༄༅།། ཧོར་གླིང་གཡུལ་འགྱེད་ལས་བུད་མེད་ཀྱི་སྣང་བརྙན་ལ་དཔྱད་པ།
ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-12
ལྷ་མོ་ཚེ་རིང་།
ནང་དོན་གནད་བསྡུས། སྒྱུ་རྩལ་རྩོམ་རིག་ཁྲོད་དཔེ་མཚོན་མི་སྣའི་སྣང་བརྙན་གྱིས་རྒྱ་ཆེའི་ཀློག་པ་པོར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྦྱིན་ཐུབ་ལ། ཁོ་ཚོའི་ཡིད་སེམས་ཀྱི་དབང་བོའང་ཅིག་ཅར་འགུགས་ནུས། དེ་ལས་ཀྱང་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བགྱིས་པ་ལེགས་མིན་དེ་རྩོམ་རིག་གི་ཡིད་འགུགས་ནུས་པ་དང་སྒྱུ་རྩལ་གྱི་རིན་ཐང་སོགས་ལ་འབྲེལ་བ་དམ་ཟབ་མཆིས། རྩོམ་འདིར་སྒྲུང་དཔེ་ལས་ཚབ་མཚོན་རང་བཞིན་གྱི་བདག་ཉིད་ཅན 《ཧོར་གླིང་གཡུལ་འགྱེད》 བདམས་ཤིང་། ཐོག་མར 《ཧོར་གླིང་གཡུལ་འགྱེད》 ལས་བུད་མེད་ཀྱི་སྣང་བརྙན་སྤྱི་དང་བར་དུ་དེའི་ཁྲོད་ཀྱི་དཔེ་མཚོན་བུད་མེད་འགའི་སྣང་བརྙན་སོ་སོར་རང་ཚོད་ཀྱིས་དབྱེ་ཞིབ་ཅུང་ཞིབ་རྒྱས་སུ་བགྱིས་ཡོད་དོ། །
བརྡ་ཆད་གཙོ་བོ། ཧོར་གླིང་གཡུལ་འགྱེད། བུད་མེད། སྣང་བརྙན།
གླེང་གཞི།
སྤྱིར“རྩོམ་རིག་བརྩམས་ཆོས་ཀྱི་མཚོན་བྱ་གཙོ་བོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་ཡིན་པས། མི་སྣའི་སྣང་བརྙན་ནི་རྩོམ་རིག་གི་སྒྱུ་རྩལ་སྣང་བརྙན་གྱི་སྙིང་བོ་ཡིན”①ཞེས་པ་ལྟར། རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་དངོས་མཚོན་ཆེད་དངོས་སུ་ཐོས་རྒྱུ་ཡོད་ལ་མཐོང་རྒྱུ་ཡོད་པ་ལྟ་བུའི་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་སྣང་བརྙན་སྣ་ཚོགས་བཞེངས་བསྐྲུན་བྱས་པའི་ནང་། ཆེས་གལ་འགངས་ཆེ་ཞིང་གཙོ་གནད་དུ་གྱུར་པ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱེད་པོ་སྟེ་སྨྲ་ཤེས་ཤིང་དོན་གོ་བའི་མི་སྣའི་སྣང་བརྙན་ཡིན་ལ། དེ་ཡང་མི་སྣའི་སྣང་བརྙན་ཞིབ་འབྲི་དང་བཞེངས་བསྐྲུན་བྱས་པ་ལེགས་མིན་དེ་ཐད་ཀར་རྩོམ་རིག་གི་ཡིད་འགུགས་ནུས་པ་དང་སྒྱུ་རྩལ་གྱི་རིན་ཐང་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པས་ན། སྒྱུ་རྩལ་རོ་བཅུད་ཀྱིས་ཀུན་ནས་གཏམས་པའི་གླིང་རྗེ་གེ་སར་རྒྱ་ལ་པོའི་སྒྲུང་ལྟ་བུ་ལ་མཚོན་ནའང་། ང་ཚོ་གདོང་དམར་བོད་པ་ཚོའི་སྒྱུ་རྩལ་གྱི་ལོངས་སྤྱོད་འཛད་མེད་ཅིག་དང་ཀུན་གྱིས་དགའ་མགུ་ཡི་རངས་བྱེད་བཞིན་པའི་རྒྱུ་མཚན་ཡང་བརྩམས་ཆོས་འདིར་མི་སྣའི་སྣང་བརྙན་གསར་བཞེངས་ཐད་ཕུན་སུམ་ཚོགས་པའི་འབྲས་བུ་སྨིན་ཡོད་པ་སྨྲས་མེད་ལགས་ན། གླིང་སྒྲུང་ལས་མི་སྣའི་སྣང་བརྙན་སྐོར་གླེང་འདོད་ཀྱི་ཀུན་སློང་ཐོག་མར་སྐྱེས་མོད། ཡིན་ཡང་གླིང་སྒྲུང་ལ་གཅིག་ནས་སྒྲུང་དཔེ་པོ་ཏིའི་འབོར་གྲངས་མང་ལ། གཉིས་ནས་རྒན་གཅོད་པ་དོན་གྲུབ་ལགས་ཀྱིས“ངེད་ཅག་གིས་བསྡོམས་རྩིས་བྱས་པ་ལྟར་ན། གླིང་སྒྲུང་ཁོ་ནའི་ནང་དུ་ལྷ་ཡུལ་ཁམས་ནས་མི་ཡུལ་གྱི་བར་དང་། ཀླུ་ཡུལ་ནས་དམྱལ་ཁམས་ཀྱི་བར་དུ་སྒྱུ་རྩལ་གྱི་གཟུགས་བརྙན་སུམ་སྟོང་ལྷག་གསར་བཞེངས་བགྱིས་ཡོད”①ཅེས་གསུངས་པ་བཞིན་མི་སྣ་སུམ་སྟོང་ལྷག་གི་སྣང་བརྙན་གསར་བཞེངས་བྱས་ཡོད་ཙ་ན། ཕྱི་ནང་རིག་གནས་ཀུན་ལ་ཐོས་བསམ་དབེན་པའི་སློབ་མ་ཐ་ཤལ་བ་ངས་སྒྲུང་དཔེ་དེ་འདྲ་མོད་པོ་ཞིག་བལྟ་ཀློག་བྱེད་ཐུབ་མེད་ལ། མི་སྣའི་སྣང་བརྙན་དེ་འདྲ་མང་པོ་ཞིག་དེ་ལས་ཀྱང་བློ་ངོར་ཤོང་དཀའ་བས། གླིང་སྒྲུང་ལས 《ཧོར་གླིང་གཡུལ་འགྱེད》ལ་བོད་ཀྱི་མཁས་དབང་རྣམ་པ་དང་ཆེད་ལས་མི་སྣ་དག་གིས་སྔ་ཕྱིར་ཞུ་དག་ཐེངས་གསུམ་མཛད་ཅེས་དེབ་ཉིད་ཀྱི་སྔོན་འགྲོའི་གཏམ་དུ་གསུངས་ཡོད་ཅིང་། བརྗོད་བྱ་དོན་གྱི་བྱུང་བ་དང་རྗོད་བྱེད་ཚིག་གི་དག་ཆ་སོགས་ཀྱི་ཆ་ནས་སྒྲུང་དཔེ་དག་ལས་ཚབ་མཚོན་རང་བཞིན་དུ་གྱུར་ཡོད། གླིང་སྒྲུང་ཁྲོད་བུད་མེད་དག་གིས་ཀྱང་གླིང་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ་ད་གཟོད་དམ་པ་ཁོང་ཉིད་ཀྱིས་རྒྱལ་ཁའི་དར་ཆ་ཡར་བསྒྲེངས་ཐུབ་བྱུང་བས། བུད་མེད་ཚོས་རང་ནུས་ཅི་ལྕོགས་སྒོས་རང་ས་ནས་མཛད་རྗེས་བླ་མེད་བཞག་ཡོད་པ་སྨྲས་མ་དགོས། ཡིན་ཡང་གླིང་སྒྲུང་ལས་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་དང་རྒྱན་གོས་རིག་གནས་སྐོར་མ་གཏོགས། ཆེད་དུ་སྣང་བརྙན་གྱི་སྐོར་ལ་དཔྱད་གཏམ་སྤེལ་བ་ཅུང་ཉུང་བའི་ཚོད་དུ་གདའ་ལ། སྒྲུང་དཔེ་ལས་ཚབ་མཚོན་རང་བཞིན་གྱི་བདག་ཉིད་ཅན《ཧོར་གླིང་གཡུལ་འགྱེད》བདམས་ཏེ་དེའི་ཁྲོད་ཀྱི་བུད་མེད་ཀྱི་སྣང་བསྙན་བཞེངས་བསྐྲུན་དང་ཞིབ་འབྲི་བྱེད་ཚུལ་གླེང་བ་ནི་དེ་ལས་ཀྱང་ཉིན་མོའི་སྐར་མ་བཞིན་ཉུང་བས། ཆེད་ལས་ཀྱི་ཤེས་བྱའི་ཆུ་ཚད་དམའ་བ་དང་དཔྱད་རྩོམ་གྱི་ལམ་ལ་འཇུག་མཁན་ལས་དང་པོ་བ་ཞིག་ཡིན་པའི་ཆ་ནས། དཔྱད་བརྗོད་འདི་འདྲ་ཞིག་སྤེལ་བར་དཀའ་ངལ་མང་དུ་འཕྲད་སྲིད་པ་ནི་བཤོལ་ཐབས་བྲལ་མོད། རང་ཉིད་རྩོམ་རིག་ཆེད་ལས་ལ་སློབ་གཉེར་བྱེད་མཁན་ཞིག་དང་སྒོས་སུ་རྩོམ་རིག་ལ་དུངས་པ་ཟབ་མོ་ཡོད་པ་བཅས་ཀྱིས་དཀའ་བའི་ལས་འདི་མ་བསྐུལ་དང་དུ་བླངས་ཤིང་། 《ཧོར་གླིང་གཡུལ་འགྱེད》ལས་བུད་མེད་ཀྱི་སྣང་བརྙན་སྐོར་ལ་རང་བློས་དཔག་ཚོད་ཀྱིས་དཔྱད་གཏམ་ཁ་ཟིན་སྣ་ཟིན་རེ་སྤེལ་ཁུལ་བྱ་བའི་མགོ་བརྩམས་པ་ཡིན།
དང་པོ། 《ཧོར་གླིང་གཡུལ་འགྱེད》ལས་བུད་མེད་ཀྱི་སྣང་བརྙན་སྤྱིར་གླེང་བ།
རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་ཕྱིར་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པ་ཞིག་ཡིན་ལ། སྤྱི་ཚོགས་འཚོ་བ་དེ་ཡང་འཁོར་བ་ཧྲིལ་བོ་འགྲུབ་བྱེད་ཀྱི་མ་ལག་གཙོ་བོ་རུ་གྱུར་པའི་ཕོ་མོ་གཉིས་ལས་གྲུབ་པ་ན། སྤྱི་ཚོགས་འཚོ་བ་བརྗོད་བྱ་རུ་འཛིན་པའི་རྩོམ་རིག་ཁྲོད་བུད་མེད་ཀྱི་སྣང་བརྙན་ཅི་ནས་ཀྱང་ཡོད་དགོས་པ་ནི་རང་བཞིན་གྱིས་གྲུབ་ཡོད། ང་ཚོ་རང་མི་རིགས་ཀྱི་སྔོན་བྱོན་མཁས་དབང་དག་གི་ཕྱག་སོར་ལས་ཐོན་པའི་ཕུལ་དུ་བྱུང་བའི་རྩོམ་རིག་པོ་ཏི་སོགས་དང་མཇལ་ཐེངས་རེར། རྩོམ་རིག་དེ་དག་ཁྲོད་ངང་རྒྱུད་བརྟན་ཞིང་ལས་ལ་བརྩོན་པ། བྱམས་དང་སྙིང་རྗེ་ལྡན་པའི་བོད་རིགས་བུད་མེད་ཀྱི་སྣང་བརྙན་ཅི་རིགས་ཤིག་སྔོན་དུ་བཤམས་པའི་རི་མོ་ཇི་བཞིན་རང་ཅག་གི་མིག་མདུན་དུ་ཤར་ཐུབ་སྟེ། 《རྣལ་འབྱོར་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》ཁྲོད་མ་ཡུམ་མྱང་ཚ་དཀར་རྒྱན་གྱི་བློ་གྲོས་དང་དཔའ་སྟོབས་ཀྱིས་ཨ་ཁུ་དང་ཨ་ནེས་བཪྙས་བཅོས་ཚད་མེད་བྱས་ཤིང་རྡུང་རྡེག་དང་མནར་གཅོད་བཏང་བ་ལ་མགོ་བསྒུར་ནས་མ་བསྡད་པར། བུ་ཐོས་པ་དགའ་རྒྱུས་མེད་ཐག་རིང་ཡུལ་ལ་མཐུ་སློབ་ཏུ་བཏང་སྟེ་ཨ་ཁུ་དང་ཨ་ནེ་ལ་འཁོན་ལན་སློག་ཏུ་བཅུག་པ་རེད། མོའི་རང་སྟེང་ནས་དགྲ་གཉིན་གང་ལའང་ཆགས་སྡང་གི་རུས་ཐོན་པའི་སྣང་བརྙན་གསོན་པོ་ཞིག་རང་བཞིན་གྱིས་མངོན་ཐུབ་ལ། མཐར་མ་དྲིན་མོ་ཆེ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་མི་ལ་རས་པ་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་གངས་ཅན་བོད་ཡུལ་དུ་གཏམས་པ་ཀུན་གྱིས་ཤེས་གསལ་ལྟར་རེད། 《ལྷ་མོའི་ཟློས་གར་འཁྲབ་གཞུང་བརྒྱད》ལས 《འགྲོ་བ་བཟང་མོ》དང 《སྣང་ས་འོད་འབུམ》《གཟུགས་ཀྱི་ཉི་མ》《ཆོས་རྒྱལ་ནོར་བཟང》སོགས་སུ་བུད་མེད་ཀྱི་སྣང་བརྙན་མང་དུ་བཀོད་འབྲི་གནང་བ་ལས་འགྲོ་བ་བཟང་མོ་དང་སྣང་ས་འོད་འབུམ། གཟུགས་ཀྱི་ཉི་མ། ཡིད་འཕྲོག་ལྷ་མོ་བཅས་ནི་བྱམས་དང་སྙིང་རྗེ་ཡིས་ཀུན་ནས་གཏམས་པའི་དཔེ་མཚོན་གྱི་བུད་མེད་འགའ་ཡིན། ཁོ་མོ་ཚོ་ནི་རྒྱལ་པོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་བཙུན་མོ་ཉག་གཅིག་པུ་དེ་ཚོ་ཡིན་པས། རྒྱལ་པོའི་ཕོ་བྲང་གི་བཙུན་མོ་གཞན་དག་ཁོ་མོ་ཚོར་ཕྲག་དོག་སྐྱེས་ཏེ་ངན་སེམས་བཅངས་པ་དང་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཐུབ་ཚོད་བྱས་རུང་། ཁོ་མོ་ཚོས་ཕྱིར་འཁོན་ལན་ཅི་ཡང་མ་སློག་པར་བྱམས་དང་བརྩེ་བས་བཟོད་བསྲན་བྱས་ལ་སྡུག་བསྔལ་ནམ་ཡང་རང་ཉིད་གཅིག་པུའི་ཁོག་ལ་བཅུག་ནས་བསྡད། འདི་ནི་རང་རེའི་བོད་ཀྱི་ཐུན་མིན་རིག་གནས་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་ལ། བོད་རིགས་བུད་མེད་མཛངས་མ་སྤྱི་ལ་མངའ་བའི་ཐུན་མོང་གི་རང་གཤིས་ཤིག་ཀྱང་མ་ཡིན་ནམ། གཞན་ད་དུང་མིང་དུ་གྲགས་པའི《རྒྱལ་པོ་ར་མ་ཎའི་རྟོགས་བརྗོད》དང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》གཉིས་སུའང་སཱི་ཏཱ་དང་ཡིད་འོང་མའི་ཕྱི་ལུས་ཀྱི་མཛེས་པའི་སྣང་བརྙན་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་རྩེར་སོན་པར་བཞེངས་བསྐྲུན་བྱས་ཡོད་ལ། ཡིད་འོང་མའི་བྱ་སྤྱོད་ལས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་རང་མོས་རང་དབང་གི་གཉེན་སྒྲིག་ལ་བརྩོན་ལེན་བྱེད་ཕོད་པའི་བུད་མེད་སྙིང་སྟོབས་ཅན་ཞིག་གི་སྣང་བརྙན་མངོན་པར་མཚོན་ཡོད་དོ། ཚིག་བརྒྱ་མདོར་དྲིལ་ན་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རྩོམ་རིག་དུ་མ་ཞིག་གི་ཁྲོད་དཔའ་མཛངས་ལྡན་པའི་ཨ་མའི་སྣང་བརྙན་དང་། བྱམས་བརྩེ་ལྡན་པའི་བཙུན་མོའི་སྣང་བརྙན་སོགས་གཙོ་བྱས་པའི་བོད་རིགས་བུད་མེད་ཀྱི་སྣང་བརྙན་སྣ་ཚོགས་ཤིག་བཞེངས་བསྐྲུན་བགྱིས་ཡོད་པ་དེའོ། །
རྩོམ་རིག་གི་སྣང་བརྙན་ཞེས་པ་ནི“རྩོམ་མཁན་གྱིས་སྤྱི་ཚོགས་འཚོ་བ་དངོས་རྨང་གཞི་བྱས་ཤིང་། དེ་ཉིད་ཀུན་རྟོག་ལ་བརྟེན་ནས་བཟོ་བཅོས་དང་ལས་སྣོན་གང་ལེགས་བྱས་པ་བརྒྱུད། རྩོམ་པ་པོ་རང་ཉིད་ཀྱི་མཛེས་རྟོག་གི་ཕུགས་བསམ་ལྟར་རྗོད་བྱེད་ངག་གི་སྦྱོར་བ་ལ་བརྟེན་ནས་མི་ཚེ་འཚོ་བའི་རི་མོ་ཞིག་གསར་དུ་བསྐྲུན་པ་ལ་བྱ། ”①དེ་ཡང་ལོ་རྒྱུས་ཀྱི་སྙན་ངག་རིང་མོ་དང་ཡང་ན་སྙན་ངག་གི་བརྩམས་སྒྲུང་རིང་མོ་རུ་བགྲང་བའི་སྒྲུང་དཔེ《ཧོར་གླིང་གཡུལ་འགྱེད》འདུས་པའི་གླིང་སྒྲུང་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཕུལ་དུ་བྱུང་བ་ཞིག་ཡིན་པ་ནི་གདོན་མི་ཟ་ལ། དེའི་ནང་གོང་གི་རྩོམ་རིག་གཞན་དག་དང་འདྲ་བར་གསོན་ཉམས་ལྡན་པའི་མི་སྣ་གང་མང་ཞིག་གི་སྣང་བརྙན་གསར་བཞེངས་བྱས་ཡོད་དེ། ཕོ་རབ་དཔའ་བོའི་མཚོན་བྱེད་གླིང་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་དང་། མོ་མཆོག་མཛེས་མའི་མཚོན་བྱེད་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་སོགས་བགྲང་གིས་མི་ལང་བ་ཞིག་གསར་བཞེངས་བྱས་ཡོད། འདིར་བྱེ་བྲག་ཏུ་སྒྲུང་དཔེ《ཧོར་གླིང་གཡུལ་འགྱེད》ལས་བུད་མེད་ཀྱི་སྣང་བརྙན་སྤྱི་ཙམ་བརྫོད་ན་འདི་ལྟ་སྟེ། 《ཧོར་གླིང་གཡུལ་འགྱེད》དུ་མཛེས་མའི་མཚོན་བྱེད་སེང་ལྕམ་འབྲུག་མོ་དང་། དཔའ་མོའི་མཚོན་བྱེད་ཨ་སྟག་ལྷ་མོ། སྤྱི་སེམས་ཆེ་བའི་མགར་བཟའ་ཆོས་སྒྲོན། ཕྲག་དོག་ཅན་གྱི་མེ་བཟའ་འབུམ་སྐྱིད་སོགས་སྐྱོན་ཡོན་གཉིས་ཀའི་ཆ་དང་ལྡན་པའི་བུད་མེད་ཀྱི་སྣང་བརྙན་གསོན་པོ་དུ་མ་ཞིག་གསར་བཞེངས་བགྱིས་ཏེ་ང་ཚོའི་སྤྱན་སྔར་བཀྲམས་ཡོད་ལ། ཁོ་མོ་ཚོའི་རྒྱུད་ན་འཇིག་རྟེན་འདིར་མཆིས་པའི་བུད་མེད་གཞན་དག་དང་འདྲ་བར་མཇེས་སྡུག