༄༅།། རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་བོད་ལ་དར་བ།

རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-21


རྒྱ་ཡེ་བཀྲ་བྷོ།
          བོད་ལ་སངས་རྒྱས་ཀྱི་བསྟན་པ་མ་དར་གོང་ནས་སྤྲེའུ་ཧ་ནུ་མའི་གཏམ་སོགས་སྒྲུང་རབས་ཆེན་མོ་གཉིས་ལས་བྱུང་བའི་ངག་རྒྱུན་དམ་དུམ་ཙམ་རེ་དར་ཡོད་ཤས་ཆེ་ལ། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་དམ་དུས་རབས་དགུ་པའི་དུས་སྟོད་ཙམ་ལ། ཡི་གེའི་ལམ་ནས་སྒྲུང་རབས་ཆེན་མོ་གཉིས་ཀྱི་གཏམ་རྒྱུད་རགས་བསྡུས་ཤིག་དར་བར་མངོན་ཏེ། རང་རེའི་སྡེ་དགེའི《བསྟན་འགྱུར》གྱི་ཆོས་ཚན་དང་པོ་དང་གཉིས་པར་བཞུགས་ཤིང་། བོད་ཀྱི་ཉི་ཟླ་ལྟ་བུའི་ལོ་ཙཱ་བར་བསྔགས་པའི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་རྣམ་གཉིས་ཀྱི་ཡ་གྱལ་སྐ་བ་དཔལབརྩེགས་ཀྱིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་མཐོ་བཙུན་གྲུབ་རྗེས་མཛད་པའི《ཁྱད་པར་དུ་འཕགས་པའི་བསྟོད་པ》དང་། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ》བྱ་བ་གཉིས་བོད་སྐད་དུ་བསྒྱུར་ཅིང་། བསྟོད་པ་སྔ་མ་དེ་ལས།
          རྣ་ཅན་འཐབ་དཀའ་ལ་སོགས་ལ།། ཁྱབ་འཇུག་གིས་ནི་གནོད་པ་བརྩམས།། ཞེས་དང་།  སྒྲ་ངན་དང་ནི་སྐྱ་བསེང་དག། གང་གི་ཕྱིར་ནི་གཡུལ་བཀྱེ་བའི་། ཞེས་དང་།    སྐྱ་བསེང་བུ་ནི་བརྗོད་བྱས་ན།། བསོད་ནམས་འགྱུར་ཞེས་སོ་སོར་སྨྲ།། ཞེས་དང་། དགའ་བྱེད་ཆུང་མའི་དོན་གྱི་ཕྱིར།། རྒྱ་མཚོའི་ཕ་རོལ་སོན་ཅེས་གྲག། ཅེས་དང་།
          མི་དབང་དགའ་བྱེད་གོས་སྲེད་སོགས།། ནགས་ཚལ་ནས་ནི་ཕྱིར་ཡང་མཆིས།། ཞེས་པ་སོགས་དང་། བསྟོད་པ་ཕྱི་མ་ལས།
ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །
          ཅེས་སོགས་ཀྱི་ཚིག་བྱུང་བ་དེ་རྣམས་ནི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་གཏམ་བོད་ལ་ཡི་གེའི་ལམ་ནས་དར་བའི་ཐོག་མ་ཡིན་ལ། དེ་ཙམ་ནས་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་གཏམ་བོད་ཀྱི་ཤེས་ལྡན་དག་གི་ཁྲོད་དུ་དར་སྤེལ་འབྱུང་བའི་འགོ་བརྩམས། དུས་རབས་བཅུ་པའི་དུས་སྨད་ནས་དུས་རབས་བཅུ་གཅིག་པའི་དུས་སྟོད་ཀྱི་བར་ལ།  