། སཱི་ཏཱ་མེ་ནང་དུ་མཆོངས་པ་མེ་ལྷས་ཕྱིར་བཏེགས་ནས་འོངས་ཏེ། མོ་རང་དག་པར་བསྒྲུབས་ཤིང་། ཁྱོ་ཤུག་སླར་ཡང་དགའ་འཛོམས་བྱུང་། དེ་ནས་ལོ་ངོ་བཅུ་བཞིར་ནགས་སུ་འཚོ་བའི་དུས་ཀྱང་རྫོགས་པས་རྒྱལ་པོ་རཱ་མཱ་ཡབ་རྒྱལ་པོའི་ཁྲི་ལ་བཞུགས་ཏེ་རྒྱལ་སྲིད་ལ་དབང་བསྒྱུར་ཅེས་པའོ།།
སྒྲུང་རབས་ཆེན་མོ་དེ་གཉི་གར་ཡང་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་སམ་ཆོས་དང་ཆོས་མ་ཡིན་པའི་བར་གྱི་འགལ་འདུ་དང་འཐབ་རྩོད་དྲག་པོ་བརྗོད་ཡོད་དེ། 《མ་ཧཱ་བྷཱ་ར་ཏ》རུ་སྒྲ་ངན་གྱི་རིགས་ནི་ཕལ་ཆེ་བ་ལྷ་མིན་དང་སྲིན་པོའི་སྤྲུལ་བ་ཡིན་པ་དང་། སྐྱ་བསེང་གི་རིགས་ནི་ཕལ་ཆེ་བ་ལྷ་རྣམས་ཀྱི་སྤྲུལ་བར་བཤད་ལ། 《རཱ་མཱ་ཡ་ཎ》རུ་རྒྱལ་པོ་རཱ་མཱ་ལྷ་ཁྱབ་འཇུག་གི་སྤྲུལ་བ་ཡིན་པ་དང་། ཁོའི་དགྲ་ཟླ་མགྲིན་བཅུ་ནི་ཐད་ཀར་སྲིན་པོ་མངོན་སུམ་པ་ཡིན་ཞིང་། དེ་དག་ཕན་ཚུན་འཐབ་པའི་གཟུགས་བརྙན་ནི་ལྷ་དང་ལྷ་མིན་གཉིས་བདུད་རྩིའི་དོན་དུ་འཐབ་པ་དེ་ཡིན་ནམ་སྙམ་སྟེ། མཐར་ཐུག་གི་བསྟན་བྱ་ནི་ཇི་སྐད་དུ་སྟོན་པ་ཤཱཀྱ་ཐུབ་པའི་གསུང་ལས།
དབང་བོ་ལྷ་མིན་རྣམས་ལས་རྒྱལ།། ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས།།
མེ་ནི་ཤིང་རྣམས་ཀུན་ལས་རྒྱལ།། བདེན་པ་རྒྱལ་འགྱུར་རྫུན་མ་ལགས།།
ཞེས་འབྱུང་བ་ལྟར། ལྷ་ལྷ་མིན་ལས་རྒྱལ་བ་དང་། དཀར་ཕྱོགས་ནག་ཕྱོགས་ལས་རྒྱལ་བ། ཆོས་ཆོས་མིན་ལས་རྒྱལ་བ་ནི་ཆོས་ཉིད་དུ་གྲུབ་ཅེས་པ་སྟེ། སྒྲུང་རབས་ཆེན་མོ་དེ་གཉི་གར་ཡང་ལེགས་ཉེས་བླང་དོར་གྱི་ཚད་གཞི་ནི་རྣམ་པ་ཀུན་ཏུ་ཡང་དག་པའི་ཆོས་དང་མཐུན་མིན་གྱིས་བྱེད་དོ། །
སྒྲུང་རབས་ཆེན་མོ་དེ་གཉིས་ལས་བྱུང་བའི་བྱུང་རབས་རྣམས་ནི་སྔོན་གྱི་བསྟན་བཅོས་འདི་ལས་བྱུང་བ་ཡིན་ཟེར་བ་ཞིག་མེད་མོད། འོན་ཀྱང་ཆ་དུ་མ་ཞིག་ནས་སྒྲུང་རབས་ཆེན་མོ་གཉིས་ནི་དེའི་ཡར་སྔོན་དུ་བྱུང་བའི་རིག་བྱེད་ཀྱི་གཞུང་རྣམས་ལ་ཁུངས་གཏུགས་ཆོག་སྟེ། དྲང་སྲོང་རྒྱས་པ་ནི 《མ་ཧཱ་བྷཱ་ར་ཏའི》མཛད་མཁན་ཡིན་ལ། རིག་བྱེད་བཞིའི་མཛད་མཁན་ཡང་ཡིན་ཟེར་བ་དེས་དེ་གཉི་གའི་འབྲེལ་བ་ཞིག་ཤུགས་ལ་བསྟན་ཡོད་པ་དང་། 《ཚངས་པའི་མདོ》དང 《ནགས་ལྡན》དུ་ཀུ་རུ(སྒྲ་ངན)དང་། པཎྜ་ར(སྐྱ་བོ)། ཀུ་རུ་ཀྵེ་ཏྲ་སོགས 《མ་ཧཱ་བྷཱ་ར་ཏ》དང་འབྲེལ་བའི་རིགས་དང་ཡུལ་གྱི་མིང་ཅི་རིགས་ཤིག་འབྱུང་ལ། 《ངེས་བརྗོད་རིག་བྱེད》 དུ་རཱ་མཱ་ཞེས་པའི་མིང་འབྱུང་བ་དང་། ཡང་དེ་རུ་རྨོན་གྱི་ལྷ་མོ་སཱི་ཏཱ་བྱ་བའང་འབྱུང་། ལྷག་པར་རིག་བྱེད་དུ་འབྱུང་བའི་ལྷ་དང་དེ་དག་གི་བྱུང་བ་རྣམས་སྒྲུང་རབས་ཆེན་མོ་གཉི་གར་ཡང་འབྱུང་ལ། སོ་མ་ཟླ་བའི་ལྷར་གྱུར་པ་དང་། བཱ་རུ་ཎཱ་རྒྱ་མཚོའི་ལྷར་གྱུར་པ། ཀུ་བེ་ར་ནོར་ལྷར་གྱུར་པ་སོགས་ལྷ་ཁ་ཤས་ཀྱི་བྱེད་ནུས་ལ་འཕོ་འགྱུར་ཅུང་ཟད་བྱུང་བ་ཙམ་ལས་སྤྱི་བབ་ཀྱི་ཆ་ནས་འགྱུར་ལྡོག་ཆེར་མེད། དེ་འདྲ་ཡིན་ཕྱིར་སྒྲུང་རབས་ཆེན་མོ་གཉིས་དང་དེའི་སྔོན་ལ་བྱུང་བའི་རིག་བྱེད་ཀྱི་གཞུང་གི་འབྲེལ་བའི་ཆ་གཅིག་ནི་དེ་དག་ལས་བདེ་བླག་ཏུ་མཐོང་ཐུབ།
ཡང་ཆ་གཞན་ཞིག་ནས་བཤད་ན། སྔོན་གྱི་རིག་བྱེད་ཀྱི་གཞུང་རྣམས་སུ་ལྷའི་བསྟོད་པ་དང་མཆོད་སྦྱིན་གྱི་སྐོར་གཙོ་བོར་སྟོན་ལ། བྲམ་ཟེའི་ལས་དྲུག་དང་ཤིན་ཏུ་འབྲེལ་ཆེ་བས། དེ་བྲམ་ཟེ་དང་ལྷ་ཆོས་ཀྱི་ཕྱོགས་ལ་གཞོལ་འདུག་མོད། སྒྲུང་རབས་ཆེན་མོ་གཉིས་སུ་དགྲ་འདུལ་གཉེན་སྐྱོང་དང་ཉེ་རིང་ཆགས་སྡང་གི་གཏམ་མང་བས། ཆབ་སྲིད་དང་འབྲེལ་ཆེ་ལ། ལྟོས་འཇོག་གིས་བཤད་ན་རྒྱལ་རིགས་དང་མི་ཆོས་ཀྱི་ཕྱོགས་ལ་གཞོལ་ཅིང་འབབ། རིག་བྱེད་ཀྱི་གཞུང་གི་རྩོམ་པ་པོ་སྔོན་གྱི་བྲམ་ཟེ་རྣམས་ཡིན་པར་བྱས་ན། སྒྲུང་རབས་ཆེན་མོ་གཉིས་ཀྱི་རྩོམ་པ་པོ་ནི་དྲང་སྲོང་ངམ་ཕོ་བྲང་གི་གླུ་མཁན་དག་ཡིན་ལ། རིག་བྱེད་ཀྱི་གཞུང་དུ་ལྷ་ཁོ་ན་ལ་བསྟོད་པ་ཡིན་ན། སྒྲུང་རབས་ཆེན་མོ་གཉིས་སུ་དཔལབོ་ལ་ཤུགས་དྲག་ཏུ་བསྟོད་དོ།། དེ་དག་ཀྱང་སྒྲུང་རབས་ཆེན་མོ་གཉིས་དང་རིག་བྱེད་ཀྱི་གཞུང་གི་འབྲེལ་བའི་ཆ་གཅིག་ཏུ་བལྟས་ཆོག་ལ། དེ་ཡིས་སྔོན་རྒྱ་གར་གྱི་སྤྱི་ཚོགས་སུ་བྲམ་ཟེའི་རིགས་གཅིག་པུ་རིགས་གཞན་ལས་མགོ་བོ་མཐོ་བ་ལ། ཕྱིས་རྒྱལ་རིགས་དག་གི་མགོ་བོའང་བྲམ་ཟེ་རྣམས་དང་མཉམ་པ་ཙམ་དུ་འབུར་དུ་ཐོན་པའང་མཚོན་འདུག
