༄༅།། འཁྲིད་གཞིའི་རྣམ་གཞག་བཤད་པ།

​​​​དོ་རྒྱ་བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-05


དོ་རྒྱ་བསོད་ནམས་ཚེ་རིང①གིས་བཤད། གཅན་ལུང་བསོད་ནམས་རྒྱ་མཚོས②ཡི་གེར་ཕབ།
[གནད་བཏུས] རྩོམ་ཡིག་འདིའི་ནང་དུ། དེང་རབས་ཀྱི་སློབ་ཁྲིད་གྲ་སྒྲིག་གི་ངོ་བོ་དང་། དབྱེ་བ། མདོར་བསྟན་ལས་འཕྲོས་ཤིང་བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་ཀྱི་ཐབས་ལམ་གྱིས་ཟུར་བརྒྱན་ཏེ། འཁྲིད་གཞིའི་རྣམ་གཞག་དམིགས་སུ་བཟུང་ནས་རང་གི་ལྟ་ཚུལ་བཏོན་ཡོད།
[གནད་ཚིག] སློབ་ཁྲིད་གྲ་སྒྲིག སློབ་སྐབས་འཆར་གཞི། ལེའུ་འཆར་གཞི། འཁྲིད་གཞིའི་རྣམ་གཞག
        སློབ་གསོ་གླིང་གི་དྲྭ་གྲོགས་རྣམ་པ། ཁྱེད་རྣམ་པ་བདེ་མོ། ད་ནི་སློབ་གྲྭ་འཚོག་རྒྱུར་ཉིན་འགའ་ལས་མེད་པས་དེ་རིང་གི་ཁོམ་སྐབས་དང་བསྟུན་ནས་སློབ་གྲྭའི་སློབ་གསོའི་ཡན་ལག་མེད་དུ་མི་རུང་བ་སྟེ། སློབ་ཁྲིད་ཀྱི་རྣམ་གཞག་གི་སྐོར་ནས་ཁ་བརྡ་ཞིག་བྱེད།
        སྤྱིར་བཏང་སློབ་གསོ་ཟེར་བ་ནི་མིའི་ཡོན་ཏན་གྱི་ཆ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། མིའི་ཀུན་སྤྱོད་ཀྱི་ཆ་འཐུས་ཚང་དུ་གཏོང་བ་དམིགས་ཡུལ་དུ་བྱེད་པའི་བྱ་འགུལ་ཞིག་ལ་གོ་ཞིང་། དེ་མངོན་འགྱུར་བྱེད་སའི་གནས་དང་གཞི་དེ་ལ་སློབ་གྲྭ་ཞེས་གྲགས། སློབ་གྲྭའི་ནང་དུ་སྲོག་ཤིང་གཅིག་ཡོད་ཟེར་བ་དང་གཉིས་ཡོད་ཟེར་བའི་བཞེད་ཚུལ་མང་ཡང་། སྲོག་ཤིང་གཅིག་ཏུ་འདོད་མཁན་རྣམས་ཀྱིས་སློབ་མ་གཙོ་བོར་བཞེད་པ་དང་། སྲོག་ཤིང་གཉིས་སུ་འདོད་མཁན་རྣམས་ཀྱིས་སློབ་མ་དང་དགེ་རྒན་གཉིས་ཀ་གཙོ་བོར་བཞེད། སྲོག་ཤིང་གཅིག་ཡོད་ན་འདྲ་གཉིས་ཡོད་ན་འདྲ། སློབ་གྲྭའི་ནང་དུ་དགེ་རྒན་དང་སློབ་མ་གཉིས་འཚོགས་ནས་ལས་ཀ་ཞིག་ལས་དགོས་པ་དེ་ནི་སློབ་ཁྲིད་རེད། སློབ་ཁྲིད་ཀྱི་བྱ་བ་འདི་སློབ་གྲྭའི་བྱ་བའི་སྙིང་པོོ་དང་བྱ་བ་མཐའ་དག་འཁྱོངས་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ཚེ། དེ་ལ་ད་དུང་ལྷན་ཅིག་བྱེད་རྐྱེན་གཉིས་ཡོད་དེ། དེ་ཡང་གསལ་བོར་བཤད་ན་ཉེར་ལེན་གྱི་རྒྱུ་ནི་སློབ་ཁྲིད་དང་། ལྷན་ཅིག་བྱེད་རྐྱེན་ནི་སློབ་ཁྲིད་གྲ་སྒྲིག་དང་ལས་བྱ་བཀོད་སྒྲིག་གཉིས་རེད། སློབ་གྲྭའི་སློབ་ཁྲིད་ཀྱི་བཟང་ངན་གྱི་དབྱེ་བ་འབྱེད་པ་དང་། སློབ་མར་ལས་བྱ་བཀོད་སྒྲིག་བྱེད་པའི་བཟང་ངན་གྱི་དབྱེ་བ་འབྱེད་པ། སློབ་ཁྲིད་གྲ་སྒྲིག་གི་བཟང་ངན་གྱི་དབྱེ་བ་འབྱེད་པ་འདི་གསུམ་ལ་སློབ་གྲྭའི་ནང་དུ་སློབ་གཉེར་གྱི་ལྷུ་ཚིགས་རྣམ་གསུམ་ཟེར། འདི་གསུམ་པོ་དགེ་རྒན་ཞིག་ལ་མཚོན་ནས་བཤད་ན། རང་ལ་ངེས་པར་དུ་ཚང་དགོས་པ་དང་རང་གིས་ཅིས་ཀྱང་བསྒྲུབ་དགོས་པའི་བྱ་བ་གསུམ་རེད།
        དེ་ཡང་དགེ་རྒན་གྱི་འགན་ཁུར་ནི་སློབ་མར་སློབ་ཁྲིད་ལེགས་པོ་བྱེད་རྒྱུ་ཉག་གཅིག་དེ་རེད། མི་རྣམས་ཀྱི་བཤད་རྒྱུན་དུ། དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་ནི་གནམ་རྒན་མས་དགེ་རྒན་ལ་སྤྲད་པའི་རླབས་ཆེའི་ལས་འགན་ཡིན་པར་གྲགས། དེས་ན་སློབ་ཁྲིད་ལེགས་པོ་ཞིག་འཁྱོངས་པར་སློབ་ཁྲིད་གྲ་སྒྲིག་ཟེར་བ་ཞིག་ཡོད་ཅིང། སློབ་མས་སློབ་ཁྲིད་ཀྱི་ནང་དོན་རྟོགས་ཡོད་མེད་བརྟག་སྤྱད་ལ་ལས་བྱ་ཟེར་བ་ཞིག་ཡོད་པ་རེད། དེ་ལྟར་ཡིན་ནའང། དེ་རིང་སྐབས་སུ་བབ་པ་སློབ་ཁྲིད་གྲ་སྒྲིག་གི་སྐོར་ཁོལ་དུ་ཕྱུངས་ནས་བཤད་རྒྱུ་ཡིན། བྱ་བ་གང་ཞིག་བསྒྲུབ་ཀྱང་དེ་ལ་གྲ་སྒྲིག་ཅིག་ངེས་པར་དུ་ཡོད་དགོས་ཏེ། དེ་ལ་དབྱེ་བ་འདྲ་བཀར་ན་ནང་བསམ་བློའི་གྲ་སྒྲིག་དང་། ཕྱིའི་དངོས་པོའི་གྲ་སྒྲིག་སོགས་སུ་དབྱེ་ཆོག་པ་རེད། འདི་ལ་ཆེ་ས་ནས་བཤད་ན་འཆར་གཞི་ཟེར་དགོས་ཤིང། དེ་ནི་མི་སྒེར་དང་ལས་ཁུངས་སོགས་གང་ལ་མཚོན་ནས་བཤད་ནའང་བྱ་བའི་ཐོག་མར་འཆར་གཞི་ལེགས་པོ་ཞིག་བཟོ་དགོས་པ་དང་། དེ་ནས་བྱ་བ་བསྒྲུབ་པའི་གོ་རིམ་ཁྲོད་ནས་འཆར་གཞི་ལྟར་སྒྲུབ་བཞིན་ཡོད་མེད་ལ་ལྟ་རྟོག་བྱེད་དགོས་པ་དང་། མཇུག་ཏུ་སྤྱི་སྡོམ་བྱེད་དགོས། འདི་ལ་བོད་ཀྱི་སྐད་ཆ་ལྟར་བཤད་ན། སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་གསུམ་ལྟ་བུ་རེད། སྔོན་ལ་བསམ་བློ་ཡག་པོའི་སྒོ་ནས་འཆར་གཞི་བཟོ་བ། བར་དུ་དམ་ལྷོད་མེད་པ་དང་ཆོས་ཉིད་དང་མཐུན་པའི་སྒོ་ནས་བྱ་བ་མཐའ་དག་ནན་ནན་ཏིག་ཏིག་གིས་བསྒྲུབ་པ། མཐའ་མར་བྱ་བ་དེ་ལ་སྤྱི་སྡོམ་ཡག་པོ་ཞིག་བྱེད་དགོས། མི་སྒེར་དང་ཐུན་མོང་གང་ལ་མཚོན་ནའང་བྱ་བ་གསུམ་པོ་དེ་དག་གང་རུང་ཞིག་བསྒྲུབ་མ་ནུས་ཚེ། འཆར་གཞི་ལེགས་པོ་བཟོས་པ་ཙམ་གྱིས་བྱ་བ་དེ་འགྲུབ་པའི་ངེས་པ་མེད་ལ། བྱ་བ་གང་དེ་བསྒྲུབས་རྗེས་སྤྱི་སྡོམ་གང་ལེགས་ལེགས་ཤིག་མ་བྱས་ན། བྱ་བ་དེ་མ་བསྒྲུབས་པ་དང་འདྲ་ལ་རེ་ཞིག་གྲུབ་ཀྱང་ཕྱིས་སུ་བྱ་བ་ལེགས་པོར་བསྒྲུབ་པའི་རྒྱུན་སྐྱོང་བ་ལ་ཁག་ཐེག་མེད་དོ། །
        གང་ལྟར་འཆར་གཞི་ཟེར་བ་འདི་མེད་དུ་མི་རུང་བ་ཞིག་ཡིན་ཕྱིན། དེ་རིང་ངས་འདི་ནས་མི་སྒེར་གྱི་བྱ་བ་ལ་གཏོགས་པའི་སྐོར་ཏེ་དགེ་རྒན་གྱི་འཆར་གཞི་བཤད་རྒྱུ་ཡིན། རྒྱ་ནག་གི་བཤད་རྒྱུན་ལ། བྱ་བ་ཀུན་གྱི་ཐོག་མ་དཀའ་ཟེར་བ་དང་། བྱ་བའི་འཆར་གཞི་བཟོས་པ་ལེགས་པ་དང་། བྱ་བའི་མགོ་བརྩམས་པ་བཟང་ཚེ་བྱ་བའི་བརྒྱ་ཆའི་ཕྱེད་ཀ་འགྲུབ་སོང་བ་ཡིན་པར་བཤད་པ་འདི་ལས་བྱ་བ་གང་ལའང་འཆར་གཞི་བཟང་པོ་ཞིག་དགོས་པ་དང་། འཆར་གཞི་ལྟར་དུ་མགོ་རྩོམ་དགོས་པ་དང། མགོ་བརྩམས་པ་ལེགས་ན་རྟེན་འབྲེལ་འགྲིག་པ་དང་། བྱ་བའི་ཕྱེད་ཀ་འགྲུབ་སོང་བ་ཡིན་ཞེས་འཆར་གཞིའི་གལ་ཆེན་རང་བཞིན་ནན་གྱིས་གསལ་བར་བསྟན་ཡོད། མི་སྒེར་གྱི་འཆར་གཞི་བཟོ་བ་ནི་དགེ་རྒན་རེ་རེའི་ལག་ན་དཔེ་ཆ་རེ་ཡོད་ཅིང་། དཔེ་ཆ་དེ་སློབ་མར་ཁྲིད་དགོས། དེ་ཁྲིད་དགོས་ན་དེ་ལ་ཁྲིད་པའི་འཆར་གཞི་བཟོ་དགོས་ངེས་བྱུང་བ་རེད། དེ་ལ་ཆེ་ས་ནས་བཤད་ན་སློབ་ཁྲིད་གྲ་སྒྲིག་ཟེར།
        སྤྱིར་བཏང་སློབ་ཁྲིད་གྲ་སྒྲིག་ཟེར་བ་ནི་དཔེ་ཆ་དེ་དུས་ཚོད་དུའི་ནང་དུ་སློབ་མ་དེ་ལ་ཇི་ལྟར་ཁྲིད་པའི་ཕྱོགས་ཀྱི་དྲན་ཚུལ་དང་། ཡང་ན་དྲན་ཚུལ་དེ་ཡི་གེར་ཕབ་པ་ལ་གོ དགེ་རྒན་ཞིག་ཡིན་ཕྱིན་སློབ་ཁྲིད་གྲ་སྒྲིག་མེད་པ་མེད་དེ། རྒྱུ་མཚན་ནི་སློབ་ཁྲིད་བྱེད་པར་ནང་བསམ་བློའི་གྲ་སྒྲིག་དང་ཕྱིའི་དངོས་པོའི་གྲ་སྒྲིག ཁྲིད་ཆས་ཀྱི་གྲ་སྒྲིག་སོགས་བྱས་ཡོད་པས་རེད། ཡིན་ནའང་དེ་ལ་བཟང་ངན་དང་། ལེགས་ཉེས། ཁ་ཚང་མིན་སོགས་ཀྱི་ཁྱད་པར་ཡོད་པ་རེད། སྤྱིར་བཏང་ལྟར་ན་དགེ་རྒན་ཡོན་ཏན་ཅན་ཞིག་དང་། ནུས་པ་ཅན་ཞིག ཉམས་མྱོང་ཅན་ཞིག་སྟེ་དགེ་རྒན་ལེགས་ཤོས་ཤིག་ཡིན་ཚེ། སློབ་ཁྲིད་གྲ་སྒྲིག་ནི་རང་སེམས་ནས་གྲ་སྒྲིག་བྱས་ཆོག་པ་ཡིན་ལ། གལ་ཏེ་སློབ་ཁྲིད་གྲ་སྒྲིག་དེ་ཡི་གེར་ཕབ་དགོས་ནའང་སྟབས་བདེའི་སྒོ་ནས་དཀར་ཆག་ཙམ་ཞིག་ཡི་གེར་ཕབ་པས་ཆོག་པ་ནི་འཛམ་གླིང་རང་བཞིན་ཅན་དུ་གྱུར་ཡོད་པ་རེད། ཡིན་ནའང་དེང་སང་དགེ་རྒན་གསར་པ་དང། དགེ་རྒན་ཡོན་ཏན་མེད་པ། ཉམས་མྱོང་མེད་པ་རྣམས་ཀྱིས་ངེས་པར་དུ་ཞིབ་གསལ་དག་གསུམ་གྱི་སྒོ་ནས་སློབ་ཁྲིད་གྲ་སྒྲིག་བྱེད་དགོས། ཐ་ན་མིང་ཚིག་མཆན་འགྲེལ་དང་། རྩོམ་པ་པོའི་ལོ་རྒྱུས། སློབ་ཚན་གྱི་ནང་དོན་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་འབྲི་དགོས་པ་རེད། ཡིན་ནའང་སློབ་གྲྭའི་གཞུང་ནས་དགེ་རྒན་ཡོན་ཏན་ཅན་དང་ནུས་པ་ཅན་འདི་དང་། ཉམས་མྱོང་ཅན་དང་ལྷག་བསམ་ཅན་གན་ཞེས་དབྱེ་བ་འབྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་གཅིག