བོད་ཀྱི་ཐོ་རངས་སྐར་ཆེན་ལྟ་བུའི་ལོ་ཙཱ་བར་བསྔགས་པ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བྷ་ག་ལའི་ཡུལ་གྱི་སློབ་དཔོ་ན་ཤེས་རབ་གོ་ཆས་མཛད་པའི《ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ》ཞེས་པ་དང་།ཡང་དེས་མཛད་པའི《ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་རྒྱ་ཆེར་བཤད་པ》ཞེས་པ་བོད་ཀྱི་མཁས་པ་རྣམས་ལ་《བསྟོད་འགྲེལ》ཞེས་ཡོངས་སུ་གྲགས་པ་དེ་གཉིས་བོད་སྐད་དུ་བསྒྱུར།《བསྟོད་འགྲེལ》དུ་གོང་གི་བསྟོད་པ་གཉིས་ལས་བྱུང་བའི་ཚིགས་བཅད་སྒྲུང་རབས་ཆེན་མོ་གཉིས་ཀྱི་བརྗོད་བྱ་ལས་བརྩམས་པ་རྣམས་ལ་འགྲེལ་བ་ཞིབ་རྒྱས་སུ་བཀོད་ཡོད་ཅིང་། དེ་རུ་སྒྲུང་རབས་ཆེན་མོ་གཉི་གའི་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོ་དང་། མི་སྣ་གཙོ་བོ་རྣམས་བྱུང་ཡོད་པས། དེ་བོད་མི་རྣམས་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལ་ཆ་ཡོངས་ནས་རྒྱུས་ཡོད་ཡོང་བྱེད་ཀྱི་ཡིག་ཆའི་ཐོག་མ་དང་གཙོ་བོར་གྱུར།
          སྤྱི་ལོའི་དུས་རབས་དགུ་པ་ཙམ་ལ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་ཡ་གྱལ 《རཱ་མཱ་ཡ་ཎའི》བྱུང་རིམ་གཙོ་བོ་རྣམས་བསྡུས་ནས་བོད་སྐད་དུ་བསྒྱུར་པ་ཏུན་ཧོང་བྲག་དགོན་གྱི་ཕུག་པ་ཞིག་ཏུ་ལོ་ངོ་བརྒྱ་ཕྲག་དུ་མར་མུན་ནག་གི་མལ་དུ་གཉིད་མོ་ཆེར་ཡུར་བ་སྤྱི་ལོ1899ལོ་ལ་ཡིག་ཆ་གཞན་མ་རྣམས་དང་མཉམ་དུ་ཕྱིར་ཐོན་ཏེ། རིམ་གྱིས་དབྱིན་ཇི་དང་ཧྥ་རན་སིའི་རྒྱལ་ཁབ་ཏུ་འཁྱར་ཞིང་། ད་ལྟ་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་འདུག །ཏུན་ཧོང་ནས་ཐོན་པའི《རཱ་མ་ཎའི་རྟོགས་བརྗོད》 དབྱིན་ཇི་ལ་འཁྱར་བ་རྣམས་དབྱིན་ཇིའི་རྒྱ་གར་ལས་དོན་ཚན་ཁག་གི་དཔེ་མཛོད་ཁང་དུ་ཉར་ཡོད་ཅིང་། འགྱུར་མི་འདྲ་བའི་ཁྱད་པར་གྱིས་དེ་དག་ལ I.0.737Aདང་།  I.0.737Bདང་།  I.0.737Cདང་།  I.0.737Dབཅས་ཨང་རྟགས་མི་འདྲ་བ་བཞི་བཏབ་ཡོད། འོན་ཀྱང་དེའི་དང་པོ་དང་གཉིས་པ་ནི་གཅིག་ཏུ་བསྡུ་འོས་པས་དོན་དུ་དབྱིན་ཇིས་ཉར་བ་ལ་རྟོགས་བརྗོད་ཀྱི་ཡི་གེ་མི་འདྲ་བ་ཁག་གསུམ་ཡོད། དབྱིན་ཇིས་ཉར་བ་དེ་རྣམས་དང་མི་འདྲ་བའི་རྟོགས་བརྗོད་དུམ་བུ་གཅིག་ཧྥ་རན་སིར་འཁྱར་ནས་པཱ་ལིའི་དཔེ་མཛོད་ཁང་དུ་ཉར་ཡོད་ཅིང་། དེ་ནི་དེ་གར་ཉར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་ལསP.T.983ཞེས་པའི་ཨང་རྟགས་ཅན་དེ་ཡིན། དེ་དག་གཅིག་ཏུ་དྲིལ་ན། རྒྱལ་ཁབ་དེ་གཉིས་སུ《རཱ་མ་ཎའི་རྟོགས་བརྗོད》མི་འདྲ་བ་ཁག་བཞི་ཡོད་དོ །  ཁག་བཞི་ག་ལ་རལ་སྐྱོན་ཞུགས་འདུག་ཅིང་། ལྷག་པརI.0.737Bདང་། I.0.737Cདང་།P.T.983གསུམ་ལ་རལ་སྐྱོན་ཚབས་ཆེ་བས།  ཤོག་ལྷེ་འགའ་རེ་མ་གཏོགས་ལུས་མེད།  ཡིག་ཆ་དེ་དག་ནི་ཤིན་ཏུ་རྩ་ཆེ་ཞིང་། ལྷག་པར་ཨང་རྟགས