བཞིན་བཟང་། བློ་བརྟན་འགྱུར་མེད། བྱམས་དང་བརྩེ་བ་ལྡན་པ་སོགས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་འཛིན་པའི་བུད་མེད་མཛངས་མའི་སྣང་བརྙན་མཆིས་པ་མ་ཟད། ཕྲག་དོག་དང་སྒེར་སེམས་སོགས་འགྲོ་བ་མིའི་རིགས་སྤྱི་ལ་མངའ་བའི་གཤིས་ཀ་ཞིག་ཀྱང་ཁོ་མོ་ཚོའི་རང་སྟེང་དུ་གྲུབ་ཡོད་པས། བུད་མེད་ཀྱི་སྣང་བརྙན་དག་སྤྱི་ཚོགས་འཚོ་བ་དང་རིང་དུ་བྲལ་ཏེ་རང་སྣང་གང་ཤར་གྱིས་བཞེངས་བསྐྲུན་བྱས་པ་ཙམ་མ་ཡིན་པར། བརྗོད་བྱ་སྤྱི་ཚོགས་འཚོ་བར་བོད་རིགས་མང་ཚོགས་སྤྱི་བྱིངས་ཀྱིས་བསལ་བདམས་སྤང་བླང་དང་བཙོ་སྦྱང་ལས་སྣོན་བྱས་པ་དང་། འཚོ་བ་དངོས་ཀྱི་ཆོས་ཉིད་གཞིར་བཟུང་སྟེ་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་ཅིང་དགའ་སྐྱོ་ཆགས་སྡང་གིས་འཚོ་བའི་བུད་མེད་ཀྱི་སྣང་བརྙན་ངོ་མ་ཞིག་མ་བཅོས་རང་ཤུགས་ཀྱིས་ང་ཚོའི་སྣང་ངོར་ཤར་དུ་བཅུག་ཡོད་པས་སྒྱུ་རྩལ་བདེན་དངོས་ཀྱིས་ཀུན་ནས་ཕྱུགས་ཡོད། དེ་ལས་ཀྱང《ཧོར་གླིང་གཡུལ་འགྱེད》ལས་མངོན་པའི་བུད་མེད་ཀྱི་སྣང་བརྙན་ནི་ཉིན་རྒྱུན་ཁྱིམ་ལས་ལ་རེམ་ཞིང་རང་ཁྱིམ་གྱི་སྒོ་ཕྱི་ནང་བར་ནས་རྒས་པ་ཙམ་ཞིག་མ་ཡིན་པར། ཁོ་མོ་ཚོ་ནམ་རྒྱུན་དགྲ་བོར་འཐབ་འཛིང་བྱེད་པའི་གྲོས་ཚོགས་ཆེ་མ་ཆུང་གསུམ་ལ་ཞུགས་དགོས་པར་མ་ཟད། སྐྱེས་པ་ཚོ་དམག་ལ་སོང་ཤུལ་དུ་རང་ཡུལ་སྲུང་སྐྱོབ་བྱེད་པའི་ལྗིད་ཏིག་ཏིག་གི་འོས་འགན་ཁོ་མོ་ཚོའི་ཕྲག་སྟེང་དུ་བབས་ཡོད་ལ། མཐའ་ན་གནད་འགག་གི་སྐབས་སུ་དགྲ་བོའི་མདུན་ཀྱང་བསུ་དགོས་པས། 《ཧོར་གླིང་གཡུལ་འགྱེད》ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་དང་སྲོལ་རྒྱུན་རྩོམ་རིག་གཞན་དག་ལས་མངོན་པའི་བུད་མེད་ཀྱི་སྣང་བརྙན་བར་ལ་ཐུན་མོང་གི་ཆ་མཆིས་ལ། ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆ་ཡང་འདུག་སྟེ། 《ཧོར་གླིང་གཡུལ་འགྱེད》ལས་བུད་མེད་ཚོའི་རྒྱུ་རུ་སྙིང་སྟོབས་དང་དཔའ་མཛངས་གིས་ཁེངས་ཡོད་པས་དཔའ་མོའི་སྣང་བརྙན་གྱིས་ཆ་ཀུན་ནས་ཕྱུགས་ཡོད་དོ། །
གཉིས་པ། 《ཧོར་གླིང་གཡུལ་འགྱེད》ལས་བུད་མེད་ཀྱི་སྣང་བརྙན་དམིགས་བཀར་གྱིས་གླེང་བ།
གཅིག སྐྱ་ལོ་སེང་ལྕམ་འབྲུག་མོའི་སྣང་བརྙན་གླེང་བ།
སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ནི་གེ་སར་སྒྲུང་གི་ཁྲོད་གེ་སར་རྒྱལ་པོ་མན་ཆད་ལས་བཤད་པ་ཆེས་མང་བོའི་མི་སྣ་ཞིག་ཡིན་ལ། ཕྱིའི་ལུས་ཀྱི་མཛེས་པ་དང་ནང་བསམ་པའི་ཀུན་སྤྱོད་སོགས་ཀྱི་ཆ་ནས་གླིང་གི་མོ་སྨན་དག་ལས་ཡང་རྩེ་རུ་བགྲང་བཞིན་ཡོད། ལྷག་པར་དུ་མོ་ནི《ཧོར་གླིང་གཡུལ་འགྱེད》ཁྲོད་ཀྱི་མི་སྣ་གཙོ་བོ་རུ་གྱུར་ཡོད་དེ། གདོད་མའི་རུས་རྒྱུད་ཚོ་བའི་སྐབས་ཚོ་བ་ཕན་ཚུན་བར་བུད་མེད་འཕྲོག་རྩོད་བྱེད་པ་ལ་བརྟེན་ནས་གཡུལ་འགྱེད་ཀྱི་འགོ་བསླངས་ཤིང་། བུད་མེད་མཛེས་མ་ནི་གཡུལ་འགྱེད་ལས་ཐོབ་པའི་རྒྱལ་ཁའི་འབྲས་བུ་ཞིག་ཏུ་བགྲང་བཞིན་པ་ལྟར་ཧོར་གླིང་བར་གྱི་གཡུལ་འགྱེད་ཀྱང་འབྲུག་མོ་འཕྲོག་རྩོད་བྱེད་པ་ལ་བརྟེན་ནས་བྱུང་ཞིང་། མོ་ནི་ཛ་དྲག་ཆེ་བའི་གཡུལ་འགྱེད་ཀྱི་འགོ་བསླངས་མཁན་དང་འགལ་འབྲེལ་གྱི་གཞི་མ་རུ་གྱུར་ཡོད།
མཛེས་པའི་ཆ་ལ་སྤྲོ་བ་དང་བཙོག་པའི་གནས་ལ་ཞེ་མེར་བ་ནི་འགྲོ་བ་མིའི་རིགས་སྤྱི་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་མི་རྣམས་ཀྱིས་མཛེས་ཆོས་བརྩོན་ལེན་དང་མཛེས་པར་བསྟོད་བསྔགས་བྱ་ངེས། 《ཧོར་གླིང་གཡུལ་འགྱེད》ཁྲོད་དྲང་ཕྱོགས་མི་སྣའི་གཙོ་བོར་གྱུར་པའི་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཕྱི་ལུས་ཀྱི་མཛེས་པའི་སྣང་བརྙན་རྗོད་བྱེད་ངག་གི་ཕྲེང་བ་ལ་བརྟེན་ནས་ཞིབ་འབྲི་བྱས་པ་འབུར་དུ་ཐོན་འདུག་པ་སྟེ། “སྨན་ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག། བོད་མ་བརྒྱའི་རུམ་ནས་སྐྱེས་ཚུལ་མེད། ། དེ་སྐྱེས་ཀྱང་ཁྱོད་འདྲ་འོང་ལུགས་མེད། ། ཁྱོད་སྒྲོལ་མ་དཀར་མོའི་སྐྱེ་མཐའ་ཡིན། ། ཁ་ཕར་འཁོར་སྐྲ་མཛེས་རྒྱན་ཡག་མ། ། ཁ་ཚུར་འཁོར་འཇའ་རིས་མདངས་ལྡན་མ། ། འགྲོས་ཕར་འགྲོ་གོམ་པ་རྟ་བརྒྱའི་རིན། ། མ་མཁའ་འགྲོས་གར་སྟབས་བསྒྱུར་བ་འདྲ། ། ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན། ། ལྷ་རིག་འཛིན་རྩེ་བྲོ་འཁྱུགས་པ་འདྲ། ། ཉམས་དགའ་བའི་རྩེ་ལུགས་མཛོ་རྒྱའི་རིན། ། ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ། ། སྐྲ་གཡས་པ་གཡས་སུ་འཕངས་པ་ན། ། རྒོད་ཐང་དཀར་གཤོག་པ་བརྐྱངས་པ་འདྲ། ། སྐྲ་གཡོན་པ་གཡོན་དུ་འཕངས་པ་ན། ། རྒོད་ཐང་སྨུག་གནམ་འཕང་གཅོད་པ་འདྲ། ། རྒྱབ་སྐྲ་རྒྱན་གཡུ་བྱུར་འཕྲེང་བསྒྲིགས་པ། ། ལྷའི་བུ་མོ་མི་ཡུལ་འོངས་པ་འདྲ། ། མདུན་ཁ་དོག་སྣ་ལྔའི་རྒྱན་ཆ་དེ། ། བྱ་རྨ་བྱས་སྒྲོ་གུར་ཕུབ་པ་འདྲ། ། ཡར་ལངས་ན་རྒྱ་དར་འཕར་པ་འདྲ། ། མར་བསྡད་ན་གུར་ཁང་ཕུབ་པ་འཔྲ། མདའ་ཉག་ཕྲན་ཞིག་ལ་ཅི་ཚང་བ། ། སྨན་སེང་ལྕམ་འབྲུག་མོར་ཚང་ནས་ཡོད། ། བློ་རྣོ་བ་མདེའུ་ངར་མ་འདྲ། ། ཁོག་ཡིད་སེམས་དྲང་བ་མདའ་མོ་འདྲ། ། གཤོག་ཡངས་པ་ཐང་དཀར་རྩེ་སྒྲོ་འདྲ། ། ཡིད་དྭངས་པ་མེ་ལོང་གཟུགས་བརྙན་འདྲ། ། ”①ཞེས་སེང་ལྕམ་འབྲུག་མོའི་ཕྱི་ལུས་ཀྱི་མཛེས་པའི་སྣང་བརྙན་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་རྩེར་སོན་པར་བཞེངས་བསྐྲུན་བྱས་པ་མ་ཟད། འབྲུག་མོའི་ཡག་མོ་སྒོ་དང་གཟུགས་སྐྱེ་ལུས་རབ་བཏགས་ཀྱི་ལམ་ནས་འུད་ཀྱིས་བརྗོད་ཡོད་ལ། ཁོ་མོའི་གཡུ་བྱུར་གྱིས་རྒྱན་ཆ་སྤྲས་ལུགས་དང་ལུས་ཀྱི་སྤྱོད་སྟངས་བཅས་ཕྱོགས་གང་ནས་བལྟས་ཀྱང་སྐྱེས་མ་ཕལ་བ་ཞིག་དང་མི་མཚུངས་ཤིང་སྨན་མཆོག་ལྷའི་བུ་མོ་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ། དེ་ལས་ཀྱང་བློ་རིག་བཀྲ་བ་དང་ཡིད་སེམས་དྲང་བ། ཁོག་རྒྱ་ཡངས་པ་སོགས་ཀྱང་གོང་གི་སྣང་བརྙན་ཞིབ་འབྲི་ལས་རྟོགས་ཐུབ་ལ། འབྲུག་མོའི་ཕྱི་ལུས་ཀྱི་མཛེས་པའི་སྣང་བརྙན་ཞིབ་འབྲི་ཐད་འདི་འདྲའི་ལེགས་འགྲུབ་མི་དམན་པ་ཞིག་ཐོབ་ཡོད་ཕྱིར། རང་རེའི་གངས་ཅན་པ་དག་གི་འཚོ་བ་དངོས་ཀྱི་ཁྲོད་སྨན་བུ་མོའི་མཛེས་སྡུག་དཔལ་གྱིས་ཕྱུག་པའི་དཔེར་སེང་ལྕམ་འབྲུག་མོ་འཇོག་པའི་སྲོལ་བྱུང་བ་རེད།