ད་ལྟའི་བཤད་ལུགས་ལ 《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎ》གཉི་གའང་སྒྲུང་རབས་ཆེན་མོ་ཞེས་པའི་ཞྭ་མོ་གཅིག་གི་འོག་ཏུ་འཛུད་མོད། རྒྱ་གར་པ་རྣམས་ཀྱི་ལྟ་ལུགས་ལ་དེ་གཉིས་ཅུང་ཟད་མི་འདྲ་སྟེ། ཁོང་དག་གིས 《མ་ཧཱ་བྷཱ་ར་ཏ》ནི་ལོ་རྒྱུས་ཀྱི་བྱུང་རབས་སུ་ངོས་འཛིན་པ་ལས་སྙན་ངག་ཏུ་མི་བརྩི་ལ། 《རཱ་མཱ་ཡ་ཎ》ལ་སྙན་ངག་གི་ཐོག་མ་དང་། དྲང་སྲོང་གྲོག་མཁར་ལ་སྙན་ངག་པའི་ཐོག་མ་ཟེར་ཞིང་། དེ་སྙན་ངག་གི་དཔེ་དང་ཚད་འཇོག་སར་བྱེད། དོན་ལའང་དེ་ལྟར་ཡིན་ཏེ། བརྗོད་བྱའི་ཆ་གཅིག་པུ་ནས་བལྟས་ནའང་། 《མ་ཧཱ་བྷཱ་ར་ཏ》 ནི 《རཱ་མཱ་ཡ་ཎ》ལས་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་སྟེ། དེའི་བརྫོད་བྱ་ལ་ཉི་འོག་གི་གཏམ་འདི་མི་འདུ་ཟེར་བ་ཞིག་མེད་པས།
བྷཱ་ར་ཏ་ཡི་རིགས་རྣམས་ཀྱེ། །ཆོས་དོན་འདོད་དང་ཐར་པ་ནི། །
འདི་ན་ཡོད་པ་གཞན་ན་ཡོད། །འདི་ན་མེད་པ་གཞན་ནའང་མེད། །
ཅེས 《མ་ཧཱ་བྷཱ་ར་ཏའི》 གཞུང་གི་དབུ་ལ་འབྱུང་བ་ནི་དོན་ལ་གནས་པའི་གཏམ་མོ། ། དེ་བས་རྒྱ་གར་པ་རྣམས་ཀྱི་ངག་རྒྱུན་ལའང་། བྷཱ་ར་ཏ(རྒྱ་གར)ལ་ཅི་ཡོད་པ། །མ་ཧཱ་བྷཱ་ར་ཏ་ལ་ཡོད།།[1]ཟེར། དེ་ནི་ལྷག་པར་ལྷ་སྒྲུང་དང་། ཆོས་ལུགས་དང་། ལོ་རྒྱུས་དང་། ཡུལ་ཆོས་ཀྱི་མཛོད་ལྟ་བུ་ཞིག་སྟེ། ཆོས་ལུགས་ཀྱི་ངོས་ནས་བཤད་ན། 《མ་ཧཱ་བྷཱ་ར་ཏའི》བམ་པོ་དྲུག་པ 《བྷི་ཥ་མ》ལས་བྱུང་བའི《བྷ་ག་བ་ཏཱ་གཱི་ཧཱ》བྱ་བ་ནི་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་ཧ་ཅང་གྲགས་ཆེན་ཞིག་ཡིན་པ་ལྟ་བུའོ།། དེ་ནི་ལེའུ་བཅོ་བརྒྱད་དང་ཚིགས་བཅད་བདུན་བརྒྱའི་བདག་ཉིད་ཅན་ཞིག་སྟེ། བྷ་ག་བ་ཏཱ་ནི་ལེགས་ལྡན་གྱི་དོན་ཏེ་འདིར་ནག་པོ་སྟོན་ལ། གཱི་ཏཱ་ནི་གླུའོ།། ནག་པོ་ནི་ཁྱབ་འཇུག་གི་སྤྲུལ་བ་འཇུག་པ་བཅུ་ལས་བྱུང་བའི་ནག་པོ་བྱ་བ་དེ་ཡིན་ཞིང་། སྤྱིར《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་ནག་པོ་ནི་སྐྱེ་བོ་མིའི་རྣམ་པ་ཅན་དུ་སྣང་ཞིང་། ཁོ་རང་རིགས་རྒྱལ་རིགས་སུ་གཏོགས་ཤིང་། ཨ་ནེ་ཀུན་ཏཱི་ནི་སྐྱ་བསེང་གི་ཆུང་མ་དང་། སྲིང་མོ་དཔལབཟང་ནི་སྲིད་སྒྲུབ་ཀྱི་ཆུང་མ་ཡིན་པས། དེ་སྐྱ་བསེང་གི་རིགས་དང་གཉེན་དུ་འབྲེལ་འདུག་ཅིང་། འཐབ་མོ་དྲག་པོའི་ཚེ་ཁོ་རང་ནི་སྐྱ་བསེང་ཕྱོགས་ཀྱི་གྲོས་རའི་བློ་ཕུགས་དང་། ཕོ་ཉ་བ། སྲིད་སྒྲུབ་ཀྱི་ཤིང་རྟའི་ཁ་ལོ་པ་བཅས་ཀྱི་ལས་ཁུར་འཁུར་མཁན་ནོ།། འཐབ་མོ་དྲག་པོ་ཉིན་བཅོ་བརྒྱད་ལ་བྱས་པའི་ཉིན་དང་པོར། སྒྲ་ངན་དང་སྐྱ་བསེང་ཕྱོགས་གཉིས་ཀས་དམག་གི་དཔུང་ཆེན་པོ་བཏེགས་ནས་འཐབ་མོའི་གྲབས་ཤོམ་བཤམས་པ་ན། སྲིད་སྒྲུབ་ཕུ་ནུ་གཉེན་ཉེའི་བར་གསོད་གཏུབ་བྱ་བ་ནི་ཚུལ་མ་ཡིན་པའོ་སྙམ་དུ་སེམས་ལས་ཀྱིས་མནར་ཏེ་ཡིད་སྐྱོ་བར་གྱུར་པའི་ཚེ། ནག་པོས་དེ་ལ།
རང་གི་ཆོས་ལ་བལྟས་ནས་ཀྱང་། །འདར་བར་བྱེད་པ་རིགས་མིན་ཏེ། །
གཡུལ་གྱི་ཆོས་ལས་ལྷག་པ་ནི། །རྒྱལ་རིགས་རྣམས་ལ་ཡོད་མ་ཡིན། །[2]
ཞེས་སོགས་སོམ་ཉི་སྤངས་ཏེ་གཡུལ་དུ་འཇུག་དགོས་ཚུལ་གྱི་བསླབ་བྱ་མང་དུ་གནང་ཞིང་། དེ་གཉིས་ཕན་ཚུན་གྱི་ཁ་ཏ་ལས 《བྷ་ག་བ་ཏཱ་གཱི་ཏཱ》 གྲུབ། ནག་པོས 《བྷ་ག་བ་ཏཱ་གཱི་ཏཱ》རུ་གཙོ་བོ་སྲིད་སྒྲུབ་ལ་ཐར་བ་སྒྲུབ་པའི་ལམ་གསུམ་སྟེ། ལས་ཀྱི་རྣལ་འབྱོར་དང་། ཡེ་ཤེས་ཀྱི་རྣལ་འབྱོར། དད་པའི་རྣལ་འབྱོར་གསུམ་བསྟན། 《བྷ་ག་བ་ཏཱ་གཱི་ཏཱ》རུ་ལས་དང་། ཡེ་ཤེས། དད་པ། བདག། རང་བཞིན། ཚངས་པ། ཐར་པ་སོགས་ཀྱི་རྣམ་གཞག་མང་དུ་འབྱུང་ཞིང་། ཕྱི་རོལ་གྲངས་ཅན་པའི་འདོད་པ་ལྟར། འཇིག་རྟེན་ན་རྟག་བརྟན་མི་འགྱུར་བའི་ཆོས་ནི་སྐྱེས་བུ་དང་རང་བཞིན་གཉིས་ཡིན་པ་དང་། ལས་ནི་རང་བཞིན་གྱིས་རྩོམ་པ་ལས་སྐྱེས་བུས་ནི་མིན་ཏེ། རང་དོན་དུ་མ་ཡིན་ཞིང་ལས་མཐའ་ལ་མི་རྟོག་པར་ཆོས་ཀྱི་ཕྱིར་དུ་ལས་བརྩམས་ན། སྐྱེས་བུ་ཉིད་རང་བཞིན་གྱི་འཆིང་བ་ལས་གྲོལ་ནས་ཐར་བའི་གོ་འཕང་འཐོབ་ཟེར། ཚངས་པ་དང་བདག་གཅིག་པ་དང་། ཚངས་པ་དང་གཅིག་ཏུ་འགྱུར་བ། ཚངས་པའི་མྱང་འདས་སོགས་ཕྱི་རོལ་བའི་ལུགས་ཀྱི་ཐར་བའི་གོ་འཕང་འཐོབ་ཚུལ་རྣམས 