མིའི་ཁོག་འདི་མི་མངོན་པའི་རང་བཞིན་ཅན་ཡིན་པས་དགེ་རྒན་སུ་ཞིག་གི་སེམས་ན་སློབ་ཁྲིད་གྲ་སྒྲིག་བྱས་ཡོད་མེད་མི་ཤེས་པ་དང་གཉིས། མགོ་ཁྲིད་དང་མི་གཞན་ལ་བྱ་བའི་གནས་སྟངས་སྟོན་རྒྱུ་དེ་ཤོག་བུའི་ངོས་སུ་བྲིས་པ་ཁོ་ན་སྟོན་དགོས་པ་དང་གསུམ། རྒྱུ་མཚན་འདི་དག་གིས་སློབ་ཁྲིད་གྲ་སྒྲིག་འདི་དགེ་རྒན་རྙིང་པ་དང་གསར་པ་དང་། ཡོན་ཏན་ཅན་དང་ཡོན་ཏན་མེད་པ། ཉམས་མྱོང་ཅན་དང་ཉམས་མྱོང་མེད་པ་ཚང་མར་ཁྱབ་མཉམ་གྱི་སྒོ་ནས་མི་འཇོག་རང་འཇོག་བྱུང་བ་རེད། དེ་ལྟ་ནའང་། དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་ནི་མང་ཉུང་གི་དབྱེ་བ་དང་། ཞིབ་ཚགས་ཡིན་མིན་གྱི་ཁྱད་པར་བྱུང་ན་ཆོག་ཆོག་རེད། དེ་ནི་སྤྱིའི་ཆ་ནས་བཤད་པའི་སློབ་ཁྲིད་གྲ་སྒྲིག་རེད། དེས་ན་སློབ་ཁྲིད་གྲ་སྒྲིག་ཟེར་བ་ནི་སློབ་ཚན་དེ་ཁྲིད་པ་ལ་གྲ་སྒྲིག་བྱེད་པ་ལས་གཞན། སློབ་ཚན་དེ་ཁྲིད་ཡུལ་གྱི་སློབ་མ་རྣམས་ལ་དབྱེ་ཞིབ་བྱེད་པ་དེའང་སློབ་ཁྲིད་གྲ་སྒྲིག་གི་ཁོངས་སུ་གཏོགས་པ་རེད། སློབ་ཁྲིད་གྲ་སྒྲིག་ཡིན་ན་ངེས་པར་དུ་དཔེ་ཆའི་ནང་གི་སློབ་ཚན་ཞིག་ལ་གྲ་སྒྲིག་བྱེད་པ་དང་། མིང་ཚིག་མཆན་འགྲེལ་བྱེད་དགོས་པའི་ངེས་པ་མེད་དེ། ད་ལོའི་སློབ་མ་རྣམས་ཀྱི་གྲས་སུ་སྐད་རིགས་ཀྱི་ཆ་ནས་རྒྱ་སྐད་དང་བོད་སྐད་གཉིས་ལ་བྱང་བ་དུ་ཡོད་པ་དང་། ས་གནས་ཀྱི་ཆ་ནས་འབྲོག་པ་དུ་ཡོད་པ་དང་རོང་པ་དུ་ཡོད་པ། རྟེན་གྱི་ཆ་ནས་ཕོ་དུ་ཡོད་པ་དང་མོ་དུ་ཡོད་པ། དེའི་འཕྲོ་ནས་བོད་སྐད་བོད་ཡིག་ཚེག་བརྡར་གྱིས་ཀློག་འདོན་བྱེད་ཐུབ་པ་དུ་ཡོད་པ་དང་། སྦྱོར་ཀློག་བྱེད་ཐུབ་པ་དུ་ཡོད་པ་སོགས་ལ་འདང་རྒྱག་པ་དང་རྩོམ་འབྲི་བ་སོགས་ཀྱང་སློབ་ཁྲིད་གྲ་སྒྲིག་གི་ཁོངས་སུ་བགྲངས་ལོས་ཆོག་གོ །
        ཡང་གཅིག་བཤད་ན། རང་གི་སློབ་ཁྲིད་འཆར་གཞི་དེ་ཟིན་བྲིས་སུ་ཕབ་པ་ཡོད་ཚད་ཀྱང་སློབ་ཁྲིད་གྲ་སྒྲིག་ཡིན་པ་རེད། ཡིན་ནའང་དེ་ནི་སྤྱི་ཙམ་ལས་བྱེ་བྲག་ཏུ་འབབ་ཐུབ་མེད། བྱེ་བྲག་གི་སྒོ་ནས་བཤད་ན་སློབ་ཁྲིད་གྲ་སྒྲིག་དེ་དུས་ཚོད་ཀྱི་ཆ་ནས་རིགས་གསུམ་དུ་དབྱེ་ཆོག་སྟེ།
དང་པོ། སློབ་སྐབས་ཀྱི་འཆར་གཞི།
        སློབ་སྐབས་ཀྱི་འཆར་གཞི་ཟེར་བ་ནི་སློབ་སྐབས་གཅིག་གི་ནང་དུ་སློབ་ཚན་ཐོག་མ་ནས་མཐའ་མའི་བར་དུ་འཛིན་གྲྭའི་སློབ་མ་རྣམས་ལ་ཇི་ལྟར་འཁྲིད་རྒྱུ་དེ་ཁག་བགོས་ཀྱིས་གྲ་སྒྲིག་བྱེད་པ་ལ་ཟེར། ངལ་གསོ་དང་དུས་ཆེན་གྱི་ཉིན་མོ་དག་ཕུད་ན་སློབ་སྐབས་གཅིག་ལ་ཉིན་དགུ་བཅུ་ཡས་མས་ཡོད་པ་རེད། དེའི་ནང་ནས་རྒྱུགས་ལེན་པ་དང་། བྱ་འགུལ་སྤེལ་བ། གློ་བུར་བའི་དོན་རྐྱེན་བྱུང་བ་སོགས་ཀྱི་དམ་ལྷོད་ཀྱི་ཆ་དེའང་དགེ་རྒན་གྱིས་ངེས་དགོས་པ་རེད།
        སློབ་སྐབས་ཀྱི་གྲ་སྒྲིག་འབྲི་དུས་ཚིག་ལྷུག་གི་རྩོམ་ལུས་ལྟར་བྲིས་ཆོག་སྟེ། སློབ་ཚན་འདི་ཉིན་དུ་ལ་འཁྲིད་རྒྱུ་ཡིན་པ་དང་། ཇི་ལྟར་དུ་འཁྲིད་རྒྱུ་ཡིན་པ། སློབ་སྐབས་ཧྲིལ་པོོར་ཇི་ལྟར་འཁྲིད་རྒྱུ་ཡིན་པ། འདིའི་ནང་དུ་ཀུན་སྤྱོད་གཙོ་བོར་འཛིན་རྒྱུ། འདིའི་ནང་ནས་ཤེས་བྱ་གཙོ་བོར་འཛིན་རྒྱུ། འདིའི་ནང་ནས་ཀུན་སྤྱོད་དང་ཤེས་བྱ་གཉིས་ཀ་གཙོ་བོར་འཛིན་རྒྱུ། འདི་རི་མགོར་བུད་ནས་སློབ་ཁྲིད་བྱེད་རྒྱུ་སོགས་ཀྱིས་མཚོན་པའི་རང་གི་ས་གནས་དང་། སློབ་གྲྭ། སློབ་མ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ནས་སློབ་ཁྲིད་གྲ་སྒྲིག་བྱེད་ཆོག་པ་རེད། གལ་ཏེ་རྩོམ་ལྟར་བྲིས་མི་ཆོག་པ་དང་། འབྲི་མི་ཤེས་པ། འབྲི་འདོད་མེད་པ་ཡིན་ཚེ། དགེ་རྒན་གང་དེས་རེའུ་མིག་གི་རྣམ་པས་བྲིས་ཀྱང་ཆོག