I.0.737Dཅན་གྱི་ཡིག་ཆ་དེར། 《རཱ་མཱ་ཡ་ཎའི》 གཏམ་རྒྱུད་ཀྱི་བྱུང་རིམ་ཕལ་ཆེར་ཆ་ཚང་བར་ལུས་འདུག་ལ། དེ་ནི 《བསྟོད་འགྲེལ》 དུ་བཀོད་པའི་རཱ་མའི་ལོ་རྒྱུས་དང་བསྡུར་ན་ཤིན་ཏུ་རྒྱས་ཤིང་། དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པར་སླེབས་ཀྱི་བར་དུ་བོད་ཀྱི་ཡི་གེར་བཀོད་པའི་རཱ་མའི་ལོ་རྒྱུས་ལ་འདི་ལས་རྒྱས་པ་མ་བྱུང་།
          སྤྱི་ལོའི་དུས་རབས་བཅུ་གསུམ་པར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》 ལས།
          བློ་དང་བརྩོན་འགྲུས་ཡོད་གྱུར་པ། །དེ་ཡིས་སྒྲུབ་པར་མི་ནུས་གང་།།
          དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ །སྐྱ་སེང་བུ་ཡིས་བཅོམ་ཞེས་ཐོས།།

          ཆེན་པོ་རྣམས་ཀྱིས་རྩེད་མོ་དང་། །བདེ་དང་ཟས་ལ་ཆགས་པ་སྤང་། །
          འདོད་ལ་ཆགས་པའི་ལེ་ལན་གྱིས། །འབོད་གྲོགས་ལང་ཀར་བསད་ཅེས་གྲགས། །
ཞེས་པའི་ཚིགས་བཅད་གཉིས་བྱུང་ཞིང་། རྗེ་ས་པཎ་དང་དུས་མཉམ་པའི་མཁས་པ་བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་འགྲེལ་བ》ཞེས་པར་གོང་གི་ཚིགས་བཅད་གཉིས་ཀྱི་སྒྲུང་འགྲེལ་ཞིབ་ཏུ་བཀོད་ཡོད་ཅིང་།  དེའང་བོད་ཀྱི་མཁས་པའི་བརྩམས་ཆོས་ལས 《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎའི》གཏམ་རྒྱུད་ཀྱི་བྱུང་རིམ་ཅུང་ཟད་ཆ་ཚང་བར་བཀོད་པའི་ཡི་གེའི་གྲས་སུ་གཏོགས།
          ཡང་སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི《སྙན་ངག་མེ་ལོང》ཆ་ཚང་བར་བོད་སྐད་དུ་བསྒྱུར་ཅིང་།  དེའི་ལེའུ་གཉིས་པའི་དོན་རྒྱན་བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་གྱི་བྱེ་བྲག་དྲག་ཤུལ་གྱི་ཉམས་ཀྱི་དཔེ།
གང་གིས་ནག་མོ་བདག་མདུན་ནས།། སྐྲ་ནས་བཟུང་སྟེ་དྲངས་གྱུར་པ། །
བསྟན་དཀའ་སྡིག་ཅན་ཐོབ་པ་འདི།།  སྐད་ཅིག་འཚོ་བར་འགྱུར་རམ་ཅི།།
          དོན་རྒྱན་ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་གྱི་བྱེ་བྲག་བསམ་པ་རྒྱ་ཆེ་བའི་རྒྱན་གྱི་དཔེ།    རཱ་ཝ་ཎ་ཡི་མགོ་གཅོད་པའི། །   བྱ་བའི་ཁུར་ཡང་བཟོད་པ་གང་། །
རཱ་གྷུའི་བུ་དེས་བླ་མ་ཡི། །བཀའ་ལས་འདའ་བར་ནུས་མ་གྱུར། །
འབྱོར་པ་རྒྱ་ཆེ་བའི་དཔེ།
རིན་ཆེན་རྩིག་པ་ལས་འཕོས་པའི། །  གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ།།
ལདྐའི་དབང་ཕྱུག་དེ་ཁོ་ན། །ཨཉྫན་བུས་དཀའ་བས་ཤེས།།
          དོན་རྒྱན་ཉེར་བདུན་པ་འགལ་བའི་རྒྱན་གྱི་བྱེ་བྲག་སྦྱར་བའི་འགལ་བའི་དཔེའི་འགྱུར་གཉིས་པར།