《ཉེར་གུས》ལས་ཇི་ལྟར་འབྱུང་བ་ལའང་ཁུངས་བཅོལ་འདུག་པས། འདི་ནི་རིག་བྱེད་ཀྱི་གཞུང་དང་། གྲངས་ཅན་པའི་གཞུང་དང་། 《ཉིར་གུས》སོགས་ཀྱི་སྙིང་པོ་བསྡུས་པ་ལས་གྲུབ་པ་ཞིག་གོ།། བྷ་ག་ཝཱན་ནམ་ནག་པོ་ཁྱབ་འཇུག་གི་སྤྲུལ་པ་ཡིན་ལ། དེ་ཡིས་རང་ཉིད་ནི་བླ་མེད་ཀྱི་སྐྱེས་བུ་དང་། བླ་མེད་ཀྱི་བདག། བླ་མེད་ཀྱི་ཚངས་པ་བཅས་ཡིན་པར་ཁས་འཆེ་ཞིང་། འཇིག་རྟེན་ནི་དེ་ལྟ་བུའི་བླ་མེད་ཀྱི་སྐྱེས་བུ་དེས་རང་བཞིན་ལ་བརྟེན་ནས་ཡོ་གའི་སྒྱུ་མ་ལས་སྤྲུལ་བར་བཤད། དེ་བས་ན་ལྷ་ག་ཝཱན་གྱིས་སྲིད་སྒྲུབ་ལ་རྩེ་གཅིག་པར་བདག་ཉིད་ལ་དད་པར་བསྐུལ་ཞིང་། གང་ཞིག་བྷ་ག་ཝཱན་ལ་དད་པ་རྣམས་ནི་རིག་པྱེད་ཀྱི་མཆོད་སྦྱིན་དང་ཆོ་ག་རྒྱས་པ་དག་བྱེད་པ་ལ་ལྟོས་མི་དགོས་པར། ལོ་མ་གཅིག་གམ། མེ་ཏོག་གཅིག་གམ། འབྲས་བུ་གཅིག་གམ། ཆུ་གཙང་ཁྱོར་གང་ཙམ་ཕུལ་བས་ཀྱང་རུང་སྟེ། གཙོ་བོ་སེམས་ལ་རག་ལས་ཤིང་། རང་གིས་གང་བརྩམས་པའི་ལས་མཐའ་དག་ནི་འབྲས་བུ་ལ་ཆགས་པ་མེད་པར་བྷ་ག་ཝཱན་ལ་མཆོད་པའི་དངོས་པོར་ཕུལ་ཆོག་པར་བཤད།
《བྷ་ག་བ་ཏཱ་གི་ཏཱ》རུ་ནག་པོས་སྲིད་སྒྲུབ་ལ་གཡུལ་དུ་འཇུག་པའི་སྤྲོ་བ་བསྐྱེད་པ་ནི་དྲག་ཤུལ་གྱིས་གཞན་སྲོག་ལ་རྒོལ་བར་བསྐུལ་བ་ཡིན་པས་གཞན་ལ་འཚེ་བའི་ཆོས་སུ་སྣང་མོད། འཇིག་རྟེན་ཕལ་བ་ལས་འདས་པའི་བསམ་ངོར་བསད་པ་ཉིད་མ་བསད་པར་འགྲོ་བས། འདིའི་མཐར་ཐུག་གི་འབབ་ས་ནི་རྣམ་པར་མི་འཚེ་བ་ལ་བསྔགས་པ་བརྫོད་པ་ཡིན་ཞེས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཆེན་མོ་ཀོ་སམ་བིས་བཞེད།[1]སྤྱིར་འདི་ལ་རང་རང་གི་མཁོ་བ་ལ་བལྟོས་ཏེ་གོ་བ་ལེན་ལུགས་ཐ་དད་པ་ལས་སོ་སོའི་འདོད་པ་རྫོགས་པར་འགྱུར་ཏེ། རྒྱ་གར་གྱི་ཉེ་རབས་ལོ་རྒྱུས་སུ་ཏི་ལ་ཀ(B.G.tilaka)དང་མ་ཧཱ་ཏ་མཱ་གན་དྷི་ཞེས་དབྱིན་ཇི་ལ་ངོ་རྒོལ་བྱེད་མཁན་གྱི་སྐྱེས་བུ་གྲགས་ཅན་གཉིས་བྱུང་ཞིང་། 《བྷ་ག་བ་ཏཱ་གི་ཏཱའི》དགོངས་པ་གཞིར་བྱས་ནས་རང་རང་གི་ལས་འགུལ་བསླངས་པ་འདྲ་མོད། ལས་འགུལ་གྱི་རྣམ་པ་ནི་ཡེ་མི་འདྲ་སྟེ། སྔ་མས་དྲག་ཤུལ་གྱི་གསར་བརྗེ་དང་ཕྱི་མས་ནི་རྣམ་པར་མི་འཚེ་ཞིང་མཐུན་གྲོགས་མི་བྱེད་པའི་ལས་འགུལ་སྤེལ། འཚེ་བ་དང་མི་འཚེ་བའི་བློ་དེ་གཉི་ག《བྷ་ག་བ་ཏཱ་གཱི་ཏཱ》ལས་བྱུང་བར་བཤད།[2]འཚེ་མེད་ཞི་བའི་ལམ་བཟང་གི་ཁུངས་བཙལ་ན་འདིའི་བར་དུ་དེད་ཆོག་ལ། རྒྱ་གར་པ་རྣམས་ཀྱིས་ཆེས་ཤིན་ཏུ་སྔ་བའི་དུས་དེ་ཤེད་ཅིག་ནས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་སྤང་བླང་གི་རྣམ་གཞག་རིན་ཐང་དང་བྲལ་བ་དེ་འདྲ་བསྟན་འདུག་པ་ནི་ཤིན་ཏུ་ངོ་མཚར་བའི་གནས་སོ།། འོན་ཀྱང་དྲག་ཤུལ་གྱི་སྤྱོད་པ་ལག་ཏུ་བསྟར་རྒྱུ་ཞིག་བསྟན་འདུག་པའང་བསྙོན་དུ་མེད་པ་གོང་དུ་བཤད་པ་ལྟར་དང་།
སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི།།ལྷ་ཡི་བུ་མོ་འོངས་ནས་ནི།།
གཡུལ་ངོར་བསད་པ་ཡོངས་འཁྱུད་དེ།།ལྷ་ཡི་ཁྱིམ་དུ་འཁྱེར་བར་འགྱུར།།[3]ཞེས་དང་།
ཀུན་ལས་རྒྱལ་ནས་དེ་རིང་ཁྱོད།།བཙུན་མོ་རྣམས་དང་རྩེ་བར་བྱེད།།
ཁྱོད་ཀྱི་དགྲ་སྡེ་མཐོ་རིས་སོང་།།ལྷ་མོ་རྣམས་དང་རྩེ་བར་བྱེད།།[4]
ཞེས་པ་ལྟར་གཡུལ་ངོར་འཐབ་སར་བསད་པའི་སྐྱེས་བུ་དེ་བདེ་འགྲོར་འགྲོ་བར་འགྱུར་བའི་བཤད་ལུགས་དེའང་རྒྱ་གར་པ་རྣམས་ལ་སྔ་མོ་ནས་ཡོད་དོ།། དེ་ནི་ཨེ་ས་ལེམ་དག་གིས་འདོད་པའི་འཕགས་པའི་འཐབ་འཁྲུག་ཅེས་པ་དང་ཤིན་ཏུ་ཆ་འདྲ་བས། བློའི་མྱུ་གུ་དེའང་དང་པོ་རྒྱ་གར་ནས་འབུས་སམ་སྙམ་སྟེ། ཀླ་ཀློའི་ཁུངས་ནི། སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་བཞུགས་པའི་ཚེ། སྡེ་སྣོད་འཛིན་པ་གཞོན་ནུ་སྡེ་ཞེས་བྱ་བ་བདུད་སྡུག་ཅན་གྱི་ས་བཀབ་ནས། འཚེ་བ་ཆོས་སུ་སྨྲ་བ་བ་ཀླ་ཀློའི་གྲུབ་མཐའ་བརྩམས་པ་ཡིན། དེའི་ཚུལ་ནི་གསང་ཚིག་ལས།