རེའུ་མིག་དེ་སློབ་སྐབས་སོ་སོའི་མགོ་ནས་མཇུག་བར་དུ་བཟོ་དགོས་ཏེ། འདི་ལ་སློབ་ཁྲིད་ཀྱི་མྱུར་ཚད་རེའུ་མིག་ཟེར། འདི་ཡང་སློབ་སྐབས་གཅིག་གི་འཆར་གཞིའི་ཚབ་བྱེད་ཆོག་ཆོག་རེད། རེའུ་མིག་དེ་ཡོད་ན། རང་གིས་ཉིན་རེ་རེར་སློབ་ཁྲིད་གང་དག་བྱེད་དགོས་པ་དང་གང་ཞིག་བྱས་ཟིན་པ་རྣམས་དམ་ལྷོད་མེད་པར་འགྲོ་ཐུབ་པ་རེད། སྒོས་སུ་སློབ་ཁྲིད་ནི་རྒྱུན་དུ་འབབ་མཚམས་མི་འཇོག་པའི་ཆར་པ་ཞིག་ལས་གློ་བུར་འབབ་ལ་གློ་བུར་ཐང་བའི་དྲག་ཆར་ལྟ་བུ་ཡེ་ནས་མིན་པས། སློབ་མ་རྣམས་ལ་དུས་ཚོད་ལྟར་དམ་ལྷོད་མེད་པར་སློབ་ཁྲིད་བྱེད་དགོས་ཏེ། སློབ་སྐབས་ཀྱི་འཆར་གཞི་བཟོ་བ་དེའང་སློབ་ཁྲིད་གྲ་སྒྲིག་གི་ནང་དོན་མེད་དུ་མི་རུང་བ་ཞིག་རེད།
གཉིས་པ། ལེའུ་ཡི་འཆར་གཞི།
        དེང་སྐབས་ཀྱི་སློབ་དེབ་དག་གི་ནང་དུ་རྩོམ་གྱི་ནང་དོན་འདྲ་བ་རྣམས་གཞི་གཅིག་ཏུ་བཞག་ནས་ལེའུ་དགར་ཡོད་པ་རེད། དཔེར་ན། བོད་ཡིག་ལ་མཚོན་ན། བརྡ་སྤྲོད་ཀྱི་སྐོར་དང་། སྙན་ངག་གི་སྐོར། རྩོམ་རིག་གི་སྐོར། ལོ་རྒྱུས་ཀྱི་སྐོར་ལྟ་བུ་རེད། དེས་ན་སློབ་སྐབས་ཀྱི་འཆར་གཞི་བཟོས་ཚར་རྗེས་ལེའུའི་ནང་ནས་བརྡ་སྤྲོད་ཀྱི་སྐོར་ལྟ་བུར་མཚོན་ན། འཁྲིད་བྱའི་ནང་དོན་སོགས་མི་འདྲ་བའི་སྟབས་ཀྱིས་དེ་དུས་ཚོད་ཀྱི་ཆ་ནས་ཉིན་དུ་ལ་འཁྲིད་རྒྱུ་ཡིན་པ་དང་། ཐུན་མོང་མ་ཡིན་པའི་འཁྲིད་ཐབས་གང་ཞིག་སྤྱོད་རྒྱུ་ཡིན་པ། སྤྱིའི་ཐབས་གང་ཞིག་སྤྱོད་རྒྱུ། བྱེ་བྲག་གི་ཐབས་གང་ཞིག་སྤྱོད་རྒྱུ། ལེའུ་གྲ་སྒྲིག་དེ་ཡང་རྩོམ་ལྟར་བྲིས་ནའང་ཆོག་ལ། རེའུ་མིག་ལྟར་བྲིས་ནའང་ཆོག ལེའུ་དེ་དུས་ཚོད་དུ་ཡི་ནང་དུ། ནང་དོན་གང་ཞིག་ཐབས་གང་གིས་འཁྲིད་རྒྱུ་དེའོ། ། འདི་ལ་ལེའུ་ཡི་སློབ་ཁྲིད་གྲ་སྒྲིག་ཟེར་ནའང་ཆོག་ལ་ལེའུ་ཡི་འཆར་གཞི་ཞེས་བཏགས་ཀྱང་ཆོག་གོ །
གསུམ་པ། སློབ་ཐུན་གྱི་འཆར་གཞི།
        སློབ་ཐུན་གྱི་འཆར་གཞི་ཟེར་བ་ནི་སློབ་ཐུན་གཅིག་གི་སྐར་མ་བཞི་བཅུ་ཞེ་ལྔའི་ནང་དུ་སློབ་ཁྲིད་ཇི་ལྟར་བྱེད་རྒྱུའི་འཆར་གཞི་ལ་ཟེར། འདི་ལ་མིང་གཞན་ཞིག་ཡོད་པ་ནི་འཁྲིད་གཞི་ཟེར་བ་དེ་རེད། འདི་ནི་སློབ་ཐུན་གཅིག་གི་འཁྲིད་གཞི་དང་། སློབ་ཐུན་གཅིག་གི་ཟིན་ཐོ། སློབ་ཐུན་གཅིག་ལ་སློབ་ཁྲིད་ཇི་ལྟར་བྱེད་རྒྱུའི་འཆར་གཞི་འབྲི་དགོས་པས་དེ་ལ་རྒྱུན་དུ་འཁྲིད་གཞི་ཞེས་བཏགས་པ་རེད། སློབ་ཁྲིད་གྲ་སྒྲིག་ཟེར་དུས་ང་ཚོས་རྒྱུན་དུ་སློབ་ཐུན་གཅིག་གི་འཆར་གཞི་འདི་ལ་གོ་བཞིན་ཡོད་ནའང། དོན་ལ་སློབ་སྐབས་ཀྱི་འཆར་གཞི་རགས་པ་དང། ལེའུ་ཡི་འཆར་གཞི་ཕྲ་བ། བྱེ་བྲག་སློབ་ཐུན་གྱི་འཆར་གཞི་ཤིན་ཏུ་ཕྲ་བའི་རྣམ་གྲངས་ཡོད་པ་རེད། དེ་བས་དགེ་རྒན་རྣམས་ལ་མཚོན་ན་སློབ་སྐབས་ཀྱི་འཆར་གཞི་དང་ལེའུ་ཡི་འཆར་གཞི་དེའང་གཙོ་བོ་ཞིག་རེད། སྒོས་སུ་མེད་དུ་མི་རུང་བ་ནི་སློབ་ཐུན་གྱི་འཆར་གཞི་རེད། དེ་ནི་དམག་དཔུང་ཞིག་ལ་མཚོན་ན། དེ་རིང་དམག་འཁྲུག་རྒྱག་དགོས་བྱུང་ཚེ་དུས་ཚོད་གཅིག་གི་ནང་དུ་དམག་འཁྲུག་ཇི་ལྟར་རྒྱག་པའི་འཆར་གཞི་བཟོས་པ་དང་ཨ་ན་མ་ན་རེད། དགེ་རྒན་གྱི་སློབ་ཁྲིད་ཀྱི་ལེགས་ཉེས་དང། འབྲས་བུའི་ལེགས་ཉེས་ནི་འཁྲིད་གཞི་འདིའི་རྗེས་སུ་འཇུག་ལྡོག་བྱེད་པ་རེད། དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱས་པ་ཇི་ལྟར་བཟང་ན་སློབ་ཁྲིད་བྱས་པ་དེ་ལྟར་