སྙན་པར་སྒྲོགས་མ་ནག་མོ་ཁྱོད། །   སྲིད་སྒྲུབ་ལ་ནི་རྗེས་ཆགས་ཀྱང་། །
རྣ་ཅན་ལ་བརྟེན་ལྟ་བ་ནི།།  སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། །
          ལེའུ་གསུམ་པའི་སྐྱོན་སེལ་སྐབས་ཀྱི་ལུང་དང་འགལ་པའི་དམིགས་བསལ་གྱི་དཔེ།
སྐྱ་བསེང་བུ་ལྔ་དག་གི་ནི།།   ཆུང་མ་ལྔ་ལེན་བུ་མོ་སྟེ། །
དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །
          ཞེས་འབྱུང་བ་སོགས་ཀྱི་འགྲེལ་བ་རྣམས་སུའང 《མ་ཧཱ་བྷཱ་ར་ཏ》 དང 《རཱ་མཱ་ཡ་ཎ》སྟེ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་གཏམ་ཅི་རིགས་པར་འབྱུང་།  དེ་ཡང་རྒྱལ་དབང་ལྔ་པ་ཆེན་མོའི《སྙན་འགྲེལ་དབྱངས་ཅན་དགྱེས་གླུ》དང་།    བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི《སྙན་འགྲེལ་དཎྜིའི་དགོངས་རྒྱན》སོགས་སུ་གོང་གི་ཚིགས་བཅད་རྣམས་ལ་ཚིག་འགྲེལ་ཙམ་ལས་གཏམ་རྒྱུད་ཞིབ་མོ་བཀོད་མེད་མོད། རིན་སྤུངས་ངག་དབང་འཇིག་གྲག་ཀྱི《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ》དང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི《དབྱངས་ཅན་ངག་གི་རོལ་མཚོ》 འཇུ་མི་ཕམ་གྱི《དབྱངས་ཅན་དགྱེས་པའི་རོལ་མཚོ》སོགས་སུ《མ་ཧཱ་བྷཱ་ར་ཏའི》གཏམ་རྒྱུད་གོང་གི་སྙན་འགྲེལ་གཉིས་ལས་རྒྱས་ཙམ་དང་།  《རཱ་མཱ་ཡ་ཎའི》གཏམ་རྒྱུད་ནི་ཞིབ་རྒྱས་སུ་བཀོད་འདུག། ལྷག་པར་འབྲུག་ཁམས་སྤྲུལ་གྱི《དབྱངས་ཅན་ངག་གི་རོལ་མཚོ》རུ་བཀོད་པའི《རཱ་མཱ་ཡ་ཎའི》གཏམ་རྒྱུད་དེ་འདྲའི་རྒྱས་པ་ཞིག་བོད་ཀྱི་སྙན་འགྲེལ་གཞན་གང་ལའང་མི་སྣང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ནི་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་ཀྱི་དངོས་སློབ་ཡིན་ཞིང་། སི་ཏུ་པཎ་ཆེན་མཆོག་ནི་སྔ་ཕྱིར་ཐེངས་གཉིས་ལ་བལ་ཡུལ་དུ་ཕེབས་ནས་རྒྱ་གར་དང་བལ་བོའི་པཎྜི་ཏ་པྲ་དྷུསྣ་དང་། བཤྜུ་བ་ཏི། ཀཱ་ལ་ནཱ་ཡ་ན་ཛ་ཡ་མདྒ་སོགས་དང་བགྲོ་གླེང་ཡུན་རིང་མཛད་དེ། སྒྲ་དང་། སྙན་ངག།  མངོན་བརྗོད་སོགས་ཀྱི་དོགས་གནད་མང་པོ་བཀྲོལ། འབྲུག་ཁམས་སྤྲུལ་གྱིས་སི་ཏུ་པཎ་ཆེན་གྱི་མདུན་ནས་དེ་དག་ཡོངས་སུ་རྫོགས་པར་གསན་བཞེས་གྲུབ་རྗེས། 《དབྱངས་ཅན་ངག་གི་རོལ་མཚོ》ཞེས་པའི་སྙན་འགྲེལ་རྨད་དུ་བྱུང་བ་སི་ཏུ་པཎ་ཆེན་གྱིས་རྒྱ་བལ་གྱི་པཎྜི་ཏ་མང་པོ་ལ་དྲི་གཏུགས་ཀྱིས་སྒྲོ་འདོགས་བཅད་པའི་ལེགས་བཤད་གསར་བས་བརྒྱན་པ་དེ་མཛད། དེ་བས 