གོང་དུ་བརྗོད་པ་ཇི་བཞིན་གནའ་ནས་ད་བར་དུ་བོད་རིགས་མི་དམངས་ཀྱིས་བུད་མེད་མཛེས་མའི་མཚོན་བྱེད་དུ་སྐྱ་ལོ་སེང་ལྕམ་འབྲུག་མོ་འཇོག་ལ། ནམ་རྒྱུན་བུད་མེད་མཛེས་མ་ཞིག་གི་ཕྱི་ལུས་ཀྱི་མཛེས་པར་བསྟོད་བསྔགས་བྱེད་དུས“ཡག་མོ་སྒོ་སེང་ལྕམ་འབྲུག་མོར་འགྲན་པ”ཞེས་འབྲུག་མོ་ནི་མཛེས་མའི་མ་དཔེའམ་མཚན་གཞི་རུ་འཇོག་བཞིན་ཡོད་པས། མི་མང་པོ་ཞིག་གིས་འབྲུག་མོའི་སྣང་བརྙན་ལ་དབྱེ་ཞིབ་བྱ་དུས་ཀྱང་མོའི་ཕྱི་ལུས་ཀྱི་མཛེས་པའི་སྣང་བརྙན་ཁོ་ན་གཙིགས་སུ་བཟུང་སྟེ་ངོས་འཛིན་བྱེད་བཞིན་མཆིས། གནད་དོན་གང་ཞིག་ལ་ངོས་འཛིན་དང་དབྱེ་ཞིབ་བྱ་རུང་ཕྱོགས་གཅིག་ལ་དམིགས་ཏེ་ཕྱོགས་གཞན་མ་མཐོང་ན་མི་འགྲིག་པར་བསམ། ད་ནི་ང་ཚོ་ཟུར་མི་འདྲ་བའི་ཕྱོགས་གཞན་ཞིག་ནས་འགྲེངས་ཏེ་མོའི་ལུས་ཀྱི་བྱ་སྤྱོད་དང་ངག་གི་སྐད་ཆ་སོགས་གཙོ་གནད་དུ་བཟུང་སྟེ་དབྱེ་ཞིབ་ཙམ་བྱས་ན། དོན་དམ་དུ་སེང་ལྕམ་འབྲུག་མོ་ནི་ཕྱི་མཛེས་ནང་སྟོང་གི་མཛེས་མ་ཙམ་པོ་བ་ཞིག་མ་ཡིན་པའི་ངོ་གདོང་གཞན་ཞིག་མཐོང་ཐུབ། མོའི་རྒྱུད་ན་ཐབས་དང་ཤེས་རབ་ཀྱི་བློ་མིག་ལྡན་ཞིང་བློ་དང་བཀོད་པའི་སྤྱང་གྲུང་འཛོམས་ཡོད། ཧོར་གུར་དཀར་རྒྱལ་བོས་གེ་སར་བདུད་འདུལ་བར་ཕེབས་ཤུལ་གྱི་གླགས་དང་བསྟུན་ནས་འབྲུག་མོ་བཙན་འཕྲོག་བྱེད་ཆེད་བྱ་ཐན་བསེ་བོ་གླིང་དུ་ཉུལ་མར་བཏང་བའི་སྐབས་དེར། འབྲུག་མོས“བྱ་ལྟ་བ་མིག་གིས་མི་བཟོད། བསམ་པས་ཞིབ་ཀྱིས་མི་ལང་བ་ཞིག་གཡུ་སྦྲའི་སྟེང་དུ་བབས་པ”①མཐོང་འཕྲལ་མྱུར་དུ་མི་དར་སྟག་ཡུ་ལ་མཉམ་འཇོག་བྱེད་དུ་བཅུག་ལ། སྔོན་ལ་ཧོར་ཡུལ་གྱི་ཁྭ་ཏའི་སོ་བ་བྱུང་བ་དང་། རྗེས་མར་ཐན་བའི་ཉུལ་མ་བྱུང་བ་ལ་བློ་ཞིབ་མོས་མནོ་བསམ་ཡང་ཡང་བཏང་མཐར་རྟགས་དང་རྟེན་འབྲེལ་མི་ལེགས་པ་ཞིག་ཡིན་པ་གཞི་ནས་རྟོགས་ཤིང་། མགྱོགས་མྱུར་ངང་ནེའུ་ཆུང་མངགས་ཏེ་ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་ལ་རྒྱུ་མཚན་ཞུ་བར་འགྲོ་རུ་བཅུག དེའི་འཕྲོར་གླིང་སྡེ་ལྷ་མི་ཆེ་ཆུང་ཀུན་གནས་གཅིག་ཏུ་འཛོམས་ནས་གྲོས་བསྡུར་བྱས་པ་དང་། འབྲུག་མོས་བློ་ཞིབ་མས་དཔྱད་པ་རྣལ་མ་བཏང་ཞིང“བློ་སྔོན་དུ་དྲན་ན་གྲུང་པོ་ཡིན། ། རྒྱབ་ལ་དྲན་ན་གླེན་པ་ཡིན། ། ”①ཞེས་ཆུ་མ་འོང་གོང་ལ་རགས་ཞེས་པ་ལྟར་བྱ་བ་ཆེ་མ་ཆུང་གསུམ་གང་ཡིན་ཡང་སྔོན་ནས་གྲ་སྒྲིག་ལེགས་པོ་བྱེད་དགོས་པའི་གནས་ལུགས་དམ་པ་གླིང་སྡེ་ལྷ་མི་ཡོངས་ཀྱི་སྙན་ལམ་དུ་བཏང་། གོང་གི་བྱ་སྤྱོད་དང་སྐད་ཆ་དག་ལས་འབྲུག་མོ་ནི་སྐྱེས་པ་མོ་ལུས་ཡིན་ཡང་མོའི་བྱ་བ་སྒྲུབ་སྟངས་སོགས་ཀྱི་ཐད་ཕོ་རབ་ཅིག་གི་བློ་གྲོས་དང་སྤྱང་གྲུང་གིས་ཀུན་ནས་ཕྱུགས་ཡོད་དེ། “ཕོ་རབ་ཅིག་གི་བློ་རྩེ་ལས། ། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ ། ”ཞེས་པ་ལྟར་དོན་དག་གང་བསྒྲུབ་ཀྱང་རང་སྣང་གང་ཤར་གྱིས་ཅི་དྲན་དྲན་བཞིན་ཐག་གཅོད་མི་བྱེད་པར་གླིང་གི་རྒན་གཞོན་ཀུན་ལ་གྲོས་བསྡུར་གང་ལེགས་བགྱིས་པ་དང་། གཞན་གྱི་བསམ་འཆར་བསྡུ་ལེན་བྱེད་མཁས་པའི་བུད་མེད་མཛངས་མ་ཞིག་གི་སྣང་བརྙན་མངོན་པར་མཚོན་ཡོད། གླིང་གི་དཔའ་རྟུལ་ཚོ་ཧོར་རུ་ཇག་ལ་ཆས་སྐབས་ཀྱང་འབྲུག་མོས“བྲེལ་བྲེལ་འདྲ་ན་དགྲ་ཡོད་རེད། ། དལ་དལ་འདྲ་ན་དགྲ་མེད་ཡིན། ། ”②པ་སོགས་ཐབས་ཀྱི་གདམས་ངག་ལེགས་པར་བསྟན། ཁྱད་པར་དུ་ཁྲོ་ཐུང་ལ་ཚིག་གི་ཟར་དང་ཟུར་ནས་དགྲ་ཕྱི་ནང་འཁྲུག་པའི་བྱ་སྤྱོད་མི་སྤེལ་བའི་ཞལ་ཏ་ཡང་ཡང་གནང་། དེ་ལས་མོ་ནི་གླིང་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་གི་བཙུན་མོ་དང་དཔོན་མོ་ཆེས་གཙོ་གྲས་ཡིན་ལ། རྒྱལ་ཁབ་ཀྱི་འཇིགས་ཉིན་དང་མོའི་ལས་དབང་གཉིས་ནི་ཕན་ཚུན་ཤ་ཁྲག་བཞིན་དུ་སྦྲེལ་ཡོད་པས། མོས་རང་གི་ཁྱོ་ག་མེད་ཤུལ་དུ་གླིང་གི་བདེ་སྡུག་ལ་སེམས་འཁུར་དང་ཁྲ་མོ་གླིང་སྲུང་སྐྱོབ་བྱེད་པའི་འོས་འགན་ཕྲག་ཏུ་བླངས་ཡོད་པ་མཚོན་ཐུབ། དེ་ལས་ཀྱང་ཁོ་མོར་མི་ངན་པའི་སྐྱོན་ཆ་ངོས་འཛིན་གསལ་བོ་བྱེད་ཐུབ་ཅིང་ལེགས་ཉེས་བླང་དོར་ཚུལ་བཞིན་འབྱེད་པའི་བློ་མིག་ལྡན་པ་མ་ཟད། འགྲོ་མང་འདུས་པའི་དབུས་སུ་སྐྱོན་བརྗོད་བྱེད་ཕོད་པའི་བློ་སྤོབས་མངའ་བའི་དཔའ་མོའི་སྣང་བརྙན་གྱིས་ཀུན་ནས་ཕྱུགས་ཡོད། ཁྲོ་ཐུང་ལ་སྐྱོན་བརྗོད་བྱེད་དུས་ཀྱང་ཐད་ཀར་འཛེམ་བག་མེད་པར་བཀའ་བཀྱོན་དང་སྡིག་དམོད་མི་བྱེད་པར་གདོང་འཛུམ་གྱིས་ཁེངས་ཤིང་སྐད་ཆ་རྒྱང་ལ་བསྐོར་ཏེ་ཞལ་ཏ་གནང་བ་ལས། མོ་ནི་གཏམ་བརྫོད་ལ་ཤིན་ཏུ་མཁས་ཤིང་གླིང་གི་དཔོན་མོ་ཞིག་ཡིན་པའི་ཆ་ནས་ང་རྒྱལ་དང་མགོ་འཕང་མི་མཐོ་བར་ཞི་དུལ་བག་ཡོད་ཀྱིས་གནས་ཡོད་པ་ཚོར་ཐུབ་ལ། བྱ་བ་ཀུན་ཐབས་ཤེས་ཟུང་འཇུག་གི་ལམ་ནས་ཐག་གཅོད་བྱེད་བཞིན་པའང་གཞི་ནས་རྟོགས་ཐུབ།