ལེགས་པ་དང་། སློབ་ཁྲིད་གྲ་སྒྲིག་ཇི་ལྟར་ཞན་ན་སློབ་ཁྲིད་ཀྱི་འབྲས་བུའང་དེ་ལྟར་ཞན་པ་རེད། སློབ་ཁྲིད་གྲ་སྒྲིག་བྱེད་པའི་ཐབས་དེ་རང་རང་གི་རྩལ་ལ་ཐུག་ཡོད་དེ། སྤྱིར་བཏང་སློབ་གསོ་ཅུའུ་དང། སློབ་དཔྱོད་ཁང། སློབ་གཙོ། སློབ་སྟོན་ཁང་སོགས་ཀྱིས་ངེས་པར་དུ་འདི་ལྟར་བྲི་དགོས་ཞེས་བཤད་སྲིད་མོད། སློབ་གྲྭའི་ནང་དུ་དཔེ་ཆ་གང་ཞིག་འཁྲིད་དགོས་པ་དང། ཡིག་རིགས་གང་ཞིག་གིས་འཁྲིད་དགོས་པ། རྩིས་རིག་ཚན་གང་ཞིག་ལ་འཁྲིད་རྒྱུ་དེ་རྒྱལ་ཁབ་དང་སྲིད་གཞུང་གིས་ཐག་གཅོད་བྱེད་པ་མ་གཏོགས་སློབ་གྲྭ་ལ་དེའི་དབང་ཆ་ཡོད་པ་མ་རེད། ཡིན་ནའང་ཇི་ལྟར་འཁྲིད་པ་དེ་མཐར་གཏུགས་ན་དགེ་རྒན་རང་ཉིད་ཀྱི་དབང་ཆ་ཡིན་པས་སྐད་ཆ་གང་ཞིག་གིས་འཁྲིད་པ་དེ་སློབ་མའི་དབང་ཆ་ཡིན་པས་སུས་ཀྱང་ཐེ་གཏོགས་བྱ་མི་ཆོག་པ་རེད། དཔེར་ན་རྒྱ་ནག་གི་སློབ་གསོ་པ་གྲགས་ཅན་ཝེ་ཧྲུའུ་ཧྲིན་གྱི་གོ་རིམ་དྲུག་གི་སློབ་ཁྲིད་བྱེད་ཐབས་དང་། བོད་ཀྱི་སྲོལ་རྒྱུན་ལས་དམ་པ་གསུམ་གྱི་སློབ་ཁྲིད་བྱེད་ཐབས་དང། ཕར་ཕྱིན་དྲུག་གི་སློབ་ཁྲིད་བྱེད་ཐབས། ཨ་རིའི་པོ་ལོ་མོ་ཡི་དམིགས་ཚད་སློབ་ཁྲིད་བྱེད་ཐབས། ད་དུང་མིང་ཐོགས་མེད་པའི་སློབ་ཁྲིད་བྱེད་ཐབས་སོགས་གང་རུང་ཞིག་ལ་སྔོན་ནས་གོམས་ཟིན་པ་ཞིག་དང་། འབྲས་བུ་མི་དམན་པ་ལེན་བཞིན་པའི་དགེ་རྒན་ཞིག་ཡིན་ཚེ་དེ་ལྟར་ཁྲིད་ན་རན་པ་མ་གཏོགས། གོང་རིམ་པས་ཁྱོད་ཀྱིས་འདི་ལྟར་ཁྲིད། ཁྱོད་ཀྱིས་གན་ལྟར་ཁྲིད་ཅེས་བཤད་ན་ཕན་ཐོགས་དང་མི་ཐོགས་ཅི་རིགས་སུ་འབྱུང་སྲིད་པས་ཡོངས་སུ་རན་པ་ཞིག་མ་རེད། དཔེར་ན། ལྒང་ལི་རྒྱག་མཁན་ཞིག་ལ་མཚོན་ན། ལྒང་ལི་རྒྱག་ཚུལ་ལས“三大步”ཟེར་བ་ཞིག་ཡོད་ཀྱང། མི་རེ་རེའི“三大步”འགྲོ་ཚུལ་ཆ་འདྲ་བ་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། ལྒང་ལི་དེ་ལྕགས་གོང་ནང་དུ་བུད་སོང་ན། ལྒང་རྒྱག་པའི་གོམ་པའི་ཡག་བཙོག་དང། གོམ་པའི་རིང་ཐུང་སོགས་ངེས་པར་དུ་ཨ་མེ་རི་ཀའི་ཆའོ་ཏན་དང་ཨ་ན་མ་ན་ཡོང་དགོས་ཟེར་ན། ལྒང་རྒྱག་པ་དེ་ཆའོ་ཏན་དང་ཆ་འདྲ་བ་ཆགས་རྒྱུ་ཤིན་ཏུ་དཀའ་བར་མ་ཟད། ཐ་ན་རང་ཉིད་གོམས་ལོབས་སུ་གྱུར་ཡོད་པའི་ལྒང་ལི་རྒྱག་ཚུལ་ཡང་འཆོོལ་འགྲོ་བའི་ཉེན་ཁ་ཡོད་པ་རེད། དེས་ན་འདི་ནས་གསལ་བོར་བཤད་འདོད་པ་ནི་སྲིད་གཞུང་གི་འགན་ཁུར་ནི་སློབ་མ་ལ་ཅི་ཞིག་འཁྲིད་པ་དེ་རེད། སློབ་གྲྭ་དང་སྒོས་སུ་དགེ་རྒན་གྱི་འགན་ཁུར་ནི་སློབ་མ་ལ་ཇི་ལྟར་འཁྲིད་པ་དེ་རེད། འདི་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་དང་གཞོགས་འདེགས་བྱེད་ཆོག་མོད། མཐའ་གཅིག་ཏུ་དབང་ཡོད་ཀྱིས་བཀའ་བསྒོ་དང་བཙན་དབང་བཀོལ་མི་ཆོག་པ་རེད།
        དེ་ཡང་འཁྲིད་གཞི་བཟོ་བའི་སྐབས་སུ་འཛིན་གྲྭ་གཅིག་དང་སློབ་ཚན་རིགས་འདྲ་གཅིག་ལ་འཁྲིད་གཞི་མི་འདྲ་བ་གཉིས་བཟོས་ནའང་ཆོག་ལ། གསུམ་བཟོས་ནའང་ཆོག རིགས་གཉིས་སུ་དབྱེ་བ་དེ་ནི་འཛིན་གྲྭའི་ནང་དུ་སློབ་མ་རིག་ཡག་དང་རིག་རྟུལ་གྱི་རིགས་གཉིས་ཡོད་པས་དགེ་རྒན་གྱིས་ཀྱང་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་སློབ་ཁྲིད་གྲ་སྒྲིག་གཉིས་བཅོས་ནའང་ཆོག་ལ། སློབ་ཁྲིད་གྲ་སྒྲིག་གཅིག་གི་ནང་དུ་ནང་དོན་མི་འདྲ་བ་གཉིས་བཅོས་ནའང་ཆོག