《དབྱངས་ཅན་ངག་གི་རོལ་མཚོ》ལས་བྱུང་བའི《རཱ་མཱ་ཡ་ཎའི》གཏམ་རྒྱུད་ནི་སི་ཏུ་པཎ་ཆེན་གྱིས་རྒྱ་བལ་གྱི་པཎྜི་ཏ་ཚོའི་ཞལ་སྒོ་ནས་བླངས་པའི་ལེགས་བཤད་ཀྱིས་བརྒྱན་པ་ཞིག་ཀྱང་ཡིན་ཏེ།   (རྒྱལ་པོ་རཱ་མ་ཎ)འདིའི་ལོ་རྒྱུས་རྗེ་པཎ་ཆེན་བླ་མས་སྔར་བྲམ་ཟེ་ཞིག་ལ་གཏམ་རྒྱུད་ཚང་མ་གསན་འདུག་ཀྱང་བསྙེལ་ཐོ་མ་མཛད་པས་ད་ལྟ་བསྙེལ་འདུག་གསུངས། གཞན་ཨ་ཙ་ར་ཕལ་པ་ཚོར་ཡང་འདི་འཆད་མི་ཤེས་པ་མེད་པ་ལྟ་བུ་ཡིན་ཡང་། ཁོང་ཚོ་འདི་ལ་གཅེས་སྤྲས་དང་ཆེ་བ་ཆེ་དྲག །གཡེང་བ་ཐམས་ཅད་སྤངས་ནས་གཞན་རྐྱེན་གྱིས་བར་མ་ཆོད་པར་ཉན་པ་ལས་འཕྲོས་ཞོར་ལ་འཆད་པའི་སྲོལ་མེད། དེ་བཞིན་ཆེད་དུ་ཉན་ཡང་ཞག་གྲངས་མང་པོའི་བར་ལ་མི་རྫོགས་པའི་ལོ་རྒྱུས་ཆེས་ཤིན་ཏུ་རྒྱས་པ་ཡོད། རཏྣ་ཤྲི་དང་ངག་གི་དབང་ཕྱུག་གྲགས་པའི་རྒྱ་འགྲེལ་ན་ནི་འདིའི་ལོ་རྒྱུས་མི་འདུག་ཅེས་རྒྱས་པར་མི་གསུངས་པས། འདི་ལ་སྔར་བོད་ཡུལ་དུ་མ་གྲགས་པ་རྒྱ་གར་པའི་ངག་སྒྲོས་ཇི་བཞིན་པའི་ལེགས་བཤད་གསར་དུ་འགོད་པར་མ་ནུས་ཀྱང་། འདི་ཙམ་ཞིག་ཕྱི་རོལ་པ་ཚོས་འཆད་པའི་ངག་སྒྲོས་དང་མཐུན་པར་འདུག་ཅེས་བསྩལ་བ་བཞིན་ལ་གསུང་སྒྲོས་གསར་བ་ཐོར་བུས་ཀྱང་བརྒྱན་ནས་བཀོད་པ་ཡིན།
          ཞེས 《དབྱངས་ཅན་ངག་གི་རོལ་མཚོ》ལས་འབྱུང་བ་བཞིན་ནོ། །
          འབྲུག་ཁམས་སྤྲུལ་གྱིས 《ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི》ཞེས་རྒྱ་གར་གྱི་ལྷ་སྒྲུང་སོགས་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་མཁོ་ཆེ་བའི་བརྩམས་ཆོས་ཤིག་མཛད་འདུག་པ་དེར་ཡང་རཱ་མ་ཎའི་གཏམ་རྒྱུད་ཅུང་ཟད་རྒྱས་པ་ཞིག་བཀོད་ཡོད་པར་མ་ཟད། དེ་རུ་སྲིན་པོའི་རྒྱལ་པོ་སྤུན་བཞི་སྲིང་མོ་དང་ལྔའི་མིང་དང་། སྤྲེའུའི་རྒྱལ་པོ་ལྔའི་མིང་། སྲིན་རྒྱལ་གྱིས་དབང་ཕྱུག་བསྒྲུབས་པའི་གནས་དང་རཱ་མ་ཎ་སྤྱུགས་སའི་ནགས་ནི་སོ་སོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་བྱང་ཤར་གོ་ཀརྞེ་ཤྭ་ར་ཟེར་བ་དང་། པ་ཤུ་པ་ཏིའམ་བོད་རྣམས་ཕག་མོ་མངལ་ཆུར་འབོད་པ་དེ་ཡིན་པ། ཧ་ནུ་མནྠས་སྲིན་རྒྱལ་གྱི་སྲིང་མོ་སཱུ་པ ན་ཥཱའི་སྣ་བཅད་ནས་ཟོས་པ་སོགས་བོད་ལ་སྔར་མ་གྲགས་པའི་གཏམ་ཡང་མང་དུ་མཆིས།
          དེས་ན་འབྲུག་ཁམས་སྤྲུལ་གྱིས་བརྩམས་ཆོས་མི་འདྲ་བ་གཉིས་སུ 《རཱ་མཱ་ཡ་ཎའི》 གཏམ་རྒྱུད་ཅུང་ཟད་རྒྱས་པ་གཉིས་བཀོད་འདུག་ལ། སྔ་མ་ནི་གོང་དུ་སྨོས་པ་ལྟར་སི་ཏུ་པཎ་ཆེན་གྱི་གསུང་གིས་བརྒྱན་པ་དང་།  ཕྱི་མ་ནི།
