༄༅།། དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་མི་ཚེའི་ལོ་རྒྱུས་ལ་ཅུང་ཟད་དཔྱད་པ།
གླིང་ཚ་སྙིང་རྒྱལ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-12
གླིང་ཚ་སྙིང་རྒྱལ་འབུམ།
【ནང་དོན་གནད་བསྡུས།】དགེ་སློང་སྦ་ཡེ་ཤེས་དབྱངས་ནི་སློབ་དཔོན་པདྨ་འབྱུང་གནས་ལས་རབ་ཏུ་བྱུང་ཞིང་ཆོས་ལ་སྦྱངས་ཏེ། དམ་པའི་ཆོས་ཀྱི་བསྟན་བཅོས་མང་པོ་བོད་ལ་བསྒྱུར་ཅིང། སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་གྲུབ་པའི་སར་གཤེགས། སྐུ་ཚེ་སྨད་ལ་མདོ་སྨད་མཐའ་མཚམས་སུ་ཕེབས་ནས་བསྟན་པ་སྤེལ་ཞིང་། རྒྱ་བོད་མཇལ་འདུམ་གྱི་ལས་འགོ་བཟུང་བ་དང་། ཕྱིས་སུ་རྒྱའི་བསམ་གཏན་པའི་ལུགས་ཉམས་སུ་བླངས་ནས་ཐེག་པ་ཆེན་པོ་ཚུལ་གཅིག་པའི་ལྟ་བ་གསར་དུ་བཏོན་ཚུལ་བརྗོད་པ་བཅས་དང་འབྲེལ་ནས་ཁོང་གི་མི་ཚེ་ལ་སྤྱིའི་ཆ་ནས་གདེང་འཇོག་ཅུང་ཟད་བྱས་ཡོད།
【གནད་ཚིག】སྦ་ཡེ་ཤེས་དབྱངས། མི་ཚེའི་ལོ་རྒྱུས། གདེང་འཇོག
བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་དགེ་སློང་སྦ་ཡེ་ཤེས་དབྱངས་ནི་རྗེ་འབངས་ཉེར་ལྔའི་ནང་གསེས་དང་། ཡིག་མཁན་མི་བརྒྱད་ཀྱི་ཡ་གྱལ་ཡིན་པ་སོགས་ལོ་རྒྱུས་ཟུར་ཙམ་ལས་མི་གསལ་མོད། ཕྱིས་སུ་མདོ་ཁམས་ས་ཆར་གསར་རྙེད་བྱུང་བའི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་སྐོར་ཞིག་ལས་དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་མཚན་འདི་ཐེངས་གསུམ་ལ་བྱུང་ཞིང་། ཏུན་ཧོང་ཡིག་རྙིང་ལས་དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་ལོ་རྒྱུས་གསལ་བའི་ཡིག་ཆ་ཞིག་ཀྱང་ཡོད་པ་དག་གུང་བསྒྲིགས་ནས་བལྟས་ན། དགེ་སློང་སྦ་ཡེ་ཤེས་དབྱངས་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ནས་མངའ་བདག་ཁྲི་རལ་བ་ཅན་བར་གྱི་རྒྱལ་རབས་བཞིའི་རིང་གི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ལྷག་དོན་བྲག་བརྐོས་ཡི་གེ་དག་གི་ནང་དོན་ལ་དཔགས་ན་ཁོང་ནི་སྐབས་དེའི་ཆོས་ལུགས་ཀྱི་ཚབ་བྱེད་མི་སྣར་བགྲང་རུང་བ་ཞིག་དང་། ལོ་རྒྱུས་ཀྱི་གནད་དོན་གཞན་སེལ་བྱེད་ཀྱི་གསང་བའི་ལྡེ་མིག་ལྟ་བུ་ཞིག་ཏུ་འཁུམས་པས། འདིར་ཁོང་གི་མི་ཚེའི་ལོ་རྒྱུས་ཐད་ནས་ཅུང་ཟད་གླེང་བར་བྱ་བ་ལ།
གཅིག རིགས་རུས་དང་མཚན་གྱི་རྣམ་གྲངས།
དགེ་སློང་སྦ་ཡེ་ཤེས་དབྱངས་ནི་སྤྱི་ལོ་༧༥༨ལོར་སྐུ་འཁྲུངས་ཤིང་སློབ་དཔོན་ལས་རབ་ཏུ་བྱུང་སྟེ། ལུང་དང་མན་ངག་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་མཆིམས་ཕུའི་ཡང་དབེན་སོགས་སུ་གདམས་པ་ཐུགས་ཉམས་སུ་བསྟར་ལ། སློབ་དཔོན་གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་ནས་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔའི་ནང་གསེས་ཏེ། “ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །”[1]ཞེས་ཁོང་ནི་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་གྲུབ་པ་བརྙེས་པ་ཞིག་ཡིན་པར་མ་ཟད། “གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །”[2]ཞེས་དང་། “ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང༔ ནམ་མཁའི་སྙིང་བོ་ཨཱ་ཙར་ཡེ་ཤེས་དབྱངས༔”[3]ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཟབ་གཏེར་ཡི་གེར་འགོད་མཁན་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་ཀྱི་ཡ་གྱལ་ཡང་ཡིན་པར་གྲགས། དགེ་སློང་ཡེ་ཤེས་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ལ་ལོ་རྒྱུས་ཡིག་ཚང་དག་ལས་སྦ་ཡེ་ཤེས་དབྱངས་དང་། པ་གོར་ཡེ་ཤེས་དབྱངས། སྤུག་ཡེ་ཤེས་དབྱངས། དགོར་ཡེ་ཤེས་དབྱངས། དབའས་ཨ་ཙརྱ་ཡེ་ཤེས་དབྱངས་སོགས་འབྲི་ཚུལ་མི་མཐུན་པ་མང་ལ། ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་P.T0096ལས་དགེ་སློང་སྤུག་ཡེ་ཤེས་དབྱངས་ཞེས་བྱུང་བ་ཡིག་ཆ་འབྲི་མཁན་གྱི་སྒྲའི་གདངས་ལས་སྦ་ལ་སྤུག་ཅེས་བྲིས་སམ་སྙམ་ཞིང་། བཙན་པོའི་དུས་སུ་ཡིག་ཆའི་མ་ཡིག་གཅིག་བུ་ཡིག་དུ་མར་བཤུ་བ་ལ་ཡིག་མཁན་སོ་སོས་གདོན་པའི་སྒྲའི་ཁྱད་པར་གྱིས་ཡི་གེ་འབྲི་སྟངས་ཀྱང་མི་འདྲ་བར་ཡོད་པ་དགེ་སློང་ཁོང་དང་དུས་མཉམ་པའི་ཆོས་བློན་སྦ་གསལ་སྣང་ལའང་དབའ་གསལ་སྣང་དང་། དེའི་བཞེད་པར་གྲགས་པའི་སྦ་བཞེད་ལ་རྦ་བཞེད་དང་།དབའ་བཞེད་སོགས་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད་པས་རྟོགས་ནུས་ལ། ཆབ་མདོའི་བྲག་གཡབ་ཀྱི་ལྡན་མའི་བྲག་བརྐོས་ཡི་གེ་ལས་མཁན་པོ་དགོར་ཡེ་ཤེས་དབྱངས་ཞེས་བྱུང་བ་ནིེ། སྤེན་མདོ་ལུང་བའི་རྡོ་སྐུ་ལྷ་ཁང་གི་བྲག་བརྐོས་ཡི་གེ་ལས་དགེ་སློང་པ་གོར་ཡེ་ཤེས་དབྱངས་ཀྱིས་བགྱྀས་ཞེས་གསལ་བོར་འཁོད་པ་ལས་དགོར་དང་པ་གོར་གཉིས་ཀྱི་འབྲི་ཚུལ་བསྡུར་ནས་གཞིགས་ན་དགོར་ནི་པ་གོར་བྲིས་ནོར་ཐེབས་པ་ལས་བྱུང་བ་མངོན་གསལ་ཡིན་ཞིང་། པ་གོར་ནི་བོད་ལྗོངས་སྙེ་མོའི་ཕྱོགས་ཀྱི་ས་མིང་ཞིག་སྟེ། བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མཆོག་པ་གོར་བེེ་རོ་ཙ་ནའི་སྐོར་གྱི་དཔྱད་བརྗོད་ལས། “པ་གོར་ནི་དུས་ཕྱིས་ཀྱི་མཁས་པ་ཚོས་ཡུལ་གྱི་མིང་བེེ་རོ་ཙ་ནའི་མཚན་གྱི་གོང་དུ་སྦྱར་བ་ཞིག་ཡིན་ཏེ། དེ་ཡང་ཐོག་མར་བསམ་ཡས་སུ་ཕེབས་སྐབས་སྙེ་མོའི་པ་གོར་ནས་རྡོག་ཐོན་གནང་བ་ཡིན་པས་སོ་[4]”ཞེས་གསུངས་པས། དགེ་སློང་ཡེ་ཤེས་དབྱངས་ཀྱང་སྙེ་མོའི་པ་གོར་གྱི་ཕྱོགས་སུ་འཁྲུངས་པས་མཚན་གྱི་དབུ་ལ་པ་གོར་ཞེས་བྲིས་སམ་སྙམ་པས་དཔྱད། གུ་བཀྲའི་ཆོས་འབྱུང་དུ་“འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་།ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་བྲི་བའང་སྣང་”[5]ཞེས་མཚན་ལ་དོགས་སེལ་ཞིག་ཞུས་འདུག་ཀྱང་དགེ་སློང་ཡེ་ཤེས་དབྱངས་སྔགས་མཁན་རྣལ་འབྱོར་བ་ཞིག་ཡིན་པའི་ཆ་ནས་ཨ་ཙ་ར་ཞེས་བརྗོད་པར་གསལ་མོད། ཁོང་གི་རུས་དངོས་ནི་པད་མ་བཀའ་ཐང་ལས་དབའས་ཨཱ་ཙརྱ་ཡེ་ཤེས་དབྱངས་ཞེས་འཁོད་པ་བཞིན་སྦའམ་དབའ་ཡིན་པ་བསྙོན་དུ་མེད་དོ། །
སྦའམ་དབའི་རུས་རྒྱུད་ནི་བོད་ཆེན་པོའི་རྒྱལ་ཁབ་གཅིག་གྱུར་མ་བྱས་སྔོན་དུ་ཡོད་པའི་རུས་རྒྱུད་རྙིང་བ་ཞིག་ཡིན་ཏེ། ལོ་རྒྱུས་དེབ་ཐེར་ལས་རྒྱལ་ཕྲན་སིལ་མ་བཅུ་གཉིས་གླེང་དུས་“ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས་”[6]ཞེས་བྱུང་བ་ལྟར་སྦའི་རུས་རྒྱུད་ནི་ཐོག་མར་འོ་ཡུལ་གྱི་རྗེ་བོ་ཟིན་བྲང་ཚའི་བློན་གྲས་སུ་གཏོགས་པའི་རུས་ཚན་ཞིག་ཡིན་ཞིང་། ཡར་ཀླུང་རྒྱལ་ཕྲན་གསུམ་གྱི་སྐབས་སུ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་དབང་འོག་ཏུ་འདུས་པའི་ཚེ། ཁྲལ་དཔོན་དབའས་བཤོས་ཏོ་རེ་ཁྲུ་གུ་དང་གཤེན་བཞེར་འདྲོན་ཀོང་གཉིས་འཕྲེན་པའི་རྫིང་ཀར་འཐབ་སྟེ་དབས་བསད། དབའས་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟིང་པོ་རྗེ་ཁྲི་པངས་གསུམ་ལ་ནུ་བོ་དབའས་བཤོས་ཏོ་རེ་ཁྲུ་གུ་བསད་པའི་སྟོང་འཇལ་དགོས་པའི་ཞུ་གཏུག་བྱས་ཀྱང་ཟིང་པོ་རྗེས་མ་གསན་