ངེས་པར་བརྩེ་མེད་དཔལབོ་ཡིས།།གཡུལ་ངོར་འབྲོས་པ་མེད་པར་ནི།།
གཡུལ་ལ་མངོན་པར་ཕྱོགས་གྱུར་ན།།ཤི་ནས་མཐོ་རིས་འགྲོ་བར་འགྱུར།།[1]
ཞེས་ཀྱང་མཁས་པའི་གསུང་ལས་འབྱུང་བ་བཞིན་ནོ། ། དེ་ལྟ་ན་དང་པོ་རྒྱ་གར་དུ་རྣམ་པར་འཚེ་མི་འཚེའི་ཆུ་མིག་གཉིས་བརྡོལ་བ་འདྲ་ཡང་། ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་འཇིག་རྟེན་དུ་དར་བ་སོགས་ལས་འཚེ་བའི་ཆུ་མིག་རང་སར་བསྐམས་ཤིང་། མི་འཚེ་བའི་ཆུ་མིག་རྒྱས་ཤིང་གཞུང་རིང་བར་གྱུར་བ་ཡིན་ནོ།།
《བྷ་ག་བ་ཏཱ་གི་ཏཱ》ཡིས《མ་ཧཱ་བྷཱ་ར་ཏ》ལས་གང་བྱུང་བའི་བསམ་བློ་རྣམས་སྙིང་པོར་དྲིལ་ནས་བསྟན་ཅིང་། ཕྱི་རོལ་པའི་ལྟ་བའི་གནད་ཟབ་མོ་མང་པོའང་སྟོན་པས། གཞུང་འདི་དང་། 《ཉེར་གུས》དང་། 《ཚངས་པའི་མདོ》གསུམ་ནི་སྤྱིར་ན་གནའ་བོའི་བྲམ་ཟེའི་ཆོས་ལུགས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་རྩ་བའི་གཞུང་དུ་བགྲང་། ལྷག་པར་རིག་བྱེད་མཐའ་པ་དག་གིས་དེ་རྣམས་ལ་ཕྱི་མོའི་གཞུང་གསུམ་ཟེར་ཞིང་། འདི་རིག་བྱེད་མཐའི་བསྟན་བཅོས་སུ་གཏོ་གས། འདི་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་མང་དུ་ཐེབས་ཡོད་ཟེར་ཞིང་། འདི་ཡིས་ཕར་སངས་རྒྱས་ཆོས་ལུགས་ལ་ཤན་ཐེབས་པའང་ཅུང་ཟད་རེ་ཡོད་ཀྱང་སྲིད་དེ། “བཅོམ་ལྡན་རལ་གྲི་སོགས་དུས་འཁོར་ལ་མི་མོས་པ་རྣམས་ཀྱིས། ལུགས་དེ་ལ་བྷཱ་ར་ཏའི་ལྟ་བ་འདྲེས་སོགས་གསུངས་པར་གྲགས།”[2]ཇོ་ནང་གི་ཆུའི་ནང་དུ་ལན་གསུམ་ལྕེབས་པའི་སངྒ་ཨཱཙརྱའམ་མིང་དངོས་ཤངྒརཱཙརྱ་བྱུང་ནས་གཉིས་མེད་དང་སྒྱུ་མའི་ལྟ་བ་སྤེལ་བ་ནས་བཟུང་། མུ་སྟེགས་དང་ནང་པའི་ས་མཚམས་དར་སྐུད་ལས་ཀྱང་ཕྲ་བར་སོང”[3]གསུངས་པ་དང་། ཀུན་མཁྱོན་ཇོ་ནང་པས《གཞན་སྟོང་དབུ་མའི་རྒྱན》དུ་རིགས་ཤེས་ཀྱིས་རྙེད་པའི་རང་སྟོང་ཕྱི་རོལ་པའི་བསམ་དོན་དང་ཁྱད་མེད་ཚུལ་དང། གཞན་སྟོང་ཁས་བླངས་པས་ནང་པའི་ཁྱད་ཆོས་འདོན་སོགས་མང་དུ་གསུངས་པ[1]དང། སྐྱབས་རྗེ་ཕ་བོང་ཁས“ཕྱི་ནང་གི་བྱེ་བྲག་འབྱེད་ཤེས་པ་ཤིན་ཏུ་དཀའ་བ་ཞིག་ཡིན་ཚོད་གདའ་སྟེ། ཇོ་བོས་རྒྱ་གར་ན་ཕྱི་ནང་གི་བྱེ་བྲག་འབྱེད་ཤེས་པ་ང་དང་། ན་རོ་པ། ཤཱནྟི་པ་གསུམ་ལས་མེད། ནཱ་རོ་པ་འདས། ང་བོད་དུ་འོང་། ད་ཙ་ན་རྒྱ་གར་ན་ཡང་ངན་ཏེ་མཆི་ཞེས་གསུངས”[2]གསུངས་པ་སོགས་ལ་དཔགས་ན། ཕྱི་ནང་གཉི་གར་ཕར་འདྲེས་ཚུར་འདྲེས་ཅུང་ཟད་ཡོད་ཚོད་གདའ་མོད། དེ་ལ་དངངས་སྐྲག་དང་། ཡི་མུག། ཞེ་སྡང་སོགས་སྐྱེ་མི་དགོས་ཏེ། ཚུལ་དེ་ནི་སྤྱིར་ན་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཞིང་། ལྷག་པར་ཕུ་ནུའི་རིག་གནས་ཀྱི་ཁྱད་ཙམ་ཡིན་པས་སྣ་གཉེར་གྱི་ཡུལ་མ་ཡིན་ནོ།། དེ་བས།
མདོར་ན་ད་ལྟའི་རྒྱ་གར་གྱི་མུ་སྟེགས་རྣམས་ལ། སངས་རྒྱས་དང་ནང་པ་ལ་དགྲར་བྱེད་པ་སུ་ཡང་མེད་ཀྱི། གཞན་དུ་ན། དྲི་མེད་འོད་ལས་གསུངས་པ་ལྟར། རིག་བྱེད་ཀྱི་ཆོས་ནི་ཕུ་བོ་དང་། སངས་རྒྱས་ཀྱི་ཆོས་ནི་ནུ་བོར་བརྩི་ཞིང་། ཕུ་ནུའི་ནང་འཁོན་ཕྲན་བུ་ཞིག་ཡོད་པ་ཡང་ཤད་ཀྱིས་སྦྱངས་ཏེ་ཁྱབ་འཇུག། སངས་རྒྱས། ཞི་བ། ནག་པོ་སོགས་གྲལ་དུ་བསྒྲིགས་པའི་མདུན་ན། དོགས་པ་སོགས་ཅི་ཡང་མེད་པར་རྔ་ཟླུམ་འདྲ་བརྡུང་སྟེ་ལེགས་སྦྱར་གྱི་བསྟོད་དབྱངས་སྣ་ཚོགས་གླུ་རུ་ལེན་ཞིང་དགའ་དགའ་ལྟར་ཡོད་པ་ཡིན་ནོ་ཞེས་ཤེས་པར་བྱའོ།།[3]
ཞེས་གསུངས་པ་དང་། མུ་སྟེགས་ཅན་ལ་སྨད་ན་རྣམ་པར་སྣང་མཛད་རིང་བར་འགྱུར་ཟེར་བ་སོགས་ནི་བསམ་པར་བྱ་བའི་གནས་གལ་ཆེ་བ་ཞིག་གོ།། མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་འབྲེལ་བ་ནི་ཕུ་ནུའི་འབྲེལ་བ་ཡིན་ཟེར་བ་ཤིན་ཏུ་དོན་ལ་གནས་ཤིན་ཏུ་དོན་ལ་གནས་ཤིང་། རང་རེའི་ཕུ་བོ་དེ་ནི་འགྲོགས་མི་རུང་ལ་སྨད་ཀྱང་མི་རུང་བ་ཞིག་གོ།། གོང་དུ་བཤད་པའི་ཤངྐརཱརྱ་ནི་བྲམ་ཟེའི་སློབ་དཔོན་ཤངྐ་རཱ་﹙སྤྱི་ལོ788~820﹚བྱ་བ་སྟེ། རིག་བྱེད་མཐའ་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་ཞིང་། འདི་པ་སོགས་ཀྱིས་ཕུ་བོའི་ཆོས་དེ་རང་རེའི་བསྒྱུར་བོན་ལྟར་ནུ་བོའི་ཆོས་ཀྱི་དྲི་རོ་ཁ་དོག་ཅན་དུ་བྱས་པས། ཆོས་ལུགས་ཀྱི་མིང་ཡང་བྲམ་ཟེའི་ཆོས་ལུགས་ནས་བྲམ་ཟེའི་ཆོས་ལུགས་གསར་མའམ་ཧིན་དྷུའི་ཆོས་སུ་འཕོས་པ་ཡིན། སངས་རྒྱས་དང་ནང་པ་དགྲར་མི་བྱེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག། སྔར་གྱི་ཕྱི་རོལ་པའི་ཆོས་ཀྱི་ལུས་འཁོགས་པོ་ལ་ནང་པའི་རྣམ་ཤེས་གྲོང་འཇུག་བྱས་པ་ཡིན་ཟེར་ཡང་ཆོག་གམ་སྙམ།