          དེ་ལ་བིཋྞུ་རང་ཡང་ཕྱི་རོལ་པའི་ལྷ་ཆེན་པོ་ཡིན་ཞིང་།ལོ་རྒྱུས་འདི་ཡང་ཕྱི་རོལ་པ་ལ་གྲགས་པ་ཞིག་ཡིན་ཡང་། རང་ཅག་ནང་པ་ལའང་རིག་གནས་ཐུན་མོང་བའི་སྐབས་དང་། སྔགས་གཞུང་གི་བཤད་པ་འགའ་ཞིག་ལའང་མཁོ་བའི་སྐབས་སྲིད་པས་རྒྱ་བལ་གྱི་ངག་རྒྱུན་པཎྜི་ཏ་འགའ་ཞིག་ལ་དྲིས་པ་བཞིན་འགོད་པ་སྟེ།
          ཞེས 《འཇུག་པ་བཅུའི་གཏམ》ལས་འབྱུང་བ་ལ་དཔགས་ན། དྲི་མཁན་ཁོ་རང་གིས་ཐད་ཀར་པཎྜི་ཏ་འགའ་ལ་དྲིས་པར་སྣང་བས། བརྩམས་ཆོས་ཀྱི་མཚན་བྱང་དུ་བྱུང་བ་ལྟར་རྒྱ་བལ་མཁས་པའི་ངག་རྒྱུན་གྱིས་བརྒྱན་པ་ཞིག་གོ། །དེ་ལྟར་ན་སི་ཏུ་པཎ་ཆེན་ལས་ཐོས་པ་དང་། རྒྱ་བལ་གྱི་པཎྜི་ཏ་འགའ་ལས་དངོས་སུ་ཐོས་པ་སྟེ། གསན་བཞེས་ཀྱི་ཁུངས་མི་འདྲ་བ་གཉིས་ལས་བྱུང་བའི་རཱ་མ་ཎའི་གཏམ་རྒྱུད་ཀྱི་ཆུ་རྒྱུན་འབྲུག་ཁམས་སྤྲུལ་འདི་པའི་བརྩམས་ཆོས་ཀྱི་ཡོལ་གོ་རུ་འཁྱིལ་འདུག །འོན་ཀྱང་འབྲུག་ཁམས་སྤྲུལ་གྱིས་དྲི་གཏུགས་བྱ་ཡུལ་གྱི་པཎྜི་ཏ་ནི་སི་ཏུ་པཎ་ཆེན་བལ་ཡུལ་དུ་ཕེབས་སྐབས་མཇལ་བའི་པཎྜི་ཏ་དེ་རྣམས་ཡིན་མིན་མ་ངེས་ལ།   གལ་ཏེ་ཡིན་ན་དེ་དག་ཕྱིས་སུ་བོད་དུ་ཕེབས་པར་ངེས་ཀྱང་དེ་འདྲའི་ལོ་རྒྱུས་མ་མཐོང་ཞིང་། འབྲུག་ཁམས་སྤྲུལ་ཁོང་ལའང་རྒྱ་བལ་དུ་ཕེབས་པའི་ལོ་རྒྱུས་མེད་པ་འདྲ་བས། གོང་གི་དེ་དག་མ་ཡིན་པའི་པཎྜི་ཏ་འགའ་བོད་དུ་ཕེབས་པ་ཡིན་དགོས། དེ་མིན་ན་པཎྜི་ཏ་འགའ་ཞིག་ལ་དྲིས་པ་བཞིན་འགོད་པ་ཞེས་པ་སི་ཏུ་པཎ་ཆེན་གྱིས་དྲིས་པར་གོ་དགོས་ལ། དེ་ལྟར་ན་ཚིག་ལ་གསལ་ཁ་མེད་པའི་སྐྱོན་ཆེན་པོ་ཞིག་བཟློག་མེད་དུ་འབབ།
          གཞན་ཡང་སྣར་ཐང་ལོ་ཙཱ་བ་སདྒྷ་ཤྲཱིས་མཛད་པའི《སྙན་ཊཱཀ་བཀླགས་པས་དོན་གྲུབ》ཅེས་པར་ཡང་རཱ་མ་ཎའི་གཏམ་རྒྱུད་བཀོད་ཡོད་ཅིང་། དེ་རུ་རྒྱལ་པོ་ཤིང་རྟ་བཅུ་པས་ལྷ་ལ་གཡུལ་བཀྱེས་པ་སོགས་རྒྱ་གར་པའི་ངག་སྒྲོས་དང་ཡེ་མི་མཐུན་པ་མང་དུ་ཡོད་པ་དང་། ཁོང་གིས་རཱ་མ་ཎ་ནི་རང་རེའི་གུར་གྱི་མགོན་པོ་དང་གཅིག་ཡིན་པར་ཡང་བཞེད།
          རིག་བྱེད་ཀྱི་གཞུང་དུ་ཁྱབ་འཇུག་གི་མིང་ཐེངས་མང་པོར་འབྱུང་མོད། དེ་དུས་ཁྱབ་འཇུག་ནི་ཆེས་གཙོ་བོར་གྱུར་པའི་ལྷའི་གྲས་སུ་ད་དུང་སོན་མེད།  འོན་ཀྱང་སྒྲུང་རབས་ཆེན་མོ་དང《སྔོན་གྱི་རབས》སུ་རིམ་གྱིས་དེ་ལྷ་གཙོ་བོའི་གྲས་སུ་བཙུད། 《སྔོན་གྱི་རབས》ཞེས་པ་ནི་ཀུན་མཁྱེན་ཇོ་ནང་པས“སྔོན་གྱི་རབས་བཅོ་བརྒྱད་ཅེས་པ་ཤློ་ཀ་འབུམ་ལྷག་བཅས་ཡོད་པ་ཞིག'ཅེས་པ་སྟེ།  དེ་ལ་སྔོན་གྱི་རབས་ཆུང་ངུ་བཅོ་བརྒྱད་བྱ་བ་ཞིག་ཀྱང་ཡོད།  སྔོན་གྱི་རབས་བཅོ་བརྒྱད་ལས་གསུམ་པ 《ཁྱབ་འཇུག་གི་སྔོན་གྱི་རབས》དང་།    ལྔ་པ 