པར་རྐྱེན་བྱས་ཏེ། དབའས་ཕངས་ཏོ་རེ་དབྱི་ཚབ་སོགས་ངོ་ལོག་ནས་གནམ་རི་སྲོང་བཙན་ལ་མགོ་བཏགས་ཤིང་། བོད་བཙན་པོའི་རྒྱལ་རབས་གཅིག་གྱུར་ལ་རྨང་འདིང་བར་བྱས་རྗེས་ཀྱང་མང་པོ་བསྐྲུན། དེ་བས་གནམ་རི་སྲོང་བཙན་གྱི་སྐབས་ནས་བཟུང་སྦའམ་དབའས་ཡི་རུས་རྒྱུད་འདི་བོད་བཙན་པོའི་སྲིད་ཀྱི་ལས་སུ་ཞུགས་ནས་རིམ་བཞིན་དབའས་ཁྲི་སུམ་རྗེ་རྩང་བཞེར་དང་། དབའས་སྟག་སྒྲ་ཁོང་ལོད། དབའས་སྣང་བཞེར་ཟུ་བརྩན་སོགས་བློན་ཆེན་པོའི་གོ་གནས་འཛིན་མཁན་མང་དུ་བྱུང་ཡོད་པ་དང་། ཆོས་བློན་ཀྱང་སད་མི་བདུན་གྱི་ཡ་གྱལ་སྦ་གསལ་སྣང་སོགས་ཀྱིས་མཚོན་བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་དབང་ཐང་ཆེས་ཆེ་བའི་རུས་རྒྱུད་ཅིག་ཏུ་གྱུར་ཡོད།
གཉིས། ལོ་ཙཱ་བསླབས་ནས་དམ་ཆོས་བསྒྱུར་བ།
སྤྱིི་ལོ་༧༦༢ལོར་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་ནང་བའི་བསྟན་པ་བོད་དུ་སྤེལ་བ་ལ་བཀའ་བགྲོས་གནང་ཞིང་། རིམ་བཞིན་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་། སད་མི་བདུན་རབ་ཏུ་བྱུང་བ་སོགས་བོད་དུ་དམ་པའི་ཆོས་དར་ཞིང་འཕེལ་བར་མཛད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་གསོ་སྐྱོང་ལ་དམིགས་ཏེ་“བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པ༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམ༔ མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱི༔ ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱི༔ ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགས༔ བློ་གསལ་གཡེར་ཞིང་དྲན་པ་གཞུངས་མང་བསྡུས༔”[7]ཞེས་བོད་ཡུལ་རུ་བཞིའི་བྱིས་པ་ལོ་བརྒྱད་ནས་བཅོ་བརྒྱད་བར་གྱི་གཟུགས་ཁམས་བདེ་ཞིང་། དབང་པོ་ལྔ་ལ་སྐྱོན་མེད་པ། རིག་པ་གསལ་བ། དྲན་ཤེས་བརྟན་པ། སྙིང་རུས་ཆེ་བ་ཀུན་བསགས་ནས་ལོ་ཙཱ་བསླབས། དེ་དག་ལ་འཚོ་བའི་ཐོབ་ཐང་ནི་“བློན་པོ་ཆེན་པོ་ཀུན་དང་མཉམ་”[8]པར་བྱས་པའི་དམིགས་བསལ་གྱི་མཐུན་རྐྱེན་ཡང་མཛད།
པདྨ་བཀའ་ཐང་ལས་སྐབས་དེར་དངོས་སུ་བསྡུ་ལེན་གནང་བའི་ལོ་ཙཱ་བའི་མཚན་ཐོ་སྐོར་འཁོད་དུས་“སོག་པོ་དཔལ་ཡེ་ཨཱ་ཙར་ཡེ་ཤེས་དབྱངས། །”[9]ཞེས་དགེ་སློང་ཡེ་ཤེས་དབྱངས་ཀྱང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་དུ་འདུས་ཡོད་ཅིང་།“ བེེ་རོ་ཙ་ན་ཀླུའི་དབང་མེས་བཀོལ་གསུམ༔ ལོ་ཙཱ་ཆེ་གསུམ་ཡིན་ཏེ་ཆུང་གསུམ་ནི༔ སྐ་པ་རྨ་རིན་སྦ་མི་ཁྲི་གཞེར་གསུམ༔ འབྲིང་གསུམ་གཉགས་བན་ཛྙཱ་ཀུ་མཱ་ར༔ ཞང་ལོ་སེ་བཙན་ཤུད་བུ་ཁོང་སླེབ་གསུམ༔ རྒན་པ་གསུམ་ནི་ལྷ་ལུང་ཡུལ་སྐོང་དང༔ ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན༔ གཞོན་པ་གསུམ་ནི་གཡུ་སྒྲ་སྙིང་པོ་དང༔ ལེགས་སྦྱིན་ཉི་མ་ནམ་མཁའི་སྙིང་པོའོ༔ མཆན་བུ་ཡོན་ཏན་སྙིང་པོ་རྩེ་མང་དང༔ དེ་བ་བྱང་སྙིང་དམ་པ་འདུལ་ལ་སོགས༔ འདིར་མ་བཀོད་པ་གཞན་དག་ཐམས་ཅད་དོ༔[10]ཞེས་དང་། “ལོ་ཙཱ་བ་མཆན་བུ་ལྡན་མ་རྩེ་མང༔ གནུབས་ནམ་མཁའི་སྙིང་པོ༔ དབའས་ཨ་ཙརྱ་ཡེ་ཤེས་དབྱངས༔ འགོས་བོམ་སྤྲུ་འབྱིན༔ ལི་ཀྱི་ཆུང་༔”[11]ཞེས་དུས་སྐབས་དེར་ལོ་ཙཱ་བ་དག་ཞུས་ཆེན་དང་ཞུས་ཆུང་། མཆན་བུ་བཅས་རིམ་པ་གསུམ་དུ་དབྱེ་བ་ལས་དགེ་སློང་ཡེ་ཤེས་དབྱངས་ནི་མཆན་བུའི་ལོ་ཙཱ་བ་ཡིན་པ་དངོས་ཤུགས་གང་རུང་ནས་རྟོགས་ནུས། འོ་ན་དགེ་སློང་ཡེ་ཤེས་དབྱངས་ཀྱིས་དམ་པའི་ཆོས་ཀྱི་བསྟན་བཅོས་གང་དག་བསྒྱུར་རམ་སྙམ་ན། བསྟན་འགྱུར་དཀར་ཆག་ཏུ་དགེ་སློང་ཡེ་ཤེས་དབྱངས་ཀྱིིས་དམ་པའི་ཆོས་བསྒྱུར་བའི་བསྒྱུར་བྱང་མི་གསལ་མོད། པདྨ་བཀའ་ཐང་ལས་།“ སྒྲ་བསྒྱུར་ཕུལ་ཕྱིན་བེེ་རོ་ཙཱ་ན་དང༔ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉི༔ ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང༔ ནམ་མཁའི་སྙིང་པོ་ཨཱ་ཙར་ཡེ་ཤེས་དབྱངས༔ སྙིང་སྟོབས་དང་ལྡན་རྒྱས་བསྡུས་མང་ཞིག་བསྒྱུར༔ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང༔ བསྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུར༔”[12]ཞེས་དང་། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། སློབ་དཔོན་པདྨ་འབྱུང་གནས་དང་། སྤ་གོར་བེེ་རོ་ཙ་ན་དང་། སྣུབས་ནམ་མཁའི་སྙིང་པོ་དང་། སྦ་ཡེ་ཤེས་དབྱངས་དང་། དཔོན་སློབ་ཀུན་གྱིས་ལྷ་མ་སྲིན་སྡེ་བརྒྱད་ལ་དཀར་པོ་གིང་། ནག་པོ་བདུད། དམར་པོ་བཙན། སྲོག་གཅོད་གནོད་སྦྱིན། ཤན་པ་སྲིན་མོ། ནད་གཏོང་མ་མོ། དྲག་པོ་གཟའ། གདུག་པ་ཀླུ་དེ་རྣམས་ཀྱི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ། ཁྱད་པར་དུ་བསྟན་པ་སྤྱིའི་སྲུང་མ་དཔལ་མགོན་ནག་པོ་དང་། དཔལ་ལྷ་མོ་ནག་པོ་དང་། སྔགས་སྲུང་ནག་སྨུག་རྣམ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བསྒྱུར་[13]ཞེས་འབྱུང་བས། དགེ་སློང་ཡེ་ཤེས་དབྱངས་ཀྱིས་དམ་པའི་ཆོས་ཀྱི་བསྟན་བཅོས་གང་དང་ཅི་འདྲ་བསྒྱུར་བ་བྱེ་བྲག་ཏུ་མི་གསལ་ཡང་ཁོང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མཆན་བུ་ལོ་ཙཱ་བ་ཡིན་པ་དང་ཆོས་ཀྱི་བསྟན་བཅོས་མང་པོ་བསྒྱུར་བ་ནི་ཤིན་ཏུ་གསལ་ལོ། །
གསུམ། མདོ་སྨད་དུ་ཕེབས་པ།
རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་བསམ་ཡས་གཙུག་ལག་ཁང་ཉམས་གསོ་བྱས་ཤིང་། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་དུ་བཞེངས། དམ་པའི་ཆོས་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ལ་བཀོད་ནས་བཀས་བཅད་མཛད་པ་སོགས་ཡབ་མེས་ཀྱི་ལུགས་བཟང་རྒྱུན་འཁྱོངས་བྱས་ཤིང་སངས་རྒྱས་ཆོས་ལུགས་བོད་དུ་འཕེལ་བ་ལ་གཙིགས་ཆེན་གནང་བ་མ་ཟད། སྒོས་སུ་ཁོང་ཉིད་སྐུ་ན་ཆུང་དུས་བློན་པོ་རྣམས་ཀྱི་འགལ་བ་དང་འཐབ་རྩོད་ཀྱི་ཀློང་ནས་མྱང་ཏིང་འཛིན་བཟང་པོ་ལ་སོགས་པའི་ཆོས་ལ་དགའ་བའི་བློན་པོ་རྣམས་ཀྱིས་རྒྱབ་སྐྱོར་འོག་སྲིད་ཀྱི་ཁྲི་ལ་འཛེགས་པ་ཡིན་པས། དེའི་བཀའ་དྲིན་དང་མཛད་རྗེས་ལ་གཟེངས་སུ་བསྟོད་པའི་ཆེད་དུ་ཞལ་བཞེས་ཀྱི་ཡི་གེ་སྔ་ཕྱི་ལན་གཉིས་གནང་ཞིང་ནང་དོན་རྣམས་རྡོ་རིང་ལ་བརྐོས་ཏེ་མི་འགྱུར་བར་གཡུང་དྲུང་གི་ཚུལ་དུ་བརྟན་འཇགས་སུ་བཏང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དགེ་སློང་རྣམས་སྲིད་ཀྱི་གྲོས་ལ་ཞུགས་པ་ལས་བློན་ཆེན་པོའི་གོ་གནས་བཟུང་མེད་པ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་ཆེན་པོའི་དབང་ཆ་འཛིན་དུ་བཅུག་ཅིང་། རྒྱ་བོད་གཉིས་ཀྱི་མཇལ་འདུམ་ཡང་དགེ་སློང་གི་སྡེ་ཡིས་དབུ་འཛིན་གནང་ཡོད་པས་ཀྱང་སྐབས་དེར་བསྟན་པ་གཙུག་ཏུ་བཀུར་ཞིང་དགེ་སློང་གི་སྡེ་ལ་མཐོང་ཆེན་ག་འདྲ་གནང་ཡོད་ཚུལ་ཤེས་ནུས། གནས་ཚུལ་དེ་ལྟ་བུའི་འོག་ཏུ་དགེ་སློང་སྦ་ཡེ་ཤེས་དབྱངས་དགུང་ལོ་ལྔ་བཅུ་ལྷག་ཙམ་ན་མདོ་སྨད་མཐའ་མཚམས་སུ་ཕེབས་ནས་ནང་བའི་བསྟན་པ་སྤེལ་བ་སྟེ། བྲག་གཡབ་ལྡན་མའི་བྲག་བརྐོས་ཡི་གེ་ལས།“ ཡེ་ཤེས་དབྱངས་ཀྱིས་ཡོལ་དང་ཀློང་དང་འབོམ་དང་ལེད་XXབོའུ་ད་ཡང་རྒྱ་ཆེ་བྲིས་སོ་”[14]ཞེས་བྱུང་བ་དང་། དགེ་སློང་སྦ་ཡེ་ཤེས་དབྱངས་ལྡན་མའི་ཡུལ་དུ་མ་ཕེབས་གོང་ཡོལ་དང་། ཀློང་སོགས་སུ་ཕེབས་ནས་བྲག་ངོས་ལ་སངས་རྒྱས་ཀྱི་སྐུ་གཟུགས་སམ་མདོ་སོགས་གང་རུང་བརྐོས་ཏེ་བསྟན་པ་སྤེལ་ཚུལ་གསལ་བས། ཁོང་མདོ་སྨད་ཕྱོགས་སུ་ཕེབས་པའི་ལོ་ནི་སྤྱི་ལོ་༨༠༤ལོའི་སྔོན་ཡིན་པར་ར་སྤྲོད་བྱུང་ཡོད། ཡོལ་དང་ཀློང་། འབོམ་སོགས་ནི་མདོ་སྨད་ཀྱི་ཁོངས་སུ་འདུས་པ་ཙམ་ལས་ཡུལ་གྱི་བྱེ་བྲག་གང་ལ་ངོས་འཛིན་དགོས་ཚུལ་ཞིབ་འཇུག་པའི་སྡེ་རུ་བཤད་ཚུལ་མི་མཐུན་པ་མང་སྟེ། ཀློང་དང་ལེད་XXབོའུ་གཉིས་ནི་ས་ཆ་གང་ཡིན་ཤེས་དཀའ་ཞིང་། ཡོལ་ནི་ལོ་རྒྱུས་ཞིབ་འཇུག་པ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་ཁྲི་འདུས་སྲོང་གིས་འཇང་ཡུལ་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ལ་གཞིགས་ནས་སི་ཁྲོན་རྔ་བའི་ཁོངས་སུ་ཡོད་པར་བཤད། འབོམ་ནི་མཁས་པ་འགའ་ཤས་ཀྱིས་ཡུལ་ཤུལ་གྱི་འབིས་ཁོག་ལ་ངོས་བཟུང་ཡོད་ན་ཡང་། ཇོ་སྲས་བཀྲ་ཤིས་ཚེ་རིང་གིིས་དེང་གི་སྨར་ཁམས་རྫོང་གི་ཤར་ངོས་སུ་ཡོད་པའི་ལྷ་འདུས་རྣམ་སྣང་ལ་འབོམ་རྣམ་སྣང་ཞེས་འབོད་སྲོལ་ཡོད་པར་བཤད་ཀྱང་ད་དུང་མུ་མཐུད་དུ་བརྟག་བྱའི་གནས་སུ་འདུག་གོ ། སྐབས་དེར་བྲག་ངོས་སོགས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་སྨོན་ལམ་གྱི་མདོ་སོགས་བཞེངས་པ་ནི་མི་དཀྱུས་མ་ཞིག་གིས་གང་འདོད་དུ་བྲིས་ཆོག་པ་ཞིག་མིན་པར་རྒྱལ་པོས་བཀས་བཅད་ཅིང་། ཆེད་དུ་རྩ་འཛུགས་ཡོད་པའི་སྒོ་ནས་ལས་དེར་འཇུག་པ་ཡིན་པས། དེ་ནི་དུས་སྐབས་དེར་བོད་བཙན་པོའི་དབང་བསྒྱུར་བའི་ཡུལ་གྲུ་དག་ལ་སངས་རྒྱས་ཆོས་ལུགས་ཡོངས་ཁྱབ་ཏུ་སྤེལ་བའི་ཐབས་ཇུས་ཤིག་ཀྱང་ཡིན། དེར་བརྟེན་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་དངོས་སུ་བཀའ་ཆེན་པོ་ལ་གཏོགས་པའི་དགེ་སློང་བྲན་ཀ་དཔལ་གྱི་ཡོན་ཏན་དང་ལྷོ་དོན་དམ། བློན་ཆེན་ཁྲི་ཟུར་རམ་ཤགས། ནང་བློན་ཁྲི་སུམ་བཞེར་མདོ་བརྩན་སོགས་ལ་རྒྱ་དང་མཇལ་འདུམ་བྱེད་པའི་བཀའ་སྩལ་ཏེ། སྦ་ཡེ་ཤེས་དབྱངས་དང་མཁན་པོ་ནམ་མཁའི་སྙིང་པོ་སོགས་དགེ་སློང་གི་སྡེ་ཡིས་ཁམས་ལྡན་མ་བྲག་ཏུ་མཇལ་འདུམ་གྱི་ལས་འགོ་བཟུང་ཞིང་། བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕྱིར་ཏུ་སྤྱིི་ལོ་༨༠༤ལོར་ཁམས་ཀྱི་ལྡན་མ་བྲག་ཏུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། སྟོན་པ་གཙོ་འཁོར་དགུའི་སྐུ་གཟུགས། དེའི་ཞབས་སུ་གཙིགས་ཀྱི་ཡི་གེ་བཅས་བཞེངས། དེའི་རྗེས་ཀྱི་ལོ་གཉིས་པ་སྟེ་༨༠༦ལོར་ཡུལ་ཤུལ་འབིས་ཁོག་ཏུ་དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱིས་དབུ་འཛིན་གནང་འོག་དགེ་སློང་རིན་ཆེན་སྣང་མཛད་དང་། དཔལ་ལྡན་སོགས་ཀྱིས་སྟོན་པ་གཙོ་འཁོར་དགུ་སོགས་རྟེན་དང་། དེའི་ནང་དོན་དང་མཐུན་པའི་གསུང་བཟང་པོ་སྤྱོད་པའི་སྨོན་ལམ་རྣམས་བྲག་ལ་བརྐོས་ནས་ཁྲི་སྲོང་ལྡེ་བཙན་རྗེ་བློན་ཡོན་བདག་གཙོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བསྔོ་བ་དང་སྨོན་ལམ་མཛད་ཡོད། མི་རིང་བར་གནའ་རབས་མི་རིགས་མང་པོའི་རིག་གནས་བརྗེ་རེས་ཀྱི་འགག་སྒོར་གྱུར་བའི་ཏུན་ཧོང་ས་ཆའམ་དེ་དང་ཁད་ཉེ་བའི་སྤེན་མདོ་ལུང་བའི་བྲག་ངོས་སུ་“བཙན་པོའི་སྐུ་ཡོན་དང་།སེམས་ཅན་གྱྀ་དོན་གྱི་ཕྱིར་[15]”སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་གཟུགས་སོགས་བརྐོས་ཤིང་། བསྟན་པ་དར་བར་མཛད་རྗེས་མི་དམན་པ་བསྐྲུན། དེ་ལས