སྤྱིར་རྒྱལ་པོའི་ཕོ་བྲང་དུ་ལུས་གཡུ་བྱུར་གྱིས་བརྒྱན་ཅིང་ཟས་གོས་འདོད་ཡོན་ལྟར་རོལ་ཆོག་པའི་བཙུན་མོ་ཞིག་ཏུ་གྱུར་པ་ནས་ཕོའི་ངང་ཚུལ་བཟུང་སྟེ་གཡུལ་ལ་ཞུགས་དགོས་པ་སུ་ཡི་བློ་ངོར་ཡང་ཤོང་དཀའ་མོད། ཧམ་སེམས་ཅན་གྱི་ཧོར་དམག་གླིང་དུ་ཐོན་ཏེ་ཇ་མཁར་ཕྱོགས་བཞི་བསྐོར་ཞིང་གླིང་དམག་ལ་ཤི་རྨས་ཚབས་ཆེན་ཐེབས་དུས། འབྲུག་མོས་སེམས་བསམ་པའི་གཏིང་རིམ་ནས་མ་བཟོད་པར་གོ་ཆ་ལུས་ལ་མནབས་ཤིང་གཡུལ་ལ་ཞུགས། ཧོར་དམག་གིས་མོ་རང་འཕྲོག་རྩིས་བྱེད་སྐབས“འབྲུག་མོས་མཆོང་ལྷ་དང་སྟོབས་ཆེན་གཉིས་ཀྱི་སྟེང་དུ་གྲི་བཏོན་ནས་མཆོངས་བྱུང”①ལ། འདི་ལས་རྒྱལ་ཁབ་འཇིགས་ཉེན་ལ་འཕྲད་ཅིང་འབངས་མི་དག་གི་ལྷིང་འཇགས་ཀྱི་འཚོ་བ་ཕྱི་དཀྲུགས་ནང་དཀྲུགས་བྱེད་བཞིན་པའི་གནད་འགག་གི་དུས་དེར། འབྲུག་མོ་དཔའ་ཞུམ་ཞིང་བག་འཁུམ་ནས་མ་བསྡད་པར། བློ་སྤོབས་པས་བཏེགས་ནས་ཡར་འགྲེངས་ཤིང་རང་གི་ཚེ་སྲོག་ཤོར་བར་ཡང་འཇིགས་སྐྲག་སྤུ་ཙམ་མེད་པར་གཡུལ་ལ་ཞུགས། ཉམ་ཆུང་ནུས་མེད་ཀྱི་བུད་མེད་ཅིག་གིས་ཕོ་རྒོད་སྟག་འདྲ་གཟིག་འདྲ་དག་དང་དཔུང་བ་མཉམ་གཤིབ་སྒོས་འཐབ་རྩོད་ཀྱི་འགྲན་འཛུགས་རྒྱུ་ནི་ལས་ཧ་ཅང་ཁག་པོ་ཞིག་ཡིན་པ་སྨྲས་མ་དགོས་མོད། མོས་གླིང་སྡེ་སྲུང་སྐྱོབ་ཀྱི་ཆེད་རང་སྲོག་འབེན་ལ་བཞག་སྟེ་དགྲ་བོའི་གདོང་བསུས་པར་ཇི་འདྲའི་བློ་སྤོབས་དང་དཔའ་མཛངས་ལྡན་དགོས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། མཇུག་མཐར་ཧོར་དམག་གི་འདྲེ་ལག་ལས་ཐར་མ་ཐུབ་པར་མོ་རང་བཙན་གྱིས་ཧོར་ཡུལ་དུ་ཁྲིད་མོད། མོའི་ལུས་ཧོར་རུ་གནས་རུང་སེམས་ནམ་ཡང་གླིང་ལ་ཕྱོགས་ཡོད་དེ། ཐོག་མར་ཧོར་ཡུལ་ནས་གུར་དཀར་རྒྱལ་པོར་དུག་ཆང་དྲངས་འགོ་བརྩམ་པ་དང་། དེའི་རྗེས་རང་ཡུལ་བསྐྱར་འཛུགས་དང་ནང་ཕུ་ནུའི་ཤ་འཁོན་གྱི་ཆེད་དུ་ཧོར་ཡུལ་ནས་བསྟུད་མར་གེ་སར་ལ་འཕྲིན་ཡིག་ཐེངས་གཉིས་བཏང་བ་དག་གིས་ཀྱང་བོད་རིགས་བུད་མེད་ཅིག་གི་འགྱུར་མེད་ཀྱི་སྙིང་སྟོབས་བླ་ན་མེད་པ་མཚོན་འདུག
ང་ཚོ་སྒང་བ་བོད་ཀྱི་ཁ་དཔེར“ཤིང་འཛར་མེད་རྒྱ་རྫོང་ནགས་ན་མེད། ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ། ”ཅེས་པ་ལྟར། འཇིག་རྟེན་འདིའི་བྱ་དངོས་ཡོད་དོ་ཅོག་ལ་ལེགས་ཉེས་གཉིས་ཀའི་ཆ་དང་ལྡན་པ་བཞིན། སྒྲུང་དཔེ 《ཧོར་གླིང་གཡུལ་འགྱེད》དུའང་སེང་ལྕམ་འབྲུག་མོ་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་གྱི་མི་སྣ་ཞིག་ཏུ་བཞེངས་བསྐྲུན་བྱས་མེད་དེ། ཁོ་མོའི་ཕྲག་དོག་གི་དབང་གིས་མེ་བཟའ་བདུད་ཀྱིས་འཁྱེར་བར་གྲགས་ལ། མོས་ལྷ་བྱ་ཁྲུང་ཁྲུང་དཀར་མོ་བརྒྱུད་དེ་གེ་སར་ལ་འཕྲིན་བསྐུར་དུས་ཀྱང“སྨན་མེ་བཟའ་སྙིང་ནོར་བཞིན་དུ་བསྡམས། ། ང་འབྲུག་མོ་ཁྱི་ལུད་བཞིན་དུ་བོར། ། ”②ཞེས་པ་ལྟ་བུའི་ཚིག་འབྲུ་བྱུང་བ་ལ་བརྟག་ན་དངོས་གནས་ཕྲག་དོག་གིས་གཟིར་ཡོད་པ་ཤེས་ཐུབ། དེ་མིན་སྐབས་འགར་ཕྱི་ལུས་ཀྱི་མཛེས་པའི་དབང་གིས་ང་རྒྱལ་བྱེད་པའི་སྣང་ཚུལ་ཡང་རེ་གཉིས་ཙམ་མཐོང་ཐུབ། འོན་ཀྱང་དེ་དག་གིས་འབྲུག་མོའི་སྣང་བརྙན་ལ་གནོད་འགལ་མི་བྱེད་པར་མ་ཟད། ཁོ་མའི་ལུས་ཐོག་ནས་མི་ལ་ཆེད་དུ་མངའ་བའི་དགའ་སྐྱོ་ཆགས་སྡང་ལས་བྱུང་བའི་གཤིས་ཀ་དེ་རྗེན་པར་མངོན་ཐུབ། འདི་དག་ལས་གཞན་རང་ཉིད་ཀྱི་ཁྱོ་གར་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་པ་སོགས་སྣང་བརྙན་ཀྱི་ཁྱད་ཆོས་གཞན་དུ་མ་ཞིག་ཀྱང་མཆིས་རུང་ཡིག་ཚོགས་ལ་འཇིགས་ཏེ་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
གཉིས། སྟོང་ཉིད་མགར་བཟའ་ཆོས་སྒྲོན་གྱི་སྣང་བརྙན་གླེང་བ།
མགར་བཟའ་ཆོས་སྒྲོན་ནི་ཧོར་མགར་པ་རྒྱལ་པོའི་བུ་མོ་ཡིན་ལ། འབྲུག་མོ་ཕྱིར་གླིང་ཡུལ་དུ་བསུས་པ་དང་ནང་ཕུ་ནུའི་ཤ་འཁོན་སློག་ཆེད་གེ་སར་རྒྱལ་པོ་ཧོར་ཡུལ་དུ་ཐོན་ཞིང་སེར་པོ་ཧོར་འདུལ་བར་བརྩམ་པའི་སྐབས་དེར། གེ་སར་རྒྱལ་བོས་མགར་བཟའ་ཆོས་སྒྲོན་གྲོགས་སུ་བཀུགས་པར་བརྟེན་མོས་རོགས་རམ་དང་མཐུན་རྐྱེན་གང་ལེགས་བསྒྲུབས་པས། ཁྲ་མོ་གླིང་ཧོར་ལས་རྣམ་པར་རྒྱལ་བ་དང་སེང་ལྕམ་འབྲུག་མོ་ཕྱིར་རང་ཡུལ་དུ་བསུས་ཐུབ་བྱུང་། དེ་བས་སྒྲུང་དཔེ《ཧོར་གླིང་གཡུལ་འགྱེད》ཁྲོད་མགར་བཟའ་ཆོས་སྒྲོན་ནི་བུད་མེད་དག་ལས་བྱས་རྗེས་བླ་མེད་འཇོག་མཁན་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། གེ་སར་རྒྱལ་པོ་རྒྱ་ཕྲུག་ཐང་ཪྙེད་དུ་སྤྲུལ་ནས་མགར་ཚང་དུ་སླེབས་མ་ཐག་མགར་བཟའ་ཆོས་སྒྲོན་ལ་བཪྙས་བཅོས་དང་ཐུབ་ཚོད་ཚད་མེད་བྱས་ལ། མོས་གནས་ཚུལ་དེ་དག་ཕ་ལགས་ལ་ཡར་ཞུ་བྱས་ཀྱང་གེ་སར་རྒྱལ་པོའི་ཐབས་ཀྱི་རྐྱེན་པས་ངལ་བ་འབྲས་མེད་དུ་འགྱུར་རུ་བཅུག་པ་མ་ཟད། ཕ་མགར་པ་རྒྱལ་པོས་མོར་གཅར་བརྡུང་དྲག་པོ་བྱས་པས་མོ་ཐབས་ཟད་འུ་ཐུག་ཏུ་གྱུར་པ་དང་། “ད་ཕན་ཆད་བུ་ཆུང་འདིས་ཁྱོད་གསོད་རྒྱུ་ཡིན་ཟེར་ན་ཡང་། མི་སུ་ལའང་མི་བཤད”①ཅེས་མནའ་བསྐྱལ་ནས་དམ་བཅས། དེའི་རྗེས་མ་བསམ་གཏན་རྡོ་རྗེ་གཡུ་སྒྲོན་ལགས་ཀྱིས“ཤར་གུར་དཀར་རྒྱལ་པོ་འདུལ་བའི་གྲོགས། ། ཁྱོད་སྟོང་ཉིད་མགར་བཟའ་ཆོས་སྒྲོན་ཡིན། ། དེའི་རྩོད་གཞི་སེང་ལྕམ་འབྲུག་མོ་ཡིན། ། དེའི་བློན་པོ་སྡིག་གཅོད་ཤན་པ་ཡིན། ། ཤར་ཧོར་བདུད་འདུལ་བའི་བཀའ་བབས་ཡིན། ། ”②ཞེས་ལུང་བསྟན་འཁྲུལ་མེད་གནང་བ་དང་གེ་སར་རྒྱལ་པོས་ཀྱང“སེམས་སྐྱོ་རོགས་མགར་བཟའ་ཁྱོད་རང་ཡིན། ། དགྲ་འདུལ་ཚེ་བློ་ཡ་གྲོས་རོགས་མཛོད། ། བཏུལ་ཚར་དུས་ཁྲ་མོ་གླིང་ལ་འགྲོ། ། སྨན་འབྲུག་མོ་དེ་དང་ཁྱད་པར་མེད། ། ”③ཅེས་བརྩེ་སེམས་མཐུན་པར་སྦྲེལ་བའི་དམ་བཅའ་བཞག་སྟེ་མགར་བཟའ་གྲོགས་སུ་བཀུགས། མོས་གྲོགས་མཛད་པ་ལ་བརྟེན་ནས་ཧོར་གྱི་བླ་འབྲོང་དཀར་ནག་སེར་གསུམ་དང་ཐེའུ་རང་འབུམ་གྱི་བླ་མཛོ་བཅས་བསད་པ་དང་བླ་ཤིང་མེ་འབར་རྩ་ནས་རྫོགས། ཧོར་བློན་ཤེད་ཆེན་ལྔ་ལམ་དུ་བཏང་