《བྷ་ག་ཝན་གྱི་སྔོན་གྱི་རབས》 གཉིས་ཤིན་ཏུ་གྲགས་ཆེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེ 《སྔོན་བྱུང》དང《ཁྱབ་འཇུག་གི་སྔོན་བྱུང》སོགས་སུ་བསྒྱུར་ཡོད། 《སྔོན་གྱི་རབས》ནི་སྤྱི་ལོའི་སྔོན་གྱི་ཅང་མ་འགོར་བའི་དུས་ནས་སྤྱི་ལོའི་ལོ་ཆིག་སྟོང་ཙམ་གྱི་ནང་རོལ་ཏུ་གྲུབ་པར་བཤད། རང་རེ་ལ་གྲགས་པའི་ཁྱབ་འཇུག་གི་འཇུག་པ་བཅུ་ཞེས་པའི་གཏམ་གྱི་ཁུངས་ཀྱང《སྔོན་གྱི་རབས》བྱ་བ་འདི་ལ་ཐུག་འདུག་ལ། རིག་བྱེད་ཀྱི་གཞུང་དུ་འཇུག་པ་བཅུ་ཟེར་བའི་བཤད་ཚུལ་མི་སྣང་། འབྲུག་ཁམས་སྤྲུལ་གྱི《འཇུག་པ་བཅུའི་གཏམ》ཞེས་པ་ནི་དོན་དུ《སྔོན་གྱི་རབས》ཞེས་པའི་བྲམ་ཟེ་ཆོས་ལུགས་ཀྱི་གཞུང་དེའི་ནང་ཚན་ཞིག་བོད་སྐད་དུ་བསྒྱུར་བ་ཡིན་ལ། རྒྱལ་པོ་རཱ་མ་ཎ་ནི་འཇུག་པ་བཅུའི་བྱེ་བྲག་ཅིག་ཡིན་པས་འཇུག་པ་བཅུ་བརྗོད་པས་རཱ་མ་ཎའི་གཏམ་རྒྱུད་ཀྱང་རང་ཤུགས་སུ་བརྗོད་དགོས་པར་གྱུར། དེས་ན་རྒྱ་གར་གྱི་སྒྲུང་རབས་ཆེན་མོ《རཱ་མཱ་ཡ་ཎ》ལས་གཞན 《སྔོན་གྱི་རབས》བྱ་བའང་རཱ་མ་ཎའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ཡིན་པ་ཤེས་པར་བྱ་ལ། 《སྔོན་གྱི་རབས》སུ《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་ཀུ་རུ་ཀྵེ་ཊའི་འཐབ་མོ་ཆེན་པོའི་སྐོར་ཡང་བརྫོད་ཡོད་དོ། །
          ད་དུང་ཅུང་ཟད་འཕྲོས་ན། སྤྱིར་ཁྱབ་འཇུག་ལ་ལྷ་ཁྱབ་འཇུག་དང་། ཀླུ་ཁྱབ་འཇུག ། ལྷ་མ་ཡིན་ཁྱབ་འཇུག་བཅས་ཡོད་མོད། སྐབས་འདིའི་རཱ་མ་ཎའི་སྤྲུལ་གཞིར་གྱུར་པའི་ཁྱབ་འཇུག་ནི། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་པའི་གཙོ་བོ་དབང་ཕྱུག་དང་། ཁྱབ་འཇུག་དང་། ལྷའི་དབང་པོ་བརྒྱ་བྱིན་ཞེས་པའི་ནང་ཚན་ཉེ་དབང་གི་ཁྱབ་འཇུག་དེ་ཡིན། དེང་སང་གསང་སྔགས་གསར་ཪྙིང་ཕལ་གྱིས་ཆོས་སྐྱོང་དུ་བྱེད་པའི་གཟའ་ཁྱབ་འཇུག་ཏུ་གྲགས་པ་ནི་ལྷ་མ་ཡིན་གྱི་དབང་པོ་ཉི་ཟླ་ཟ་མཁན་གྱི་གཟའ་སྒྲ་གཅན་ཟེར་བ་དེ་ཡིན་པས་གཅིག་ཏུ་འཁྲུལ་བར་མི་བྱའོ །ཞེས 《འཇུག་པ་བཅུའི་གཏམ》ལས་འབྱུང་བ་ལྟར་ཡིན་ནོ།། 《ཁྱབ་འཇུག་གི་སྔོན་གྱི་རབས》ཞེས་པ་ལས་འབྱུང་བ་ལྟར། སྟོན་པ་ཤཱཀྱ་ཐུབ་པའང་འཇུག་པ་བཅུའི་ནང་ཚན་ཞིག་ཏུ་བྱས་ཡོད་པ་དེ་ནི་ཇི་སྐད་དུ 《འཇུག་པ་བཅུའི་གཏམ》ལས།
          དོན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྟན་པ་ལ་འགྲན་པར་མ་ནུས། དེ་དགག་ཏུ་ཡང་མ་བཏུབ་པས་གདོད་སངས་རྒྱས་འདི་ཡང་བདག་གི་སྤྲུལ་པ་ཡིན་ནོ་ཞེས་རྗེས་འཇུག་དག་བསླུ་བའི་ཕྱིར་ཁྱབ་འཇུག་གིས་རྫུན་སྨྲས་པར་རང་ཅག་ནང་པ་ལ་གྲགས་པ་དོན་དང་མཐུན་པའི་རྒྱུ་མཚན་གྱིས་ཡིན་པ་གོར་མ་ཆག་གསུངས།