་མཐོང་ཐུབ་པ་ནི་ཕྱོགས་གཅིག་ནས་དགེ་སློང་ཡེ་ཤེས་དབྱངས་སོགས་ཀྱིས་མདོ་སྨད་མཐའ་མཚམས་སུ་བྲག་ངོས་ལ་སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སོགས་བརྐོས་ཏེ་དམ་པའི་ཆོས་རྒྱ་ཆེར་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་དམག་འཁྲུག་རྒྱུན་མི་ཆད་པས། ཕྱོགས་གཉིས་ཀར་མཐའ་མཚམས་བདེ་ལ་འགོད་པ་དང་། སླར་ཡང་འདུམ་བྱེད་པའི་རེ་བ་བཅོས་མིན་དུ་ཡོད་ཕྱིར་བཙན་པོས་བཀས་བསྐུལ་བ་ལྟར་མདོ་སྨད་དུ་ཕེབས་པ་གསལ་ཞིང་། བྲག་བརྐོས་ཡི་གེ་ལས་“རྒྱ་དང་མཇལ་དུམ་ཀྱྀ་འགོའ་བརྩམས་པའྀ་ལས་ལ་”[16]ཞེས་པས་རྒྱ་བོད་གཉིས་ཀྱི་མཇལ་འདུམ་དབུ་བསླངས་པ་ཙམ་ལས་དངོས་སུ་མཇལ་འདུམ་གནང་བ་མིན་པར་ཡང་ཤེས་ཐུབ་པས། རྗེས་ཀྱི་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སྐབས་སུ་བྱུང་བའི་ཁྲང་ཆིན་མནའ་འབྲེལ་ནི་དུས་ཡུན་རིང་བོ་ཞིག་ལ་གྲ་སྒྲིག་གནང་བ་མིན་ནམ་སྙམ།
བཞི། བསམ་གཏན་པའི་ཆོས་ལ་སྦྱངས་ཚུལ།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་ཞི་འཚོ་ཡབ་སྲས་ནས་བརྒྱུད་པའི་རིམ་ཅན་པ་དང་རྒྱའི་བསམ་གཏན་པའི་མཁན་པོ་མ་ཧཱ་ཡ་ན་ནས་བརྒྱུད་པའི་ཅིག་པར་པ་ཞེས་པའི་ཆོས་ཀྱི་ལྟ་བ་འཛིན་མཁན་ལུགས་གཉིས་བྱུང་ཞིང་། རྒྱལ་པོས་ཀྱང་དེ་ལ་གཙིགས་ཆེན་བྱས་ནས་ལྟ་བ་གཉིས་ལས་གང་ཞིག་ཡིད་ཆེས་ཀྱི་དཔང་བོར་འཛིན་དགོས་མིན་ཐད་བགྲོ་གླེང་བྱེད་དུ་བཅུག་པ་ལ་ལོ་རྒྱུས་རྣམས་སུ་ཏོན་རྩེན་རྩོད་པའམ་བསམ་ཡས་ཆོས་རྩོད་ཆེན་མོ་ཞེས་གྲགས། ཧྭ་ཤང་གིས་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྩོད་སླད་བསམ་གཏན་ཉལ་བའི་འཁོར་ལོ་དང་། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་དང་ཡང་ལོན། དེ་རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤ། ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་ཅུའི་ཁུངས་སོགས་མཛད་ཅིང་། རྒྱལ་ཕམ་གྱི་ཤན་ཕྱེ་བ་ལས་རྒྱའི་བསམ་གཏན་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ན་ཕམ་པས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སླད་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་དང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕར་ཕྱིན་དྲུག་ལ་ཉམས་ལེན་བྱེད་དགོས་པ་ལས་ཧྭ་ཤང་གི་ལྟ་བ་སྤེལ་མི་ཆོག་པའི་བཀའ་ཁྲིམས་བསྒྲགས་ནས་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ཧ་ཤང་མ་ཧཱ་ཡ་ན་རྒྱ་ནག་ཏུ་བརྫངས་པར་བཤད་ཀྱང་། ཧྭ་ཤང་“ཁོང་གི་གསུང་ན་ཙོང་ཁ་ནས་བཞུགས་”[17]པར་གསུངས་པར་བརྟེན། བོད་ཀྱི་མངའ་རིས་སུ་གཏོགས་པའི་ཏུན་ཧོང་གཙོས་རྒྱ་བོད་ཀྱི་མཐའ་མཚམས་སུ་ཡུན་རིང་བཞུགས་ཏེ། སློབ་མ་མང་དུ་བསྡུས་ནས་བསམ་གཏན་པའི་ཆོས་ཤིན་ཏུ་དར་བར་མཛད་པ་དང་། ཏུན་ཧོང་ཡིག་རྙིང་P.T996ལས་བྱུང་བ་ལྟར་ན། མན་ཧྭ་ཤང་ཞེས་པས་ལོ་སུམ་ཅུ་ལྷག་གི་རིང་ལ་ཁྲི་ཀའི་ཡུལ་དུ་བསམ་གཏན་པའི་ཆོས་རྒྱུན་སྤེལ་ཞིང་། མན་ཧྭ་ཤང་རྒྱ་ཡུལ་དུ་གཤེགས་ཁར་བདེ་བློན་ཞང་ཁྲི་སུམ་རྗེ་མར་བུས་ཁོང་ལ་བཤོས་གསོལ་ཅིང་ཡོན་ཕུལ་ནས་“ཧྭ་ཤང་གཤེགས་པའྀ་སླད་ན། ཆོས་ལམ་སྟོན་ནུས་པ་སུ་མཆྀས་”[18]ཞེས་ཞུས་པ་ལ་ཐེག་པ་ཆེན་པོའི་དོན་ལ་ཅིག་ཅར་འཇུག་པའི་མན་ངག་མངའ་བའི་སློབ་དཔོན་ནམ་མཁའི་སྙིང་པོས་ཆོས་ཀྱི་ལམ་སྟོན་ནུས་ཚུལ་བརྗོད་ཡོད་པ་དང་། ནམ་མཁའི་སྙིང་པོ་ཡང་བསམ་གཏན་པའི་མཁན་པོར་བཞུགས་ནས་སློབ་མ་མང་དུ་བསྐྱངས་ཤིང་། སྐུ་གཤེགས་དུས་མཁའ་རུ་འོད་ཆེན་པོ་གཉིས་བྱུང་བ་དགེ་འདུན་ལྟམ་རྗེ་དཔལ་གྱི་རྒྱལ་མཚན་དང་། འགྭན་བློ་གྲོས་ལ་སོགས་ཀྱིས་མཐུན་པར་མཐོང་ཚུལ་བཅས་ལས་སྐབས་དེར་རྒྱའི་བསམ་གཏན་པའི་ཆོས་ལ་སྦྱངས་པའི་བོད་ཀྱི་བློན་པོ་དང་། འབངས་མི། དགེ་འདུན་པ་སོགས་མང་པོ་ཡོད་པའང་ཞར་ལ་ཤེས་ཐུབ། དེ་ལ་སྦ་ཡེ་ཤེས་དབྱངས་ཀྱིས་ཁྲི་ཀའི་ཡུལ་དུ་སློབ་དཔོན་ནམ་མཁའི་སྙིང་པོ་བསྟེན་ནས་རྒྱ་ནག་གི་བསམ་གཏན་པའི་ཆོས་ལ་སྦྱངས་པ་མ་ཟད། “ རྒྱ་གར་དང་། རྒྱ་དང་། བོད་ཀྱྀ་བསམ་གཏན་མཁན་ཉམས་ཅན་རྣམས་ཀྱི་ལུང་དང་། མན་ངག་དང་། དེ་དག་གྀ་དོན་དང་། ཐེག་པ་ཆེན་པོའྀ་མདོ་སྡེ་ངེས་པའྀ་དོན་དུ་གསུངས་པ་རྣམས་ཀྱྀ་ཁུངས་དང་ཡང་གཏུགས་ནས། ཐེ་ཙོམ་དུ་ཞུས་པའི་ལེའུ་བརྒྱ་ཅུ་རྩ་བརྒྱད་དང་། མདོ་སྡེ་བརྒྱད་ཅུའྀ་ཁུངས་ནས། ཐེ་ཙོམ་ལེའུ་རེ་རེ་ལ་ཡང་། ཁུངས་མདོ་སྡེའྀ་དོན་གཉྀས་གཉྀས་གསུམ་གསུམ་གྀས་བསྟན་ཏེ།”[19] ཐེག་པ་ཆེན་པོ་ཚུལ་གཅིག་པའི་ལྟ་བ་གསར་དུ་བཏོན་ཞིང་། “དེ་ཡང་ཐེག་པ་ཆེན་པོ་ཚུལ་གཅྀག་པ་དང་། ཚུལ་གཅྀག་པའྀ་རང་བཞྀན་དང་། དེ་བསྒོམ་པའྀ་ཐབས་དང་། ཚུལ་གཅྀག་པ་མ་རྟོགས་པའྀ་སྐྱོན་དང་། དེ་བསྒོམས་པའྀ་ཡོན་ཏན་དང་། དེའྀ་འབྲས་བུ་སྐུ་གསུམ་དང་། མྱ་ངན་ལས་འདས་པ་”[20]སྟེ་དོན་རྣམ་པ་ལྔའི་སྒོ་ནས་གསལ་བར་བྱས་པ་བཞིན་ཉམས་སུ་ཡང་བླངས། ཧྭ་ཤང་མ་ཧཱ་ཡ་ནས་མཛད་པའི་མདོ་སྡེ་བརྒྱད་ཅུའི་ཁུངས་ལ་གཞི་བཅོལ་ནས་ཐེག་པ་ཆེན་པོའི་མདོ་སྡེ་ལས་བཏུས་པ་ལེའུ་བརྒྱད་ཅུ་རྩ་བརྒྱད་པ་མཛད་པར་ལོ་རྒྱུས་སྨྲ་བ་ཚེ་རིང་ལགས་ནས་གསུངས། དེ་ལྟར་སློབ་མའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བཞིན་དགུང་ལོ་བརྒྱད་ཅུ་བཞེས་པ་ས་རྟ་སྟེ་སྤྱི་ལོ་༨༣༨ལོའི་སྟོན་ཟླ་ར་བའི་ཚེས་བརྒྱད་ལ་མདོ་སྨད་ཁྲི་ཀ་མོང་ཡོག་མདའི་ནམ་མཁའི་སྙིང་པོའི་དབེན་སར་སྐུ་གཤེགས་སོ། །
ལྔ། གདེང་འཇོག
བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ་དགེ་སློང་སྦ་ཡེ་ཤེས་དབྱངས་ནི་བསམ་ཡས་མཆིམས་ཕུར་སྒོམ་ལ་ཞུགས་ཏེ་གྲུབ་པ་བརྙེས་པའི་རྗེ་འབངས་ཉེར་ལྔའི་ནང་གསེས་དང་། ཡིག་མཁན་མི་བརྒྱད་ཀྱི་ཡ་གྱལ་ཡིན་པ། ལོ་ཙཱ་བསླབས་ནས་བསྟན་བཅོས་བསྒྱུར་བ་སོགས་སྐུ་ཚེ་སྟོད་ཀྱི་ལས་མཛད་ཙམ་ལས་བཀོད་མེད་ནའང་། ཕྱིིས་སུ་གསར་རྙེད་བྱུང་བའི་བྲག་བརྐོས་ཡི་གེ ཏུན་ཧོང་ཡིག་རྙིང་བཅས་ཀྱི་རྒྱུ་ཆ་གུང་བསྒྲིགས་ནས་བལྟས་ཚེ། དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་ཀྱག་ཀྱོག་ཆེ་བའི་མི་ཚེའི་ལོ་རྒྱུས་ཅུང་ཆ་ཚང་ཞིག་འགོད་ནུས་ཤིང་། ཁོང་གི་མི་ཚེ་ཧྲིལ་བོའི་ནང་ཆེས་གླེང་རིན་ཡོད་པ་ནི་སྐུ་ཚེ་སྨད་ཀྱི་ཆ་སྟེ། མདོ་སྨད་མཐའ་མཚམས་སུ་ཕེབས་ནས་བྲག་ངོས་སུ་སྐུ་གཟུགས་དང་མདོ་སོགས་བརྐོ་བའི་བྱེད་ཐབས་ཀྱིས་བསྟན་པ་སྤེལ་བ་ལའང་གཅིག་ནས་དགེ་སློང་སྦ་ཡེ་ཤེས་དབྱངས་ནི་སམ་བོད་རྒྱ་གསུམ་གྱི་སྐད་རིགས་ཐོགས་མེད་དུ་མཁྱེན་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་དང་། གཉིས་སུ་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་བྱུང་བ་བཞིན་ཡིག་མཁན་ཞིག་ཡིན་པ་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་ཡོད་པས། མདོ་སྨད་དུ་ནང་བའི་བསྟན་པ་བདེ་ལེགས་སུ་སྤེལ་བ་དང་། ནམ་མཁའི་སྙིང་པོ་སོགས་བསྟེན་ཏེ་རྒྱའི་བསམ་གཏན་པའི་གཞུང་ལའང་ཐོས་བསམ་སྒོམ་གསུམ་གྱི་ནུས་པས་གྲུབ་པ་བརྙེས་པའི་སློབ་དཔོན་ཞིག་ཏུ་གྱུར་བས། ཁོང་ནི་སློབ་དཔོན་པདྨ་འབྱུང་གནས་ལས་བརྒྱུད་པའི་རྒྱ་གར་གྱི་ནང་བའི་བསྟན་པ་དང་། མན་ཧྭ་ཤང་ནས་བརྒྱུད་པའི་རྒྱའི་བསམ་གཏན་པའི་སློབ་དཔོན་གྱི་ལུང་དང་མན་ངག་སྟེ། གདམས་པ་ཆུ་བོ་གཉིས་འདྲེས་ཀྱིས་བསྟན་པའི་བདག་པོ་རུ་གྱུར་སྟབས། ལོ་ཆེན་ཡེ་ཤེས་དབྱངས་དང་མཁན་པོ་ཡེ་ཤེས་དབྱངས་ཞེས་ལོ་རྒྱུས་ཁྲོད་དུ་གྲགས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་པ་རེད།
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ནས་མངའ་བདག་ཁྲི་རལ་བར་ལ་རྒྱ་བོད་མི་རིགས་གཉིས་ཀྱིས་སྐབས་རེར་འཁྲུག་པ་ལངས་ཏེ་ཕན་ཚུན་དགྲ་རུ་བཟུང་བ་དང་། ལན་རེར་མཇལ་འདུམ་བྱས་ནས་དབོན་ཞང་དུ་བརྩི་བའི་མཐོ་དམའ་མི་སྙོམས་པའི་དུས་རིམ་རིང་མོ་ཞིག་བརྒྱུད་ཅིང་། མདོ་སྨད་མཐའ་མཚམས་སུ་འཁྲུག་པ་ལན་མང་བྱུང་ཡང་འགོག་ཐབས་མེད་པ་ནི་རྒྱ་དང་བོད་ཀྱི་བཙུན་པ་མང་པོ་ལྷན་དུ་འཛོམས་ནས་ཆོས་སྤེལ་བ་དང་། ཆོས་ཀྱི་བསྟན་བཅོས་མང་དུ་བསྒྱུར་བའི་བྱེད་སྒོ་མང་དུ་སྤེལ་བ་ལས་མི་རིགས་ཐ་དད་དུ་གྱུར་བའི་བཙུན་པ་རྣམས་ནི་བསམ་པའི་འཁོར་ཕྱོགས་གཅིག་ཏུ་མཐུན་ཏེ། རྒྱ་བོད་མི་རིགས་གཉིས་ཀྱི་མཇལ་འདུམ་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པ་དང་། དེ་ལྟར་བོད་ཀྱི་བཙུན་པའི་ཁྲོད་དུ་དགེ་སློང་ནམ་མཁའི་སྙིང་པོ་དང་སྦ་ཡེ་ཤེས་དབྱངས་གཉིས་ནི་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་མི་སྣ་གལ་ཆེན་གཉིས་ཡིན་པས། མི་རིགས་གཉིས་ཀྱི་རྒྱུན་རིང་བའི་མཛའ་བརྩེ་དང་མཐུན་སྒྲིལ་ལ་གསུབ་ཏུ་མེད་པའི་མཛད་རྗེས་བཞག་སྟེ་ཚེ་ཡི་འདུ་བྱེད་ཀྱང་མདོ་སྨད་མཐའ་མཚམས་སུ་རྫོགས་ཡོད་སྟབས། འདི་ལས་ང་ཚོས་དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་མི་ཚེའི་རིན་ཐང་ཡང་ཞར་ལ་རྟོགས་ཐུབ་པར་འདོད་དོ། །
མཆན་འགྲེལ།
[1]ཨུ་རྒྱན་གླིང་པས་གཏེར་ནས་བཏོན། བཀའ་ཐང་སྡེ་ལྔ། [M] མི་རིགས་དཔེ་སྐྲུན་ཁང་། 2011:132,
[2][5]གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། [M] མི་རིགས་དཔེ་སྐྲུན་ཁང་། 2011:172,172,
[3][7][9][10][11][12]ཨུ་རྒྱན་གླིང་པས་གཏེར་ནས་བཏོན། པདྨ་བཀའ་ཐང་། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011:439,341,342,412,438,439,
[4]དཔལ་ལྷུན་དགྲ་འདུལ། བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མཆོག་པ་གོར་བེེ་རོ་ཙ་ནའི་སྐོར་གྱི་དཔྱད་བརྗོད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001:8,
[8]ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་སྒྲ་སྒྱུར་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ཡོད་དོ་ཞེས་ཤོག་ངོས་364རུ་གསལ།
[13]ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1988:318,
[6][14][16]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:4,155,154,
[15]ཆབ་འགག་རྟ་མགྲིན།བོད་ཡིག་རྡོ་རིང་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:96,
[17]ཁྱུང་ཕྲུག་བློ་བཟང་དར་རྒྱས། བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:240,
[18][19][20]ཅིན་ཡཱ་ཧྲིན་དང་ཁོ་ཨན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས། དེབ་བཅུ་བ། [G] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2010:21,22,22,
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1