《བྷ་ག་བ་ཏཱ་གི་ཏཱ》བྱ་བ“འདི་ནི་ཀུན་མཁྱེན་བླ་མས་གླུའི་ཆོས་ཞེས་གསུངས་པ་དེར་འདུག”[1]ཅིང་།“མུ་སྟེགས་ཀྱི་ལྟ་བའི་གཞུང་དག་གི་ཁྲོད་ན་ལེགས་ལྡན་ནག་པོའི་གླུ་དེ་རབ་དང་ཕུད་དུ་བྱེད་ཅིང་། ཛོ་ཀི་དང་དགེ་སྦྱོང་ཐམས་ཅད་ཀྱིས་དེའི་གླེགས་བམ་རེ་འབྲལ་སྤང་དུ་འཆང”[2]ཟེར། བྲམ་ཟེའི་ཆོས་ལུགས་པ་རྣམས་ཀྱིས་འདི་ཉིད 《མ་ཧཱ་བྷཱ་ར་ཏ》ལས་ཁོལ་དུ་ཕྱུངས་ནས། འཆད་ཉན་སྒོམ་སྒྲུབ་བྱེད་ལ། འགྲེལ་བྱེད་ཀྱི་བསྟན་བཅོས་ཀྱང་མང་དུ་བརྩམས་ཡོད། དུས་རབས་བཅོ་བརྒྱད་པར་དབྱིན་ཇིའི་སྐད་དུ་བསྒྱུར་བ་ནས་རིམ་གྱིས་ཡུལ་ལུང་མང་པོའི་སྐད་དུ་འགྱུར་ཞིང་། འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་མང་པོའི་ཡིད་འཕྲོག་པར་བྱས། རང་རེ་བོད་ཀྱི་སྐད་དུ་ལོ་ཆེན་རིན་ཆེན་བཟང་པོས 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ》 བསྒྱུར་འདུག་པ་དེར་འདིའི་ཚིགས་བཅད་འགའ་ཞིག་བྱུང་ལ། འདིའི“ལེའུ་གཉིས་ཀུན་མཁྱེན་ཏཱ་ར་ནཱ་ཐས་པཎྜི་ཏ་ཀྲིཥྞ་དང་ལྷན་དུ་བསྒྱུར་གསུངས་པ་འདུག་ཀྱང་། དཔེ་རྒྱུན་ཆད་པར་མངོན།”[3]ཉེ་རབས་སུ་སླེབས་ནས་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས།
ཕྲན་རང་ནས་མ་བཅོལ་ཁུར་བླངས་ཀྱི་ལུགས་སུ་བྱས་ཏེ། གླུའི་ཆོས་ལེའུ་བཅོ་བརྒྱད་པོ་ཐམས་ཅད་འགྲན་ཟླ་མེད་པ་ཞིག་བསྒྱུར་ཟིན་ཏེ། འོན་ཀྱང་དཔེ་འདི་བོད་ཀྱི་མཁས་པ་ཚོའི་སྤྱན་ལམ་དུ་འགྲིམ་པའི་དུས་ཤིག་ཤིན་ཏུ་ཡང་འབྱུང་དཀའ་བར་མངོན། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱིས་འདི་འདྲའི་ལས་ལ་འཁུ་ལྡོག་བྱེད་ཟེར་ནས་ཞེད་སྐྲག་སློང་བ་ཡང་འདུག་སྟེ། དྲུག་སྡེ་དག་གིས་གང་བསམ་པ་བཅུ་གཉིས་སྡེ་རྣམས་ཀྱིས་ལེགས་པར་གོ་བས་ཐུགས་ནང་ཤིན་ཏུ་གཤིན་པར་འོང་མཆི།[4] ཞེས་ཁོ་རང་གིས་གསུངས་པ་བཞིན 《དཔལ་ནག་པོའི་གླུ》ཆ་ཚང་བར་བོད་སྐད་དུ་བསྒྱུར་མོད། ཉིད་ཀྱིས་སྔ་མོ་ནས་ཐུགས་ཁྲལ་གནང་བ་ལྟར་ཕྱི་རབས་པ་ཚོའི་མིག་གི་དགའ་སྟོན་དུ་མ་གྱུར་པ་ནི་ཤིན་ཏུ་ཕངས་ཆེ། འོན་ཀྱང་ད་དུང་ལེའུ་ཆ་ཚང་བཞི་ལུས་ཡོད་པ་དང་།《ལེགས་སྦྱར་བང་མཛོད》དུ་དེའི་ཚིགས་བཅད་དོན་དགུ་དང་། དེ་དག་གི་ལེགས་སྦྱར་གྱི་མ་ཡིག་ཚིགས་བཅད་སུམ་ཅུ་བསྡུས་ཡོད་པ་རིན་ཐང་ཤིན་ཏུ་ཆེ། པེ་ཅིན་མི་རིགས་དཔེ་མཛོད་ཁང་དུ་འདིའི་ལེགས་སྦྱར་གྱི་མ་ཡིག་ཉར་ཡོད་ལ། ཉེ་རབས་སུ་རྒྱ་ལ་འགྱུར་མི་འདྲ་བ་གསུམ་བྱུང་བ་དཔེ་སྐྲུན་བྱས་ཡོད། འདིའི་ནག་པོ་ཞེས་པ་ནི་སྔར་ཡང་བཤད་པ་ལྟར་ལྷའི་སྤྲུལ་བ་ཙམ་ལས་དོན་དུ་མིའི་རྣམ་པ་ཅན་ཞིག་ཡིན་མོད། ཕྱིས་སུ་རིམ་གྱིས་དེ་ལྷ་མི་གཉི་གའི་གཞི་མཐུན་ལྟ་བུ་ཞིག་ཏུ་བྱས་འདུག ། རང་རེའི་སྲུང་མ་ལེགས་ལྡན་ནག་པོ་ནི་འདི་དང་མཚན་གཅིག་ལ། དེ་ལས་གཞན་པའི་འབྲེལ་ཡོད་མེད་རེ་ཞིག་བཏང་སྙོམས་སུ་གཞག་པར་བྱའོ། །
ཡང་རག་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས 《རཱ་མཱ་ཡ་ཎའི་མེ་ལོང》 གི་གླེང་གཞི་རུ《སྒོམ་པའི་རཱ་མཱ་ཡ་ཎ》 ཞེས་པ་སྔོན་གྱི་ཐུབ་པ་རིག་བྱེད་རྒྱས་བྱེད་ཅེས་པས་མཛད་པ་ལྟ་བའི་སྐོར་མང་དུ་འབྱུང་བ་ཞིག་ཡོད་པར་བཤད་པ་དེའང 《སྙ་ག་བ་ཧཱ་གི་ཧཱ》དང་ཕྱོགས་མཚུངས་པ 《རཱ་མཱ་ཡ་ཎའི》ལྷན་ཐབས་ལྟ་བུ་བྲམ་ཟེ་རྣམས་ཀྱི་ལྟ་བ་སྟོན་པའི་གཞུང་ཞིག་ཡིན་པར་ངེས་སོ །