          ཞེས་གསུངས་པ་ལྟར་ཡིན་ལ།  དེ་ལྟ་བུའི་རྫུན་གྱི་བྱེད་པོ་ནི་ཁྱབ་འཇུག་ཡིན་ཟེར་རྒྱུ་ལས་དེའི་རྗེས་འཇུག་རྣམས་ཡིན་པར་བཤད་ན་ལྷག་ཏུ་དོན་ལ་གནས་པར་སེམས། བོན་རྣམས་ཀྱིས་ཀྱང་དེ་དང་འདྲ་བར་སྟོན་པ་ཤཱཀྱ་ཐུབ་པ་གཤེན་རབ་ཀྱི་སྤྲུལ་པ་ཞིག་ཡིན་ཟེར་བ་སོགས་ལ་བལྟས་ན། བུ་བཟང་པོ་ཞིག་སྐྱེས་ན་ཀུན་གྱིས་ཚ་བོར་རེ་འདུག་གོ། །
          རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས“(རཱ་མ་ཎ)འདིའི་གཏམ་རྒྱུད་ལྷ་ལས་ཕུལ་བྱུང་དང་། ཁྱད་པར་འཕགས་བསྟོད་ཀྱི་རྒྱ་འགྲེལ། ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་སོགས། བསྟན་བཅོས་ཁུངས་བཙུན་རྣམས་བཏུས་ཤིང་སྦྱར” ཞེས་གསུངས་པ་ལྟར། བོད་ཀྱི་ཡུལ་དུ་རྒྱ་གར་པའི་སྒྲུང་རབས་ཆེན་མོ་གཉིས་ཀྱི་ཆུ་བོ་དེ་སྔོན་མ་གང་ལས་དྲངས་པའི་ཡུར་བ་གཙོ་བོ་ནི《བསྟོད་འགྲེལ》དང་། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》དང་། སྙན་འགྲེལ་རྣམས(གཙོ་བོ་འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ)དང་། 《འཇུག་པ་བཅུའི་གཏམ》 བཅས་ཡིན་ལ།《མ་ཧཱ་བྷཱ་ར་ཏའི》གཏམ་རྒྱུད་ནི་གཙོ་བོར《བསྟོད་འགྲེལ》དང་། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས་བྱུང་བ་སྟེ།    སྙན་འགྲེལ་རྣམས་སུ་ཚིག་ཐན་ཐུན་ཙམ་མ་གཏོགས་ཞིབ་ཏུ་བཀོད་མེད།   ཏུན་ཧོང་ནས་བུད་པའི《རཱ་མ་ཎའི་རྟོགས་བརྗོད》ནི་ཆ་ཚང་ལ་འགྱུར་ཡང་ལེགས་པས་ཤིན་ཏུ་གལ་ཆེ་མོད། བསྒྱུར་གྲུབ་རྗེས་དཔེ་རྒྱུན་སྤེལ་མ་ནུས་ལ། ལོ་རྒྱུས་འཕོ་འགྱུར་གྱི་དབང་གིས་ཅང་མ་འགོར་བར་དཔེ་རྒྱུན་ཆད་དེ་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་བས།  འཕྲིན་ལས་ཅི་ཡང་མ་རྒྱས་པར་སྣང་།
          མདོར་ན་དེ་དག་གང་ཡིན་ཡང་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལས་བྱུང་བའི་གཏམ་རྒྱུད་གཙོ་བོ་དག་བོད་ཀྱི་མི་རྣམས་ལ་ངོ་སྤྲོད་མཚམས་སྦྱོར་བྱས་པ་ཙམ་ཡིན་ཞིང་།  དེ་ལ་བརྟེན་ནས་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་བོད་སྐད་དུ་ཆ་ཚང་བར་མ་འགྱུར་ཡང་བོད་ཀྱི་ཤེས་ལྡན་དག་དེ་གཉིས་ལས་བྱུང་བའི་གཏམ་རྒྱུད་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར་ཏེ། སྙན་ངག་དང་ཟློས་གར་སོགས་བརྩམས་ཆོས་ཀྱི་བརྗོད་བྱའི་གཞིར་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1