བ་སོགས་ཧོར་ཡུལ་ལ་གྱོང་གུད་ཚབས་ཆེན་བཟོས། སྤྱིར་ཧོར་ཡུལ་ནི་མགར་བཟའ་ཡི་ཆུང་དུས་ཀྱི་ལྟེ་ཁྲག་ས་ལ་འཕོ་ས་དང་གཉོམ་ལག་རྒྱས་ས་ཡིན་པས། འདི་ལྟར་གེ་སར་ལ་ལྐོག་ནས་རོགས་རམ་མཛད་དེ་རང་ཡུལ་བསམ་བཞིན་དུ་དགྲ་བོའི་ལག་ནང་དུ་བཞག་ན། སེར་པོ་ཧོར་གྱི་ཆ་ནས་མོ་ནི་ཕྱི་དགྲ་ནང་ལ་བསུས་མཁན་གྱི་ཕུང་མོའམ་གཏེ་བོ་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད། བཙན་པོ་གཉའ་ནས་གནོན་པ་དང་ཉམ་ཆུང་མཐའ་ནས་སྐྱོང་བ་ནི་གླིང་སྒྲུང་གི་སྤྱིའི་བརྗོད་བྱ་དང་མཛེས་དཔྱོད་བསམ་བློ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་བཞིན། གནམ་འོག་གི་འབངས་མི་ཀུན་ལ་བདེ་སྐྱིད་བསྐྲུན་མཁན་གྱི་ཉི་མ་ལྟ་བུར་གྱུར་པའི་གེ་སར་མཆོག་ལ་མོས་བློ་གཏད་ཅིང་ཚེ་གཅིག་གི་གཏན་གྲོགས་སུ་འདེམས་པ་ལས། མོར་མི་ཚེའི་ལྟ་ཚུལ་ཡང་དག་ཅིག་དང་བསམ་བློའི་ཀུན་སློང་གཙང་མ་ཞིག དེ་མིན་གཡའ་དག་པའི་སེམས་ཁམས་ཀྱི་འཇིག་རྟེན་ཞིག་མཆིས་པ་ཤེས་ཐུབ། རང་ཡུལ་དང་རྒྱབ་འགལ་དུ་གནས་དགོས་རུང་གེ་སར་གྱི་དགྲ་ཡུལ་ནས་མོས་རང་ནུས་ཡོད་དགུ་བཏོན་ཏེ་གེ་སར་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱས་ལ། སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་བྱས་པས། མོའི་རང་སྟེང་དུ་ངང་རྒྱུད་བརྟན་ཞིང་རང་ཉིད་ཀྱི་ཟླ་གྲོགས་ལ་བརྩེ་བ་ལྷད་མེད་བཅངས་པའི་བོད་རིགས་བུད་མེད་མཛངས་མའི་ཐུན་མོང་གི་རང་གཤིས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་དོ། །
གསུམ། ཨ་སྟག་ལྷ་མོའི་སྣང་བརྙན་གླེང་བ།
སྤྱིར་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་རྗེས་ལུས་ཀྱི་ལམ་ལུགས་ཀྱིས་མགོ་བཏུམས་ནས་རྨོངས་པར་གོམས་ཤིང་གཉོམ་ཆུང་ནུས་མེད་ཁོ་ནའི་བརྟུལ་ཞུགས་འཛིན་པ་ནི་བུད་མེད་སྤྱིའི་རང་བཞིན་ཡིན་ལ། རང་ཉིད་ཀྱི་ལས་དབང་སྐྱེས་པ་ཁོ་ནར་བཅོལ་བར་ཡང་ཚང་མ་གོམས་ལོབས་སུ་གྱུར་ཡོད་མོད། གླིང་སྒྲུང་ལས་མངོན་པའི་ཨ་སྟག་ལྷ་མོ་ནི་དེ་འདྲ་ཞིག་གཏན་ནས་མ་ཡིན་ཏེ། མོ་ནི་བྱང་བདུད་ཀླུ་བཙན་གྱི་སྲིང་མོ་ཡིན་ཡང་གེ་སར་རྒྱལ་པོས་བདུད་འདུལ་སྐབས་བློ་གྲོས་ལ་བརྟེན་ནས་གེ་སར་རང་ལ་དཔུང་གྲོགས་མཛད་ཅིང་། མོ་ནི་དཔའ་རྩལ་ཕུལ་དུ་བྱུང་བའི་དཔའ་མོ་ཞིག་ཡིན་པས་གེ་སར་རྒྱལ་པོས་རྫོང་ཆེན་དང་རྫོང་ཆུང་མང་པོ་ཆམ་ལ་འབེབས་སྐབས་ཀྱང་བས་རྗེས་མི་དམན་པ་བཞག་ཡོད། 《ཧོར་གླིང་གཡུལ་འགྱེད》དུ“དཔའ་ཨ་སྟག་ལྷ་མོ་དེ། དཔའ་དྲུག་ཡིད་དུ་འོང་ཞིང་། ཆས་དྲུག་མིག་ལ་མཛེས་པ། མགོ་དར་འཕྲུ་གར་སྟབས་ལིང་ལིང་། ཁྲབ་དཀར་མོ་བྱང་ཕུད་ཉུལ་ཉུལ། སྐེད་འཁོར་གསུམ་འཁྲོལ་སྒྲ་སིལ་སིལ། ”①ཞེས་མོའི་དཔའ་ཉམས་གསོན་ཉམས་ལྡན་པར་ཞིབ་འབྲི་བྱས་ཡོད་ལ། མོའི་བློ་སྤོབས་དང་དཔའ་སྟོབས་ཀྱིས་ཧོར་གྱི་པཱ་དུར་ནམ་ལངས་སྤུ་གྲི་བསད་དེ་ཟིལ་གྱིས་མནན་མྱོང་སྟེ། “ད་མ་འབྲོ་ཧོར་སེར་ལྦ་མོའི་བུ། དཔའ་བོ་འཐབ་ནས་ཤི་རབ་མེད། དགྲ་ལྷས་རང་སྲོག་ཁེབས་ལེ་ཡིན། སྡར་མ་བྲོས་ནས་ཤོར་རབ་མེད། ”②ཅེས་དཔའ་སྐད་ངག་ནས་སྒྲོག་བཞིན་མདའ་འཕངས་པ་ཁོའི་རྒྱབ་དཀྱིལ་ནས་སྔུན་ལ་རྒྱངས་སེ་ཐོན་ནས་རྟ་ལས་ལྷུང་བ་དང་ཚེ་སྲོག་མཇུག་སྒྲིལ་བར་བྱས། དེའི་རྗེས་གྲི་ཕྱུང་ནས་དམག་རྣམས་དེད་པས་འགའ་རེ་མཚོན་འོག་ཏུ་ཤི འགའ་རེ་ཡ་རྩེ་མཁར་ལ་བྲོས། སྤྱིར་གཟུགས་གཞིའི་ཆགས་ལུགས་དང་ལུས་ཀྱི་གྲུབ་སྟངས་ཀྱིས་ཕོ་མོའི་སེམས་ཁམས་དང་ལུས་ཀྱི་སྟོབས་ཤུགས། ནུས་པ་སོགས་ལ་ཁྱད་པར་བྱུང་བས་བུད་མེད་ཀྱིས་སྐྱེས་པའི་ངང་ཚུལ་བཟུང་སྟེ་དྲག་ཤུལ་གྱི་ལས་ལ་འཇུག་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན། བུད་མེད་ཞིག་ལ་མཚོན་ན་གཡུལ་འགྱེད་ཁྲོད་ངར་སྐད་སྒྲོག་བཞིན་དགྲ་བོའི་རྗེས་རྒྱུགས་ཏེ་ཚེ་སྲོག་ལེན་པ་ནི་ཕར་ཞོག མཐའ་ན་དྲག་པོའི་གཡུལ་ལ་ཞུགས་དགོས་པའི་སྒྲ་ཙམ་ཐོས་ཡང་སྙིང་རླུང་སྟོད་ལ་འཚང་འགྲོ འོན་ཀྱང་ཨ་སྟག་ལྷ་མོ་བུད་མེད་ཀྱི་ལུས་སྟོབས་ཞན་པ་སོགས་ཀྱི་བཀག་རྒྱ་དང་འཆིང་རྒྱ་ལས་ཡོངས་སུ་གྲོལ་ཏེ་གཡུལ་ལ་ཞུགས་པ་མ་ཟད། མོའི་གྲི་ཁ་ནས་སྐྱེས་པ་མང་པོ་རྐྱེན་ལམ་དུ་ཤོར་ལ་དཔའ་མོའི་དཔའ་རྟགས་བཞག་ཡོད་པས། མོ་ནི་གཡུལ་འགྱེད་འཚོ་བའི་ཁྲོད་གེ་སར་ལགས་ཀྱི་དགའ་གྲོགས་དང་སྐྱོ་གྲོགས་གཅིག་པུ་དེ་ཡིན་ལ། གླིང་གི་མོ་སྨན་ལས་དགྲ་ཕམ་པར་རྒྱག་པར་བྱས་རྗེས་བླ་མེད་བསྐྲུན་མཁན་དེ་ཡང་ཡིན་ནོ། ། ང་ཚོ་བོད་ཀྱི་གནའ་དེང་གང་གི་རྩོམ་རིག་ཁྲོད་དཔའ་མོའི་སྣང་བརྙན་བཀོད་ཡོད་པ་ལས་ཨ་སྟག་ལྷ་མོའི་སྣང་བརྙན་ནི་རྩེར་སོན་ཡོད་ལ། མོ་ནི་བོད་རིགས་བུད་མེད་ཀྱི་དཔའ་མོའི་མཚོན་བྱེད་དུ་བགྲང་ནའང་དངོས་དོན་དང་འགལ་བ་མེད་པར་སྙམ། དེ་ཡང 《ཧོར་གླིང་གཡུལ་འགྱེད》ཁྲོད་དེ་འདྲའི་མི་གསལ་ཡང་སྒྲུང་དཔེ་གཞན་འགའི་ཁྲོད་མོ་རང་གདུག་རྩུབ་ཆེ་ལུགས་བཀོད་ཡོད་པས། མོ་རང་ལ“གདུག་རྩུབ་ཆེ་བའི་ཨ་སྟག་ལྷ་མོ”དང“བདུད་མོ་ཨ་སྟག་ལྷ་མོ”ཞེས་མིང་ངན་གྱི་ཆོ་ལོ་ཡང་བསྩལ་ཡོད་མོད། གནད་དོན་གང་ཞིག་ལ་དབྱེ་ཞིབ་དང་གང་ཟག་སུ་ཞིག་ལ་གདེང་འཇོག་བྱ་དུས་ཟུར་མིག་གཅིག་གིས་བལྟ་བར་མི་རུང་བ་ཇི་བཞིན་དུ། མོ་གཡུལ་ལ་ཞུགས་ཏེ་གཞན་གྱི་ཚེ་སྲོག་བླངས་པར་བརྟེན་མོ་ནི་ཡ་ང་བ་དང་འཇིགས་སུ་རུང་བ་ཞིག་ཏུ་སེམས་ན་ག་ལ་འགྲིག སྐབས་དེའི་སྤྱི་ཚོགས་ནི་ཁྱོད་ཤི་ང་གསོན་དང་ཕན་ཚུན་རྒྱུ་ནོར་འཕྲོག་རྩོད་བྱེད་པའི་ཪྙོག་འཛིང་གི་དུས་རབས་ཤིག་ཡིན་ལ། གཉོམ་ཆུང་བག་འཁུམ་སྒོས་གནས་ན་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ཀྱང་ཤོར་ཉེན་ཆེ་བས་ཨ་སྟག་ལྷ་མོའི་གདུག་རྩུབ་ཀྱི་རྣམ་པའང་ཅིས་ཀྱང་མཁོ། གཞན་ཡང་གེ་སར་རྒྱལ་པོའི་མཛད་པ་འཕྲིན་ལས་སྐྱོང་བར་ཡང་དཔའ་མོ་ཞིག་གི་སྡོང་གྲོགས་དང་དཔུང་རོགས་དགོས་པས། ཨ་སྟག་ལྷ་མོ་ནི་སྐབས་དེའི་དུས་རབས་ཀྱིས་བསྐྲུན་པའི་བུད་མེད་ཀྱི་སྣང་བརྙན་གསར་བ་ཞིག་གམ་གཞན་དང་ཐུན་མོང་མ་ཡིན་པའི་དཔའ་མོ་ཉག་གཅིག་པུ་དེ་ཡིན་པས། ང་ཚོས་བསྟོད་པའི་མཐེ་བོང་ཁོ་མོར་བསྒྲེངས་འོས་ལ་བསྔགས་པའི་མེ་ཏོག་ཀྱང་ཁོ་མོར་གཏོར་ན་འགྲིག་གོ །