སྤྱིར《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎ》གཉིས་ནི་རང་གའི་རྩོམ་རིག་ཙམ་མ་ཡིན་པར། བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་གལ་ཆེན་དུ་བགྲང་ལ། ལྷག་པར《མ་ཧཱ་བྷཱ་ར་ཏ》ནི 《རཱ་མཱ་ཡ་ཎ》 ལས་ཀྱང་ཆོས་ལུགས་ལ་འབྲེལ་ཆེ་བ་གོང་དུ་སྨྲས་པ་བཞིན་ཡིན། དེ་བས་རྒྱ་གར་པ་རྣམས་ཀྱིས་སྒྲུང་རབས་ཆེན་མོ་དེ་གཉིས་དང 《ཚངས་པའི་མདོ》སྟེ་གསུམ་ག་ལ་རིག་བྱེད་ལྔ་པའང་ཟེར་རོ། །
རང་རེའི་ཆོས་འབྱུང་དང་དེབ་ཐེར་ཕལ་ཆེ་བ་ནི་རྒྱ་གར་གྱི་རྒྱལ་རབས་བརྗོད་པ་ནས་འགོ་རྩོམ་ཞིང་། དེ་ལས་ཀྱང་གཙོ་བོར་སྟོན་པ་ཤཱཀྱ་ཐུབ་པའི་གདུང་རབས་རྗོད་པར་བྱེད། དེའི་ཁུངས་བཅོལ་ས་ནི་གཙོ་བོ《མངོན་པ་སྡེ་བདུན》གྱི་ཡ་གྱལ་མོའུ་འགལ་གྱི་བུས་བྱས་པའི《འཇིག་རྟེན་གདགས་པ》ཞེས་འཇིག་རྟེན་ཆགས་ཚུལ་སྟོན་པའི་བསྟན་བཅོས་ཤིག་ཡོད་པ་དེ་ཡིན། 《འཇིག་རྟེན་གདགས་པ》ལས་བྱུང་བའི་རྒྱ་གར་གྱི་རྒྱལ་རབས་དང་སྟོན་པའི་གདུང་རབས་དེ་རྣམས་ཀྱང་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང 《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎ》སོགས་དང་འབྲེལ་འདུག ། སྒྲུང་རབས་ཆེན་མོ་དེ་གཉིས་ལས་བྱུང་བའི་ལོ་རྒྱུས་སམ་རྒྱལ་པོའི་གདུང་རབས་དང་འབྲེལ་བའི་གཏམ་ཤིན་ཏུ་གལ་ཆེ་བ་ཞིག་ནི་ཉི་མའི་རིགས་དང་ཟླ་བའི་རིགས་ཞེས་པ་དེའོ །
《མ་ཧཱ་བྷཱ་ར་ཏའི》 ཟུར་བཀོད 《ཧ་རིའི་གདུང་རབས》 (Hanvamsa)ཞེས་པ་དང་། གཞན་ཡང 《སྔོན་གྱི་རབས》ཞེས་པ་སོགས་སུ་རིགས་དེ་གཉི་གའི་རྒྱལ་པོའི་རབས་སོགས་བརྗོད་ཡོད་དེ། 《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་སྒྲ་ངན་དང་སྐྱ་བསེང་གི་རིགས་ཏེ་རྒྱལ་པོ་བྷཱ་ར་ཏའི་བུ་རྒྱུད་རྣམས་ནི་ཟླ་བའི་རིགས་ཡིན་ལ། ཡང་དེ་ལས་བྱུང་བའི་ཁྱབ་འཇུག་གི་སྤྲུལ་བ་ནག་པོའང་རིགས་དེ་ཡིན། དེ་རྣམས་ཀྱི་ཐོག་མའི་མེས་པོ་ནི་ཟླ་བའི་ལྷ་ཙནྡྲ་ཞེས་པའོ །།རྒྱ་གར་གྱི་རྒྱལ་རབས་སུ་བྱུང་བའི་ཙནྡྲའི་རིགས་ཀྱི་རྒྱལ་པོ་ཙནྡྲའི་མིང་ཅན་བཅུ་དགུ་དང་། ཙནྡྲ་བདུན་བརྒྱུད་དང་། ཙནྡྲ་བཅུ་ཞེས་པ་སོགས་དང་སེ་ན་བཞི་བརྒྱུད་སོགས་སེ་ནའི་རིགས་རྣམས་ནི་ཟླ་བའི་རིགས་འདིར་གཏོགས་ལ།[1]རྒྱལ་རབས་ཀྱི་མིང་ལའང་ཟླ་བའི་རྒྱལ་རབས་ཟེར། ཉི་མའི་རིགས་ནི་ཉི་མའི་ལྷ་ལས་ཆད་པར་སྨྲ་ཞིང་།དེའི་རིགས་སུ་བྱུང་བའི་རྒྱལ་རབས་ལ་ཉི་མའི་རྒྱལ་རབས་ཟེར།ཉི་མའི་རྒྱལ་རབས་ཀྱི་ཐོག་མ་ནི་བུ་རམ་ཤིང་པའི་རིགས་ཀྱི་རྒྱལ་པོ་ཞེས་པ་སྟེ། ཉི་མའི་ལྷའི་བུའོ །སྟོན་པ་ཤཱཀྱ་ཐུབ་པའི་གདུང་ལ་ཉི་མའི་གཉེན་དང་། བུ་རམ་ཤིང་པ་ཞེས་བརྗོད་པའང་དོན་དུ་ཉི་མའི་རིགས་འདི་ལ་ཟེར།བུ་རམ་ཤིང་པའི་རྒྱུད་ལ་རྒྱལ་པོ་བརྒྱ་ཐམ་པ་བྱུང་ཟེར་བའང་རང་རེའི་བཤད་ཚུལ་དང 《མ་ཧཱ་བྷཱ་ར་ཏའི》 བཤད་ཚུལ་མཐུན་ནོ ། རྒྱལ་པོ་ཤིང་རྟ་བཅུ་པ་དང་།རྒྱལ་པོ་རཱ་མཱ་དང་།རཱ་མཱའི་ཆུང་མ་སི་ཏཱ་ཆུང་ངུ་ནས་སྐྱེད་སྲིང་བྱེད་མཁན་རྒྱལ་པོ་ཛ་ན་ཀ་སོགས་ཀྱང་ཉི་མའི་རིགས་སོ། །བུ་རམ་ཤིང་པའི་རྒྱལ་རབས་དེ་ལ་ཉི་མའི་རྒྱལ་རབས་ཞེས་བྱ་ལ། རྒྱ་གར་གྱི་རྒྱལ་རབས་སུ་བྱུང་བའི་པཱ་ལའི་རིགས་ཀྱི་རྒྱལ་པོ་བཅུ་བཞི་དང་།པཱ་ལ་བདུན་བརྒྱུད་སོགས་པཱ་ལའི་རིགས་ཀྱི་རྒྱལ་རིགས་རྣམས་ནི་ཉི་མའི་རིགས་ཡིན་ཟེར།[1]ཉི་མའི་རིགས་དང་ཟླ་བའི་རིགས་ཀྱི་བྱུང་རབས་ཅུང་ཟད་རྒྱས་པ་བྲམ་ཟེའི་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་བཀོད་པ་ཞིག་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི》ལེའུ་བཅུ་དྲུག་པར་གསལ་ལ། བོད་ཀྱི་ཡིག་ཆའི་ཁྲོད་ན་དེའི་སྐོར་ལ་དེ་ལས་ལྷག་པའི་ཞིབ་རྒྱས་ཀྱི་ཡིག་ཆ་མེད།
མདོར་ན། 《མ་ཧཱ་བྷཱ་ར་ཏ》ནི་ཟླ་བའི་རིགས་ཀྱི་གཏམ་རྒྱུད་དང་། 《རཱ་མཱ་ཡ་ཎ》ནི་ཉི་མའི་རིགས་ཀྱི་གཏམ་རྒྱུད་དེ། རིགས་དེ་གཉི་ག་ནི་ཨཱརྱའི་མིའི་རིགས་རྒྱུད་ཆེན་པོ་གཉིས་སུ་སྣང་། དེ་ལས་དང་པོ་རྒྱ་གར་དུ་ཞུགས་པ་རྣམས་ནི་ཉི་མའི་རིགས་དང་། དེ་དག་གཙོ་བོ་གདྒཱའི་འབབ་ཡུལ་དུ་གནས་བཅས་ཤིང་། རིག་བྱེད་ཀྱི་གཞུང་བཟོས་ཏེ་ ཨཱརྱའི་རིག་གནས་ཀྱི་རྨང་བཏིང་། ཕྱིས་ནས་འོངས་པའི་ཨཱརྱའི་མི་རྣམས་ནི་ཟླ་བའི་རིགས་ཏེ། དེ་དག་རྒྱ་བསྐྱེད་པ་ལས་ཉི་མའི་རིགས་རྣམས་ཀྱི་ཡུལ་ཤར་ནུབ་གཉིས་སུ་བཅད་ཅིང་། ཁོང་དག་གིས་ཆུ་བོ་ལྔའི་ཡུལ་དང་གདྒཱའི་སྟོད་རྒྱུད་བདག་གིར་བཟུང་། དེ་བས 《མ་ཧཱ་བྷཱ་ར་ཏས》རྒྱ་གར་ནུབ་ཕྱོགས་སུ་གནས་བཅས་པའི་ཟླ་བའི་རྒྱལ་རབས་ཀྱི་ནང་རོལ་དུ་བྱུང་བའི་སྲིད་ཀྱི་འཐབ་རྩོད་མཚོན་པ་དང་། 《རཱ་མཱ་ཡ་ཎས》ནི་ཤར་ཕྱོགས་ཀྱི་ཉི་མའི་རྒྱལ་རབས་སུ་གཏོགས་པའི་ཨརྱའི་མི་རྣམས་རྒྱ་གར་ལྷོ་ཕྱོགས་ལ་རྒྱ་བསྐྱེད་དཔུང་འཇུག་བྱས་པའི་ཚུལ་མཚོན་ཡོད་ཅེས་མཁས་པ་ཁ་ཅིག་གིས་བཞེད།
《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་སྐྱ་བསེང་བུ་ལྔས་ཏྲོ་པ་ཏི་ཞེས་བྱ་བའི་བུད་མེད་དེ་སྤུན་ལྔ་ཐུན་མོང་གི་ཆུང་མར་བླངས། སྤྱིར་གནའ་བོའི་རྒྱ་གར་དུ་ཁྱོ་གཅིག་གིས་ཆུང་མ་མང་པོ་ལེན་པའི་སྲོལ་ནི་དར་ཡང་། ཆུང་མ་གཅིག་ལ་ཁྱོ་ག་མང་དུ་ཡོད་པའི་དཔེ་དེ་འདྲ་ནི་ལུང་དང་ལུགས་སྲོལ་དང་འགལ་བས། 《སྙན་ངག་མེ་ལོང》ལེའུ་གསུམ་པའི་ལུང་དང་འགལ་བའི་དམིགས་བསལ་གྱི་སྐབས་སུ།
སྐྱ་བསེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །
དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །
ཞེས་འབྱུང་བ་ལྟར་རོ །འོན་ཀྱང་ཤིན་ཏུ་ཡ་མཚན་པ་ཞིག་ནི་རང་རེ་བོད་ཀྱི་ལུང་པ་ཁ་ཤས་ལ་དེ་འདྲའི་སྲོལ་སྔ་མོ་ཞིག་ནས་ཡོད། རིག་གནས་མིའི་རིགས་རིག་པའི་མཁས་པས་བརྟག་དཔྱད་བྱས་པ་གཞིར་བྱས་ན། དེ་འདྲའི་ལུགས་སྲོལ་དེ་རྒྱ་གར་ལྷོ་ཕྱོགས་དང་། བོད་དང་། ཕོ་རི་ནི་ཤི་ཡ་གསུམ་ལས་འཛམ་གླིང་ན་མེད་པར་བཤད།[1]དེས་ན་སྐྱ་བསེང་བུ་ལྔ་ཐུན་མོང་གིས་ཆུང་མ་གཅིག་བླངས་པའི་གཏམ་རྒྱུད་ནི་རྟོག་བཟོ་རྐྱང་བ་ཞིག་མ་ཡིན་ཏེ། དྲང་སྲོང་རྒྱས་པས་གཏམ་རྒྱུད་དེ་བཟོ་བའི་ས་བོན་ནི་རྒྱ་གར་དུ་ལུང་པ་ཉི་ཚེབ་འགར་དེ་འདྲའི་སྲོལ་ཞིག་སྔ་མོ་ནས་ཡོད་པ་དེ་ཡིན་པར་ངེས། འོ་ན་རྒྱ་གར་དང་བོད་གཉི་གར་དེ་འདྲའི་སྲོལ་ཡོད་པ་སྟེས་དབང་གིས་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་གཉིས་ཀྱི་བར་དུ་ཅི་ནས་ཀྱང་འབྲེལ་བ་ཞིག་ཡོད་ངེས་སྙམ།འོན་ཀྱང་།ཡུལ་མུ་གཅིག་ཏུ་འབྲེལ་བ་དང་།རིག་གནས་ཀྱི་རྒྱུ་འགྲུལ་ཟབ་པ་ཙམ་ལས་འཐད་ལྡན་གྱི་རྒྱུ་མཚན་གཞན་ད་དུང་འགོད་དཀའ་འོ།
《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎའི》བརྗོད་བྱ་ལ་སོ་སོར་གཙོ་བོ་ལུས་ལྟ་བུ་དང་ཕལ་བ་ཡན་ལག་ལྟ་བུའི་ཆ་གཉིས་རེ་ཡོད། དང་པོའི་ཆ་དེ་ནི་གང་བརྗོད་རྒྱུའི་གཏམ་རྒྱུད་གཙོ་བོ་ཡིན་ལ། ཆ་གཉིས་པ་ནི་ཨུ་པ་ཀ་ཡ་ན་བྱ་བ་གཏམ་རྒྱུད་གཙོ་བོ་དེ་དང་འབྲེལ་ནས་ཉེ་བར་འཕྲོས་པའི་གཏམ་རྒྱུད་གཞན་མའོ ། 《མ་ཧཱ་བྷཱ་ར་ཏ》རུ་ཆ་དེ་གཉི་གས་སོ་སོར་གླེགས་བམ་གྱི་ཕྱེད་ཙམ་རེ་ཟིན། 《རཱ་མཱ་ཡ་ཎ》ལ་གཏམ་ཕལ་བ་དེ་ཙམ་དུ་མི་མང་། 《མ་ཧཱ་བྷཱ་ར་ཏ》གླེགས་བམ་དང་བརྗོད་བྱ་རྒྱ་ཆེ་བའང་དེ་འདྲའི་དབང་གིས་ཡིན་ཏེ། 《རཱ་མཱ་ཡ་ཎའི》 གཏམ་རྒྱུད་རགས་རིམ་ཙམ་ཡང་དེའི་བམ་པོ་གསུམ་པ 《ནགས་སུ་ཞུགས་པ》ཞེས་པར་བྱུང་འདུག །དེ་ལས་སྒྲུང་རབས་ཆེན་མོ་དེ་གཉིས་ཀྱི་བརྗོད་བྱ་ཕན་ཚུན་འབྲེལ་ཆེ་བའང་མཐོང་ཐུབ།སྒྲུང་རབས་ཆེན་མོ་གཉི་གར་བྱུང་བའི་གཏམ་རྒྱུད་ཆེ་ཕྲ་གང་ཡིན་ཡང་།སྤྱིར་ན་ཉེ་རིང་ཆགས་སྡང་དང་དགྲ་འདུལ་གཉེན་སྐྱོང་ལ་སྦྱར་བ་ནི་ཐུན་མོང་གི་ཁྱད་ཆོས་སུ་སྣང་།རིག་བྱེད་ཀྱི་གཞུང་སྔོན་མ་རྣམས་ཀྱིས་ལྷ་ཆོས་དང་བྲམ་ཟེའི་བྱ་བ་སྟོན་པ་ལ། སྒྲུང་རབས་ཆེན་མོ་གཉིས་ཀྱིས་མི་ཆོས་དང་རྒྱལ་རིགས་ཀྱི་བྱ་བ་སྟོན་ཟེར་བའང་གཙོ་བོ་སོ་སོའི་བརྗོད་བྱ་གང་ལ་གཞོལ་བའི་ཆ་ནས་བཞག་པའོ།།
སྒྲུང་རབས་ཆེན་མོ་གཉིས་ནི་དེ་ལྟར་གཏིང་ཟབ་ཅིང་། རྒྱ་ཆེ་ལ། ཚིག་གི་སྦྱོར་བའང་རྨད་དུ་བྱུང་བས། རྒྱ་གར་གྱི་རྩོམ་རིག་དང་སྐད་ཡིག་གི་ལོ་རྒྱུས་སྟེང་དུ་སོ་སོར་སྒྲུང་རབས་ཆེན་མོའི་དུས་རབས་དང་སྒྲུང་རབས་ཆེན་མོའི་ལེགས་སྦྱར་གྱི་སྐད་ཅེས་དུས་རབས་གསར་བ་ཞིག་གི་ས་བཅད་བཀྲམ། རྒྱ་གར་རང་དུ་སྒྲུང་རབས་ཆེན་མོ་དེ་གཉིས་ནི་ཕྱི་ནང་གི་མཁས་པ་མང་པོས་སྒྲུང་དང་། རྒྱལ་རབས། སྙན་ངག། ཟློས་གར་སོགས་བརྩམས་ཆོས་སྣ་ཚོགས་རྩོམ་པའི་རྒྱུ་དང་ས་བོན་འབྱུང་སའི་ཟད་མི་ཤེས་པའི་མཛོད་དུ་གྲུབ། དེ་ནི་དཔེར་ན།