འཛིན་གྲྭ་གཅིག་ལ་སློབ་མ་ལྔ་བཅུ་ཡོད་པའི་དབང་དུ་བཏང་ན། སློབ་ཁྲིད་ཀྱི་ནང་དོན་ལ་ལ་ཞིག་རིག་པ་རྣོ་བའི་སློབ་མ་རྣམས་ལ་མཚོན་ན་གོ་སླ་བས། ནན་བཤད་དང་བསྐྱར་བཤད་བྱེད་དགོས་དོན་མེད་མོད། འོན་ཀྱང་རིག་པ་རྟུལ་པོའི་རིགས་ཀྱིས་གོ་བའི་ཆེད་དུ་ངེས་པར་དུ་ཡང་ཡང་བཤད་དགོས། ཡང་ནང་དོན་ལ་ལ་ཞིག་རིག་པ་རྟུལ་པོ་རྣམས་ཀྱིས་གོ་དཀའ་ཡང་། རིག་པ་རྣོ་བའི་རིགས་ལ་བག་ཆགས་ཙམ་འཇོག་པའི་སླད་དུ་སློབ་ཁྲིད་གྲ་སྒྲིག་རིམ་པ་མཐོ་ཤོས་ཅན་བཟོས་ཆོག་ཆོག་རེད། སྔོན་ཆད་ཟི་ལིང་དུ་སློབ་ཁྲིད་བྱེད་མཁན་ཨ་མེ་རི་ཀའི་ཁེ་ཝུན་ལྟ་བུ་ལ་མཚོན་ན། སློབ་ཐུན་གཅིག་གི་ནང་དུ་འཛིན་གྲྭ་གཅིག་ལ་སློབ་ཁྲིད་གྲ་སྒྲིག་མི་འདྲ་བ་རིགས་གསུམ་བྱེད་པའི་དགེ་རྒན་གྱི་རིགས་རེད། དེ་ནི་འཛིན་གྲྭའི་སློབ་མ་རྣམས་དབང་པོོ་རབ་འབྲིང་ཐ་གསུམ་དུ་དབྱེ་ནས་བྱེ་བྲག་ཏུ་བབས་ཏེ་སློབ་ཁྲིད་བྱེད་པ་ཡིན་པས་ད་སྐབས་ཁེ་ཝུན་གྱི་སློབ་མ་རྣམས་ས་སྟེང་ལ་ཁྱབ་ཡོད་པར་མ་ཟད། དགེ་རྒན་གྱི་རྐང་འཛིན་པ་རུ་གྱུར་ཡོད་པ་ཀུན་ལ་གསལ་བ་འདི་རེད། དེ་བཞིན་དུ་དགེ་རྒན་གང་དེས་སློབ་ཁྲིད་གྲ་སྒྲིག་བྱེད་པའི་སྐབས་སུ། གལ་ཏེ་ཁྱོད་ཀྱིས་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོ་དང་གཉིས་པ་ལ་སྐད་ཡིག་ཁྲིད་པའི་དབང་དུ་བཏང་ན། འཛིན་གྲྭ་གཉིས་ཀྱི་ཁྲིད་གཞི་ཡང་མི་འདྲ་བ་བཟོས་ན་ཆོག དེའི་རྒྱུ་མཚན་ནི་འཛིན་གྲྭ་དང་པོའི་ནང་དུ་སྐད་ཡིག་གི་རྨང་གཞི་ལེགས་པ་མང་བ་དང། འབྲོག་པ་མང་བ། བོད་སྐད་རྣལ་མ་བཤད་མཁན་མང་བ་དང་། འཛིན་གྲྭ་གཉིས་པའི་ནང་དུ་བོད་སྐད་ཀྱི་རྨང་གཞི་ཞན་པའི་སློབ་མ་མང་བ་དང་། རོང་པ་མང་བ། སྦྲགས་སྐད་བཤད་མཁན་མང་བ། དབང་པོོ་རྟུལ་པོའི་རིགས་མང་བ། རྒྱ་ཡིག་གི་ཆུ་ཚད་ཅུང་ཟད་བཟང་བ་མང་བ་སོགས་འཛིན་གྲྭ་གཉི་གའི་སློབ་མའི་ཆུ་ཚད་དང་སློབ་སྦྱོང་གི་མཁའ་དབུགས་མི་འདྲ་བས་སློབ་ཁྲིད་གྲ་སྒྲིག་ཀྱང་མི་འདྲ་བ་བཟོ་དགོས་པ་རེད། དེ་ལ་གཏམ་དཔེ་ཞིག་དྲངས་ནས་བཤད་ན། བྱེའུ་ཡི་ཚོད་ཀྱི་མདའ་དང་། བྱིས་པའི་ཚོད་ཀྱི་ལྭ་ཟེར་བ་ལྟར། བྱེའུ་གསོད་ན་བྱེའུ་གསོད་པའི་མདའ་དང་། རི་བོང་གསོད་ན་རི་བོང་གསོད་པའི་མདའ། མི་གསོད་ན་མི་གསོད་པའི་མདའ་སོགས་མདའ་རིང་ཐུང་མི་འདྲ་བ་དགོས་པ་རེད། དེ་ལྟར་མ་བྱས་ན་ཤིག་གི་སྟེང་དུ་སྟ་རེ་ཟེར་བ་དང་། ལས་ཀའི་ལས་འཆམ་མ་ཤེས་ན། རི་བོང་ཐུར་ལ་རྒྱུག་འདྲ་ཟེར་བའི་དཔེ་ལྟར་རེད། ཁྱོད་ཀྱིས་འཛིན་གྲྭ་དང་། ལོ་རིམ་གྱི་འགྱུར་བ་ལ་མ་བལྟས་པར་ན་ནིང་དང་དོ་ཚིགས་གང་ལ་ཡང་འཁྲིད་གཞི་དང་འཁྲིད་ཐབས་གཅིག་སྤྱད་ན་དགེ་རྒན་དེའི་སློབ་ཁྲིད་གྲ་སྒྲིག་ཇི་ལྟར་མིག་ལ་མཛེས་རུང། སློབ་ཁྲིད་ཇི་ལྟར་རྣ་ལ་སྙན་རུང་། དོན་ལ་སློབ་མ་རེ་རེ་ལ་ཕན་པའི་འབྲས་བུ་ཡིད་ཚིམས་པ་ཞིག་ལོན་དཀའོ། །
        སློབ་ཁྲིད་གྲ་སྒྲིག་ཇི་ལྟར་བྱེད་པའི་སྐོར་ལ། རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སུའང་ཧ་ཅང་མང་སྟེ། སྟོན་པ་ཤཱཀྱ་ཐུབ་པ་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་སུ་ཏིང་ངེ་འཛིན་དེ་ལས་རབ་ཏུ་བཞེངས་ཏེ་ཞེས་པ་ནི་དེང་སང་གི་སྐད་ཆ་ཡིན་ན་སྟོན་པས་སློབ་ཁྲིད་བྱེད་པ་ཡིན་ཞེས་ཨ་ལགས་ཤར་གདོང་རིན་པོ་ཆེས་ལམ་རིམ་ཆེན་མོ་ཁྲིད་པའི་སྐབས་སུ་གསུངས་པས་མཚོན། སངས་རྒྱས་ཀྱི་ཆོ་འཕྲུལ་གསུམ་གྱི་འཁྲིད་ཐབས་དང་། དགྲ་བཅོམ་པའི་དག་པ་གསུམ་གྱི་འཁྲིད་ཐབས་དང་། པཎྜི་ཏའི་ལུགས་ཀྱི་རྩིས་མགོ་ཡན་ལག་ལྔ་ཡི་འཁྲིད་ཐབས་སོགས་ཧ་ལས་པ་ཡོད། དེ་ནས་བཅིངས་འགྲོལ་བྱས་པའི་ཚུན་ཆད་ནས་ཀྲུང་གོའི་སློབ་གསོའི་ལམ་ལུགས་ནི་སུའུ་ལེན་ལ་མིག་ལྟོས་བྱས་པ་ཡིན་པས་སློབ་ཐུན་གཅིག་གི་སློབ་ཁྲིད་གྲ་སྒྲིག་ནི་སློབ་ཚན་གྱི་ཁ་བྱང་དང། འཁྲིད་ཐུན། སློབ་ཁྲིད་ཀྱི་དམིགས་ཡུལ། སློབ་ཁྲིད་ཀྱི་གོ་རིམ། སྒོ་སམ་ཇུས་འགོད། སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད། སྤྱི་སྡོམ་སོགས་ལ་དབྱེ་ཡོད། དེ་ནས་སྤྱི་ལོ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ཡས་མས་སུ་གཅན་ཚ་ས་ཁུལ་ལ་མཚོན་ན། ཨ་མེ་རི་ཀའི་པོ་ལོ་མོ་ཡི་དམིགས་ཚད་སློབ་ཁྲིད་བྱེད་སྟངས་ནང་འདྲེན་བྱས་ཡོད་པ་རེད། དེ་སུའུ་ལེན་གྱི་སློབ་ཁྲིད་བྱེད་སྟངས་དང་མི་འདྲ་ས་ནི། དེ་རིང་གི་འཁྲིད་བྱ་དེ་རིང་ཁྲིད་ནས་ངེས་པར་དུ་ཤེས་སུ་འཇུག་དགོས་པ་དང། སློབ་ཁྲིད་གྲ་སྒྲིག་གི་ནང་དོན་གཙོ་བོ་དག་སྒོ་སམ་ཆུང་བ་ཞིག་གི་ངོས་སུ་བྲིས་ཏེ་སློབ་མར་གསལ་བོར་ཤེས་སུ་བཅུག་སྟེ། དགེ་རྒན་གྱིས་ཅི་འདོད་གང་འདོད་ལྟར་ཁྲིད་པའི་བཙན་དབང་འཕྲོག་པ་དང་། སློབ་མས་གང་ཞིག་སྦྱོང་དགོས་པ་མི་ཤེས་པའི་མུན་འཐོམས་རང་བཞིན་དུས་ཐོག་ཏུ་སེལ་བ་རེད། དེའི་རྗེས་ནས་ལའོ་ཉིན་གྱི་སློབ་གསོ་སྨྲ་བ་གྲགས་ཅན་ཝེ་ཧྲུའུ་ཧྲིན་གྱི་གོ་རིམ་དྲུག་གི་སློབ་ཁྲིད་བྱེད་ཐབས་བཀོལ་བཞིན་ཡོད།
        གལ་ཏེ་ང་རང་གིས་སློབ་ཁྲིད་གྲ་སྒྲིག་ཅིག་བཟོ་བའི་དབང་དུ་བཏང་ན། ཐོག་མར་དུས་ཚོད་ཀྱི་ཆ་ནས་སྐར་མ་ལྔའི་ནང་དུ་དགེ་རྒན་དང་སློབ་མ་རྣམས་ཀྱི་བསམ་བློ་གཅིག་གྱུར་བྱས་ཏེ་བསམ་བློ་ཕྱོགས་གཅིག་ཏུ་འཁོར་རྒྱུ་དང་། བསམ་བློ་བཟང་ངན་གྱི་ཆ་ནས་ཕན་པ་དང་དགེ་བའི་ལས་ཀྱི་ཕྱོགས་སུ་འཁོར་རྒྱུ། དེའི་མིང་ལ་སྲོལ་རྒྱུན་དུ་སྦྱོར་བ་སེམས་བསྐྱེད་དམ་པ་ཟེར། དེ་ལྟར་མ་བྱས་པར་སློབ་ཁྲིད་ཀྱི་ཅོང་བརྡ་གྲགས་མ་ཐག་ནས་སློབ་ཁྲིད་དངོས་ལ་ཞུགས་ཚེ། སློབ་ཁྲིད་ཀྱི་འབྲས་བུ་བཟང་བོ་ལོན་རྒྱུ་ཁག་པོ་འདུག དཔེར་ན་སློབ་ཁྲིད་ཀྱི་མགོ་རྩོམ་དུས། དེ་རིང་གི་ང་ཚོའི་འཁྲིད་བྱ་ནི《ཤེས་རབ་དང་རྨོངས་པའི་དཔེ་མཚོན》རེད། འདི་སྦྱངས་ནས་ཅི་བྱེད་ཅེ་ན། རང་གི་ཁྱིམ་ཚང་དབུལ་བའི་གནས་བབ་དང། ཉམ་ཆུང་གི་གནས་བབ། ས་སྐམ་པོ་ན་ཡོད་པའི་གནས་བབ། ཡིག་རྨོངས་པ་ཡིན་པའི་གནས་བབ་སོགས་སེལ་ཏེ་རང་གི་ཁྱིམ་ཚང་སྟོབས་དང་ལྡན་པ་ཞིག་ཏུ་བསྐྲུན་པའི་བསམ་བློ་ཡོད་ན་ཅི་འདྲ་རེད། དེ་ནས་སྡེ་པ་དང་མི་རིགས། རྒྱལ་ཁབ། མར་གྱུར་སེམས་ཅན་དེ་འདྲ་ཞིག་ཏུ་བསྒྱུར་ཐུབ་ན་ཅི་འདྲ་རེད། བསམ་བློ་རྒྱ་ཇི་ལྟར་ཆེ་ན་འབྲས་བུ་དེ་ལྟར་ཐོན་པས་འདི་ངེས་པར་དུ་དགོས། དེའི་འཕྲོ་ནས་དངོས་གཞི་དམིགས་མེད་དམ་པ། དམིགས་མེད་དམ་པ་ཞེས་པའི་དམིགས་མེད་འདི་སྟོང་པ་ཉིད་དང་གོ་དཀའ་བ་ཞིག་ཏུ་བཞག་ན་ཆོག་ཆོག་རེད་མོད། གོ་སླ་བའི་སྒོ་ནས་བཤད་ན། ཆོས་ཉིད་དང་མཐུན་པ་སྟེ་སློབ་ཁྲིད་ཀྱི་ནང་དོན་ཆོས་ཉིད་དང་མཐུན་པ། སྐད་ཆ་ཆོས་ཉིད་དང་མཐུན་པར་མ་ཟད། ཡིག་གཟུགས་དམ་པ། ཟས་སྤྱོད་དམ་པའི་སྐོར་ཏེ། དཔེར་ན། དུ་བ་འཐེན་ཞོར་དུ་སློབ་ཁྲིད་མི་བྱེད་པ། ཆང་འཐུང་རྗེས་སློབ་ཁྲིད་མི་བྱེད་པ། སྐྲ་མི་ཤད་པར་སློབ་ཁྲིད་མི་བྱེད་པ། ཁ་ལག་མ་བཀྲུས་པར་སློབ་ཁྲིད་མི་བྱེད་པ། ལྭ་བ་གཡང་ལུགས་སུ་གྱོན་ནས་སློབ་ཁྲིད་མི་བྱེད་པ། ཁ་ཆུ་སྣ་ཆུ་ས་ལ་འཕེན་ཞོར་དུ་སློབ་ཁྲིད་མི་བྱེད་པ་སོགས་ཟས་དང་སྤྱོད་ལམ་དམ་པ། དེ་ནས་སྐད་ཆ་དམ་པ་ལས་སྐད་ཆའི་ནང་དོན་དམ་པ་ལྟ་བུར་མཚོན་ན། དགོས་པ་མེད་པ་བྱ་རོག་སོ་རྟོག་གི་སྐད་ཆ་བཤད་པ་སྟེ། སློབ་ཐུན་གང་བོར་སློབ་ཁྲིད་ལ་ཕན་པ་མེད་པ་དང་། སྐར་མ་ལ་ཕན་པ་མེད་པ། ཀུན་སྤྱོད་ལ་ཕན་པ་མེད་པ། མི་ཚེ་ལ་ཕན་པ་མེད་པ་སོགས་དགོས་པ་མེད་པ་ཏག་ཏག་བཤད་པ་ལྟ་བུ། དཔེར་ན། སློབ་གཙོའི་ངན་རྐྱང་རྐྱང་བཤད་པ་དང་། ཨ་རིའི་བཟང་ཏག་ཏག་བཤད་པ། ཀྲུང་གོའི་ངན་ཏག་ཏག་བཤད་པ་ལྟ་བུ། དེ་ནས་འབྲེལ་བ་མེད་པ་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་ལྟ་བུ་སྟེ། སློབ་ཁྲིད་དང་མི་འབྲེལ་བ། སྐར་མ་དང་མི་འབྲེལ་བ། ཀུན་སྤྱོད་དང་མི་འབྲེལ་བ། ཨ་མེ་རི་ཀའི་སྔོན་ཐོན་ལྟ་བུ་བཤད་པ་དང་། སྤྲུལ་སྐུ་ངོ་མ་ཡོད་མེད་བཤད་པ། དཔོན་པོ་རུལ་སུངས་ཡིན་ཚུལ་བཤད་པ། སློབ་གཙོའི་བཟང་ངན་སོགས་འབྲེལ་མེད་ཀྱི་སྐད་ཆ་རྐྱང་བཤད་པའོ། ། དེ་ནས་དགོས་འབྲེལ་གཉིས་ཀ་མེད་པ་ཕྱི་རོལ་པའི་གཞུང་སྨྲ་བ་ལྟ་བུ་སྟེ། རང་གིས་ཤེས་ཤེས་པོ་བཤད་ནས་འདུག་པའོ། ། དེ་བས། སློབ་ཚན་གང་ཞིག་ཁྲིད་ནའང་། དགེ་སློབ་གཉིས་ཀྱི་སློབ་ཁྲིད་དང་དགོས་འབྲེལ་ཡོད་པ། སྐར་མ་དང་དགོས་འབྲེལ་ཡོད་པ། ཀུན་སྤྱོད་དང་དགོས་འབྲེལ་ཡོད་པ། ཤེས་བྱ་དང་དགོས་འབྲེལ་ཡོད་པ་གཞིར་བཅས་སློབ་ཁྲིད་བྱེད་པ་ལ་ནུས་པ་ཐོན་དགོས་ལ་ནུས་པ་ཐོན་པའི་སློབ་ཁྲིད་གྲ་སྒྲིག་བྱེད་དགོས་པ་རེད། འདི་ནི་དཔེ་བརྗོད་ཙམ་ཡིན་པས། དགེ་རྒན་གྱིས་རང་གི་ཉམས་མྱོང་དང་། ཤེས་རབ། ཡོན་ཏན། སློབ་མའི་རིག་སྟོབས་སོགས་ལ་གཞིགས་ནས་དངོས་གཞི་དམིགས་མེད་དམ་པའི་ནང་དོན་ཇི་ལྟར་བཀོད་སྒྲིག་བྱས་ཀྱང་རུང་ངོ་། ། དེ་ནས་སློབ་ཁྲིད་བྱས་ནས་མཇུག་མཐའི་སྐར་མ་ལྔ་ཙམ་གྱི་སྐབས་སུ། སྤྱི་སྡོམ་དམ་པ་སྟེ་སྤྱི་སྡོམ་ལེགས་པོ་ཞིག་བྱེད་དགོས། སྤྱི་སྡོམ་དམ་པར་མཇུག་བསྔོ་བ་དམ་པ་ཟེར། འདི་ནི་སློབ་ཁྲིད་ཀྱི་རྒྱུ་སྤུས་མི་ཉམས་པར་གོང་ནས་གོང་དུ་སྤེལ་བའི་ཐབས་དམ་པ་ཞིག་སྟེ། འདིའི་ཐད་ནས་ཀྱང་སློབ་ཁྲིད་གྲ་སྒྲིག་བྱེད་ཆོག་པ་རེད། རང་གི་གྲུབ་འབྲས་ཡོད་ཚད་པོ་སློབ་མ་ལ་ཡོངས་སུ་བསྔོས་པའི་སྙིང་སྟོབས་དེས་ཁྱོད་ཀྱིས་སློབ་ཁྲིད་ལེགས་པོ་བྱས་པ་དང་སྡུག་མང་པོ་མྱངས་པར་འབྲས་བུ་བྱུང་བ་ཙམ་མ་ཡིན་པར་གྲུབ་འབྲས་གོང་ནས་གོང་དུ་འཕེལ་ངེས་རེད། དགེ་རྒན་དང་སློབ་མ་གཉིས་ཀར་དགེ་བའི་འབྲས་བུ་ལེགས་པོ་ཞིག་འབྱུང་བ་རེད། ཡང་གཅིག་བཤད་ན་དེ་ནི་འཛིན་གྲྭ་གང་བོའི་འབྲས་བུ་ཁོ་ན་མ་ཡིན་པར་སློབ་གྲྭ་ཡོངས་དང། རྫོང་། མི་རིགས། རྒྱལ་ཁབ། སེམས་ཅན་ཐམས་ཅད་ཀྱི་འབྲས་བུར་གྱུར་པའང་རེད། ཡང་གསལ་པོོར་བཤད་ན། དེ་རིང་སྡུག་མྱངས་ནས་སློབ་ཁྲིད་བྱས་པ་དེ་གཞན་ཞིག་ལ་བསྔོ་བ་སྟེ། བསྔོ་བ་ནི་བྱིན་པའི་དོན་ཡིན་པས། དགེ་རྒན་བཟང་པོ་ཞིག་ཡིན་ན་བྱས་རྗེས་འཇོག་ཐུབ་དགོས་པར་མ་ཟད་ངེས་པར་དུ་བྱས་འབྲས་གཞན་ལ་སྟེར་ཐུབ་དགོས། དེ་ལྟར་མ་ནུས་ན་འབྲས་བུ་ལེགས་པོ་མི་ཐོབ་སྟེ། རང་གིས་སློབ་ཁྲིད་ལེགས་པོ་བྱས་ཀྱང་། གཞན་འགས་ཉི་མ་འཁྱོལ་ཐབས་བྱས་ཏེ་བསྡད་ཡོད་པ་དང་། ཁོམ་ནས་སྐྱིད་ནས་བསྡད་ཡོད་པ་མཐོང་ན་ཁོང་ཁྲོ་ལངས་པ་དེས་རང་གིས་ཧུར་ཐག་བྱས་པ་དང་སྡུག་མྱངས་པ་མཐའ་དག་ནུས་མེད་དུ་བསྒྱུར་སྲིད་དོ། ། དེ་བས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱེད་པ་འདི་མི་སྒེར་དང་། ཁྱིམ་ཚང། ཡུལ་སྡེ། མི་རིགས། རྒྱལ་ཁབ། སེམས་ཅན་གྱི་ཆེད་དུ་བསྒོམས་ནས་ཕངས་པ་མེད་པའི་སྒོ་ནས་སྟེར་ཐུབ་པའི་སྙིང་སྟོབས་རྒྱུད་ལ་འབྱོངས་དགོས་སོ། ། དེས་ན། ངས་དེ་རིང་འདི་ནས་འཁྲིད་གཞིའི་རྣམ་གཞག་དང་དེའི་ཞོར་ལ་འཁྲིད་ཐབས་དང་བཅས་པའི་ལབ་གླེང་བྱས་པ་ཡིན། སྐད་ཆ་འདི་དག་སློབ་གསོ་ལ་ཐུགས་ཁུར་གནང་མཁན་སྤྱི་དང། སྒོས་སུ་སློབ་གསོའི་ལས་གནས་སུ་འབད་འབུངས་བྱེད་ཀྱིན་པའི་དགེ་རྒན་རྣམ་པར་ཕན་པའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། །
① གཅན་ཚ་རྫོང་སློབ་གསོ་ཅུའུ་སློབ་སྡུད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
② ཐུན་རིན་རྫོང་བློན་ཆེ་ཞང་བློན་ཆེ་སློབ་ཁུལ་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1