བཞི། མེ་བཟའ་འབུམ་སྐྱིད་ཀྱི་སྣང་བརྙན་གླེང་བ།
《ཧོར་གླིང་གཡུལ་འགྱེད》ཁྲོད་མེ་བཟའ་འབུམ་སྐྱིད་ཀྱི་སྐོར་གོང་དུ་བརྗོད་ཟིན་པའི་བུད་མེད་གཞན་དག་དང་འདྲ་བར་ཅུང་རྒྱས་པ་ཞིག་བཀོད་མེད། འོན་ཀྱང་མོ་ནི་གླིང་གི་མོ་སྨན་ལས་ཟས་ཟ་མ་གཡོ་སྐོལ་བྱེད་པར་ཆེས་མཁས་པ་དེ་ཡིན་འདུག་ལ། འབྲུག་མོ་བཞིན་དུ་གེ་སར་རྒྱལ་བོས་ཁོག་པའི་སྙིང་ལྟར་གཅེས་པས་སེང་ལྕམ་འབྲུག་མོ་ཡིན་ཡང་མོར་ཕྲག་དོག་སྐྱེས་པའི་སྣང་ཚུལ་རེ་གཉིས་ཡོད། དེའི་ཕྱིར་གླིང་གི་མོ་སྨན་གླེང་བ་དང་ནང་སྒོས་སུ་སྒྲུང་དཔེ 《ཧོར་གླིང་གཡུལ་འགྱེད》ཁྲོད་ཀྱི་བུད་མེད་གླེང་བར་མེ་བཟའ་འབུམ་སྐྱིད་ནི་མ་གླེང་ཐབས་མེད་ཡིན་པའི་མི་སྣ་ཞིག་ཏུ་གྱུར་ཡོད། 《ཧོར་གླིང་གཡུལ་འགྱེད》དུ“མེ་བཟའ་འབུམ་སྐྱིད་ཀྱིས་བཞེས་ཆང་ལ་མུན་ཆུ་དྭངས་མེད་རིལ་བུ་བཏབ་ནས་སྐྱེམས་སུ་དྲངས་པ་གསོལ་བས། སྔ་རབས་ཕྱིས་འབྱུང་ཐམས་ཅད་བསྙེལ་ཏེ་ནག་ཐོམ་མེ་བའི་ངང་དུ་བདུད་མཁར་ལ་ལྷ་ཁང་བཞེངས་རྒྱུ་བདུད་སྡེ་བྲན་ལ་རྩིས་སུ་འདེབས་རྒྱུ་མཐའ་དག་འཕྲོ་ཅན་དུ་ལུས་ཏེ། ཅི་ཡིན་འདི་མིན་དུ་ལོ་གསུམ་དང་ཟླ་བ་བཅུ་སོང་འདུག”①ཅེས་བཀོད་པ་ལྟར། གླིང་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་གིས་བདུད་ཀླུ་བཙན་བཏུལ་ཚར་ཞིང་བདུད་ཡུལ་བགྲོད་པའི་ཐོག་མའི་དམིགས་པའང་འགྲུབ་ཚར་ལ་ཉེ་བས་གླིང་ཡུལ་དུ་ཕྱིར་ལོག་ཆོག་ཆོག་ཡིན་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་མེ་བཟའི་ཕྲག་དོག་གིས་རྐྱེན་པས་གེ་སར་རང་ཉིད་གཅིག་པུར་དབང་ཆེད། བརྗེད་ཟས་བརྗེད་ཆུ་དྲངས་པས་ཅི་ཡིན་འདི་ཡིན་མེད་པར་བསྡོམས་པས་ལོ་དགུ་ལ་བདུད་ཡུལ་ནས་ལུས། རྒྱལ་ཁབ་ཀྱི་ཆབ་སྲིད་ཆ་ནས་མེ་བཟའི་བྱ་སྤྱོད་འདིར་དབྱེ་ཞིབ་ཙམ་བྱས་ན་མོ་རང་ཆབ་སྲིད་ཀྱི་ཉེས་ཅན་ལྟ་བུ་ཞིག་ཏུ་འགྱུར་སྲིད་དེ། གེ་སར་རྒྱལ་པོས་མོས་དྲངས་པའི་བརྗེད་ཟས་བརྗེད་ཆང་གསོལ་བས་ཆབ་སྲིད་ཀྱི་འོས་འགན་དུས་ལྟར་དུ་འགྲུབ་མ་ཐུབ་ལ། ཕྱིར་གླིང་ཡུལ་དུ་ལོག་པའི་དུས་ཚོད་ཀྱང་འགོར་འགྱངས་བྱས་པས་ཧོར་དམག་གླིང་ལ་ཐོན་ཏེ་ཇ་མཁར་རྨང་ནས་བཤིག་པ་དང་འབྲུག་མོ་བཙན་གྱིས་འཕྲོག ཞལ་ལུ་དཀར་པོའི་དུང་ཟླ་ཐང་ལ་ལྷུང་བ་དང་གླིང་དམག་བགྲང་ལས་འདས་པ་ཞིག་གི་ཚེ་སྲོག་ཤོར་བ་སོགས་ཤི་རྨས་ཚབས་ཆེན་ཐེབས། གལ་ཏེ་མོས་གེ་སར་ལ་འགོར་འགྱངས་བྱས་མེད་ཚེ་འདི་འདྲའི་ཕམ་ཉེས་ཚབས་ཆེན་བྱུང་མེད་ཀྱང་སྲིད་ཅེས་ཚོད་དཔག་བྱ་ཆོག དེའི་ཕྱིར་མེ་བཟའ་འབུམ་སྐྱིད་ཀྱིས་གེ་སར་ལ་བརྗེད་ཟས་བརྗེད་ཆང་དྲངས་པ་དང་གླིང་ཡུལ་ལ་ཕམ་ཉེས་ཚབས་ཆེན་བྱུང་བའི་བར་དངོས་ཤུགས་གང་རུང་གི་ཆ་ནས་འབྲེལ་བ་དམ་ཟབ་མཆིས་པར་བསྒྲུབ་ཆོག་ལ། ཕམ་ཉེས་ཀྱི་མཇུག་འབྲས་མོར་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་ཅེས་བརྗོད་དཀའ་མོ་ཡིན། ཡིནན་ཡང་། ཕྱོགས་གཞན་ཞིག་ནས་མེ་བཟའ་འབུམ་སྐྱིད་ནི་སྤྱིར་བཏང་གི་བུད་མེད་ཅིག་ཡིན་པས་ཁྱོ་ག་ནི་མོའི་འཇིག་རྟེན་སྒོར་མོ་འདིའི་ཡོད་ཚད་དུ་སྒོམ་བཞིན་ཡོད་ལ། རང་ཉིད་ཀྱི་རྒྱབ་རྟེན་དང་ཡིད་སེམས་ཀྱི་རེ་བ་བཅོལ་ས་ཉག་གཅིག་པུ་རུ་བགྲང་བཞིན་ཡོད། དེ་ལས་ཀྱང་གེ་སར་གྱི་ཆུང་མ་ནི་མོ་རང་གཅིག་པུ་མ་ཡིན་པར་གཞན་དུ་མ་ཡོད་ལ། ཕྱིར་གླིང་ཡུལ་དུ་ལོག་ཚེ་གེ་སར་གྱི་ཡ་ཐོད་ཀྱི་མིག་ལྟར་གཅེས་པའི་འབྲུག་མོ་དང་བུད་མེད་གཞན་འདུག་པས། མོས་གེ་སར་མཆོག་རང་ལས་བུད་མེད་གཞན་པ་དང་མཉམ་དུ་ལྷན་འཛོམས་བྱུང་མ་འདོད་པས་རེད། འདི་ལས་བརྩེ་དུང་གི་ཕྱོགས་ནས་མེ་བཟའ་འབུམ་སྐྱིད་ནི་རང་གི་ཐབས་དང་ཁོར་ཡུག་ལ་བརྟེན་ནས་རང་ཉིད་ཀྱི་ཐོབ་པར་འདོད་ཡུལ་དང་། བློ་སེམས་འཁོར་ཡུལ་གེ་སར་རྒྱལ་པོར་ལྷད་མེད་ཀྱི་བརྩེ་སེམས་བཅངས་ནས་བརྩོན་ལེན་བྱས་པའི་བུད་མེད་ཅིག་ཡིན་པས། རང་ཉིད་ཀྱི་གང་བསམ་པར་ལག་ལེན་དངོས་སུ་འཇུག་ཕོད་ཅིང་ལག་པའི་ཟུང་ལ་བརྟེན་ནས་བརྩོན་ལེན་བྱེད་མཁས་པའི་སྙིང་སྟོབས་ལྡན་པ་ཀུན་ནས་མཚོན་ཐུབ་བོ། ། མེ་བཟའ་འབུམ་སྐྱིད་ཀྱི་སྣང་བརྙན་ལ་དབྱེ་ཞིབ་བྱ་དུས་ཀྱང་འདི་ལྟར་ཕྱོགས་གཉིས་ཀ་ནས་མནོ་བསམ་བཏང་ན་འགྲིག་པར་བསམ།
ལྔ། སྔོ་ལོ་ནེའུ་ཆུང་གི་སྣང་བརྙན་གླེང་བ།