གྲོག་མཁར་གྱིས་ནི་སྤྲེའུས་ཁུར་བའི་རྡོ་རྣམས་དང་ནི་རྒྱས་པ་དེ་བཞིན་སྲིད་སྒྲུབ་མདའ།
རྒྱ་མཚོའི་ཟམ་པ་བྱས་པར་བརྗོད་ཀྱང་ད་དུང་དེ་དག་ཐལ་བའི་གཏམ་དུ་བརྗོད་མི་བྱེད།། བདག་གིས་མ་ལུས་ཚིག་དོན་སྲང་ལ་བཅལ་ནས་རབ་ཏུ་སྦྱར་མོད་དེ་ལྟ་ནའང་། །
སྐྱོན་རྣམས་སྨྲ་བར་བྱེད་ལ་ཁ་ནི་གདངས་པ་ཀྱེ་མ་ཕྲག་དོག་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་འཛམ་གླིང་མཁས་པའི་གཙོ་བོ་དཔལ་ཆོས་ཀྱི་གྲགས་པས་ཀྱང་ཁོང་སྒྲ་བྱུང་གི་ཚད་མ་ལ་ཐུགས་ཕྱུངས་ཚུལ《མ་ཧཱ་བྷཱ་ར་ཏ》དང《རཱ་མཱ་ཡ་ཎའི》གཏམ་རྒྱུད་དང་འབྲེལ་བའི་རྒྱ་གར་དང་ལདྐའི་བར་གྱི་བྲག་བརྒྱུད་དེའི་ཡོངས་གྲགས་ཀྱི་བྱུང་བ་དང་སྦྱར་ནས་གསུངས་པ་བཞིན་ནོ། ། གོང་གི་ཚིགས་བཅད་དེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཤིན་ཏུ་རྩ་ཆེ་བར་མཐོང་ནས 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར》བོད་སྐད་དུ་བསྒྱུར་ནས་བཀོད་ཡོད་ལ། 《ལེགས་སྦྱར་བང་མཛོད》དུ་ཚིགས་བཅད་དེའི་འགྱུར་གཞན་པ་ཁོང་གིས་བསྒྱུར་པ་གཞན་ཞིག་ཀྱང་བཀོད་ཡོད། ཚིགས་བཅད་འདི་སྔོན་མ་ནས་བོད་སྐད་དུ་བསྒྱུར་ཏེ 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》དང 《ས་པཎ་གསུང་འབུམ》པོད་དང་པོ་ལ་བཀོད་འདུག་པར་མ་ཟད།འགྱུར་ཡང་ཤིན་ཏུ་ལེགས་མོད།མཁས་དབང་དགེ་ཆོས་ཀྱིས་དེ་མ་མཐོང་བར་སྣང་སྟེ། འདིའི་མཛད་པ་པོ་“རྣམ་འགྲེལ་མཛད་པ་པོའམ་གཞན་ཞིག་ཡིན་གང་ཤེས”གསུངས་པ་སོགས་ལས་ཀྱང་ཤེས་ནུས། ནང་པའི་མཁས་པ་ཆེན་པོ་དེ་ལྟ་བུས་ཀྱང་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་ནས་བརྩམས་ཆོས་རྩོམ་པ་དེ་ལྟ་ན། རྒྱ་གར་གྱི་མཁས་པ་གཞན་དག་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྷཱ་ས(Bhasa)དང་། ཀཱ་ལི་དཱ་ས(Kalidasa)དང་། ཀུ་ལ་ཤེ་ཁ་ར(Kulasekhara)དང་། རཱ་མ་ཙནྡྲ་(Ra-macandra)དང་།བི་ཛ་ཡ་པཱ་ལ(Vijayapala)དང་། པྲཧལཱ་ད་ན(Prahladana)དང་། བི་ཤ་ཝ་ནཱ་ཐ(visvanatha)དང་། ཝ་སུ་དེ་བ(Vasudeva)དང་། ཨ་མ་ར་ཙནྡྲ(Amar-acandra)དང་། བྷ་ཝ་བྷུ་ཏི(Bhavabhuti)དང་། རཱ་ཛ་ཤེ་ཁ་ར(Rajasekhara)སོགས་ཀྱིས་སྒྲུང་རབས་ཆེན་མོ་གཉིས་ལས་བརྩམས་ཏེ་སྙན་ངག་དང་ཟློས་གར་སོགས་བརྩམས་ཆོས་མང་དུ་མཛད་འདུག་གོ།
སྒྲུང་རབས་ཆེན་མོ་དེ་གཉིས་རྒྱ་གར་གྱི་ཡུལ་བྱེ་བྲག་པ་མང་པོའི་སྐད་དུ་འགྱུར་ལ། དུས་རབས་བཅུ་བདུན་པར《མ་ཧཱ་བྷཱ་ར་ཏ》ཏ་ཟིག་གི་སྐད་དུའང་འགྱུར། 《རཱ་མཱ་ཡ་ཎ》ནི་འབར་མ་དང་། ཀམྦྷོ་ཛ། ཉི་ཧོང་སོགས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དུ་མར་དར་ཁྱབ་ཏུ་སོང་། ཉེ་རབས་སུ་སླེབས་ནས་ནུབ་ཕྱོགས་གཙོར་བྱས་པའི་འཛམ་གླིང་གི་ཡུལ་ལུང་མང་པོའི་སྐད་དུ་བསྒྱུར། རྒྱ་ནག་ལ་སྔོན་མ་ནི་དུས་རབས་གསུམ་པ་དང་ལྔ་པར་ལེགས་སྦྱར་ནས་བསྒྱུར་པའི་སྐྱེས་རབས་གཉིས་ལས 《རཱ་མཱ་ཡ་ཎའི》གཏམ་རྒྱུད་རགས་བསྡུས་ཤིག་བྱུང་བ་དང་། དུས་རབས་ལྔ་པའི་དུས་སྟོད་ལ་ལོ་ཙཱ་བ་ཆེན་པོ་ཀུ་མ་ར་ཤྲཱིས་བསྒྱུར་པའི་གསུང་རབ་ཅིག(《大庄严论经》)ཏུ་སྒྲུང་རབས་ཆེན་མོ་དེ་གཉིས་ཀྱི་མིང་གླེང་པ་ཙམ་ཡིན་མོད། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པར་མཁས་པ་ཅི་ཞན་ལིན་གྱིས 《རཱ་མཱ་ཡ་ཎ》 ཆ་ཚང་བར་བསྒྱུར་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་ལ། 2005ལོར། 《མ་ཧཱ་བྷཱ་ར་ཏ》ཡང་མཁས་པ་ཧོང་པོ་ཧྲིན་སོགས་ཀྱིས་ཆ་ཚང་བར་བསྒྱུར་ཏེ་དཔེ་སྐྲུན་འགྲེམ་སྤེལ་བྱས་པས། རིག་ཚན་འཛུགས་སྐྲུན་དང་རྒྱ་གར་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པར་རྨང་གཞི་བཟང་པོ་བཏིང་།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1