གོང་དུ་བརྗོད་ཟིན་པའི་བུད་མེད་བཞི་ནི་གླིང་སེང་ཆེན་རྒྱལ་པོའི་ཇ་མའམ་ཆུང་མ་ཡིན་པས་གེ་སར་དང་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་མཆིས། ཡིན་ཡང་སྐབས་བབ་ཀྱི་བརྗོད་བྱ་སྔོ་ལོ་ནེའུ་ཆུང་ནི་ཁོ་མོ་ཚོ་དང་མི་འདྲ་སྟེ། མོ་ནི་གླིང་གི་སྐྱ་ལོ་སྔོ་ལོ་གྲོ་ལོ་ཟེར་བའི་སྤུན་གསུམ་ཡོད་པ་ལས་སྔོ་ལོའི་བུ་མོ་ཡིན་ཞིང་། སྐྱ་ལོ་འབྲུག་མོ་དང་ནེའུ་ཆུང་གཉིས་ནི་ཕ་སྤུན་ཡིན་ལ། འབྲུག་མོའི་གཡོག་མོའང་ཡིན་ཞེས་གྲགས། དེ་ཡང་ཧོར་གུར་དཀར་རྒྱལ་པོས་བྱ་ཐན་བསེ་བོ་གླིང་དུ་ཉུལ་མ་མངགས་དུས། སེང་ལྕམ་འབྲུག་མོས་ནེའུ་ཆུང་མངགས་ཏེ་ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོར་གནས་ཚུལ་ཞུ་རུ་འགྲོ་བཅུག་ལ། མོས་སེང་ལྕམ་འབྲུག་མོས་ཇི་ལྟར་གསུང་བ་བཞིན་ཡར་ཞུ་བྱས་ཀྱང་སྤྱི་དཔོན་རྒྱལ་པོས“རྟ་རྒོད་མའི་བང་ལ་ཕུགས་སོ་མེད། ། ཁྱོད་བུ་མོའི་གཏམ་ལ་ཆ་བཞག་མེད། ། ”①ཅེས་མི་འདོད་པའི་ཚིག་སྨྲས་པས། མོས་མྱུར་དུ“འདུག་ཕོད་པ་ཡེ་ནས་ཡོད་ལེ་མེད། ། ནམ་མཁའ་མི་ལངས་ཀ་མེད་རེད། ། ཁྲི་གདུགས་ཉི་མས་རྒྱབ་ནས་དེད། ། སྲུ་འབྲུག་མོ་རྒྱབ་ནས་རྩེབ་རན་ཡོད། ། གླིང་ལྷ་སྡེ་ལ་མོ་བསྡུས་ལ་ཤོག། ལས་ཅི་དགོས་རྗེས་ནས་ལྟོས་དང་དགའ་”②ཞེས་ལན་བཏབ་པ་ལས། མོ་གཡོག་མོ་ཞིག་ཡིན་རུང་རང་ཉིད་ལ་སྐྱོན་མེད་བཞིན་གང་འདོད་དུ་ཉེས་འགལ་བྱེད་མི་འཇུག་ལ། རང་ཉིད་ཀྱི་བདེན་པ་ཅིས་ཀྱང་སྲུང་བའི་བུ་མོ་སྙིང་སྟོབས་ཅན་ཞིག་ཡིན་པ་མཚོན་ཐུབ། ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ། ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོས་ཕྱི་ནང་འཆམ་མཐུན་དང་ཞི་འཇགས་ཡོང་ཕྱིར་ནེའུ་ཆུང་འབྲུག་མོར་བརྫུས་ཏེ་ཧོར་ལ་བག་མར་གཏོང་བའི་བསམ་ཚུལ་བརྗོད་དུས། ནེའུ་ཆུང་གིས་སྤྱི་དཔོན་རྒྱལ་པོའི་བཀའ་བཞིན“གླིང་ལྷ་སྡེ་དོན་ལ་ཕན་ཟེར་ན། ། ང་བུ་མོ་དམྱལ་བར་མངགས་ཀྱང་འགྲོ། ལས་དེ་སྟེ་བྱ་ལན་ཐོ་ལན་འདིས། ། ངས་འགྲོ་གོ་ཆོད་བསམ་ཡིད་ལ་མེད། ། ”③ཅེས་བཀའ་དང་དུ་བླངས། གཞན་ཡུལ་གྱི་རྒྱལ་ཁམས་འགྲིམས་མ་མྱོང་བའི་བུ་མོ་ལོ་ཆུང་ཞིག་ས་ཆ་མེད་རྒྱུས་མེད་དགྲ་ནག་པོའི་ཡུལ་དུ་གནས་ལ་འགྲོ་འདོད་མཁན་སུ་ཞིག་ཡོད་ངེས། ནེའུ་ཆུང་གིས་རང་ཡུལ་ཞི་འཇགས་དང་འབངས་མི་བདེ་སྐྱིད་ཀྱི་ཆེད་རང་ཉིད་བློས་གཏོང་ཕོད་པ་ལས། མོའི་རང་རྒྱུད་དུ་གཞན་ཕན་ལྷག་བསམ་དཀར་པོའི་འོ་མཚོ་འཁྱིལ་ཡོད་ལ། ཁ་ལེན་ཚིག་བརྩི་ཡི་ཡ་རབས་སྤྱོད་བཟང་འཛོམས་ཡོད་པའི་བུ་མོ་ཞིག་གི་སྣང་བརྙན་གཞི་ནས་རྟོགས་ཐུབ།
སྡོམ་བྱང་།
ང་ཚོ་བོད་ཀྱི་ཁ་རྒྱུན་དུ་མི་ཚེ་སྟོང་ཟད་གཏོང་ན་གེ་སར་སྒྲུང་ལ་ལྟོས་ཞེས་པའི་བཤད་རྒྱུན་སྔོན་ཆད་གྲགས་མྱོང་མོད། འོན་ཀྱང་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གླིང་སྒྲུང་གི་སྐོར་ལ་ཞིབ་འཇུག་བགྱིད་མཁན་དགོང་མོའི་སྐར་ཚོགས་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེའི་གཞལ་མེད་ཀྱི་རིན་ཐང་རྟོགས་མཁན་དང་གསེར་ངོ་གསེར་དུ་ཤེས་མཁན་ཡང་མང་དུ་འབྱུང་བཞིན་མཆིས་པ་ན། གྱི་ན་བ་ཕྲན་གྱིས་ཀྱང་གླིང་སྒྲུང་ལས་ཚབ་མཚོན་རང་བཞིན་གྱི་སྒྲུང་དཔེ་སྟེ《ཧོར་གླིང་གཡུལ་འགྱེད》ལ་ཐེངས་དུ་མར་མཇལ་བའི་མྱོང་ཚོར་དང་སྦྲགས་དེའི་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་སྐོར་ལ་དཔྱད་པ་ཐུང་ངུ་ཞིག་བཏང་ཡོད། ཡིན་ཡང་། སློབ་བུ་ངའི་སྦྱངས་སྟོབས་ཀྱི་ཡོན་ཏན་དང་སྐྱེ་སྟོབས་ཀྱི་ཤེས་རབ་ཞན་ལ། གཞུང་ལུགས་སྐོར་གྱི་དཔེ་ཆ་བལྟས་པ་ཉུང་བ་སོགས་ཀྱིས་རྩོམ་འདིར་གཞན་གྱིས་བརྗོད་མ་མྱོང་བའི་ལྟ་ཚུལ་གསར་བ་དང་ལམ་བུ་གསར་བ་ཞིག་བཏོན་ཐུབ་མེད་པས་ཕངས་སེམས་དང་ནོངས་འགྱོད་ཀྱིས་ཀུན་ནས་ཁེངས་ཡོད། དེ་ལས་ཀྱང་རྩོམ་འདི་འབྲི་བའི་གོ་རིམ་ཁྲོད་སྒྲུབ་བྱེད་ཀྱི་ལུང་རིགས་དང་གསལ་བྱེད་ཀྱི་དཔེ་བཅས་ཀྱི་རྒྱབ་རྟེན་གཙང་མ་ཞིག་ཀྱང་དབེན་པས། མ་རྟོགས་ལོག་རྟོག་གི་ཉོག་བཤད་དང་ཚིག་དོན་སྔ་ཕྱི་འགལ་བ་བྱུང་བ་ལ་སོགས་ཀྱི་ནོར་འཁྲུལ་བགྲང་གིས་མི་ལང་བ་ཞིག་བྱུང་ཡོད་པ་ནི་བཤོལ་ཐབས་བྲལ་བས། བློ་གྲོས་ཀྱི་མཁྱེན་དཔྱོད་ཡངས་ཤིང་བློ་གཟུ་བོར་གནས་པ་དག་གིས་སྐྱོན་བརྗོད་དང་དགོངས་འཆར་ལྷུག་པར་སྩོལ་རོགས་ཞུའོ།།
(རྩོམ་པ་པོ་ངོ་སྤྲོད། ལྷ་མོ་ཚེ་རིང་། ཕ་ཡུལ། མཚོ་སྔོན་ཞུན་ཧྭ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པ། )
(མཛུབ་སྟོན་དགེ་རྒན། གོ་ཤུལ་གྲགས་པ་འབྱུང་གནས།)
①རིན་ཆེན་བཀྲ་ཤིས། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད། [M]བསྐྱར་དཔར། 1998ལོར་པར། ཤོག་ངོས་29
①གཅོད་པ་དོན་གྲུབ། གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་ལ་དཔྱད་པ། [J]ཀྲུང་གོའི་བོད་རིག་པ། 2013ལོའི་ཟླ་4པར་པར། ཤོག་ངོས་l46
①རིན་ཆེན་བཀྲ་ཤིས། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད། [M]བསྐྱར་དཔར། 1998ལོར26
①ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་745-746
①གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་21
①གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་32
②གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་5l
①གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་496
②ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་740
①ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་1087
②ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་1090
③ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་l097
①ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་1280
②ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར ། ཤོག་ངོས་1284
①གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་56l
①གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་28
②ཆབ་འགག་རྟ་མགྲིན་གྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་745-746
③གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་447
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1