སྤྱི་ཟླ་8པའི་ཚེས་25ཉིན་གྱི་སྔ་དྲོ། བོད་ལྗོངས་རིག་གནས་ཐིང་དང་། ལྷ་ས་གྲོང་ཁྱེར་ཞོ་སྟོན་གཞུང་སྒྲུབ་ཁང་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་བོད་ལྗོངས་ཀྱི་སྐབས་གསུམ་པའི་བོད་ཀྱི་ཟློས་གར་འགྲན་བསྡུར་དང་ཟློས་གར་འཁྲབ་སྟོན་བྱ་འགུལ་ལྷ་སའི་གྲོང་ཁྱེར་གྱི་ནོར་བུ་གླིང་ཀ་ནས་དངོས་སུ་སྤེལ་འགོ་བརྩམས།
ཐེངས་འདིའི་བྱ་འགུལ་གྱི་ནང་དོན་གཙོ་བོ་ལ་བོད་ཀྱི་ཟློས་གར་འགྲན་བསྡུར་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན། བོད་ཀྱི་ཟློས་གར་ལེན་སྟངས། ནོར་བཟང་རྣམ་ཐར་གྱི་གར་སྟེགས་ཟློས་གར་བཅས་འདུས། བོད་ཀྱི་ཟློས་གར་འགྲན་བསྡུར་ལ་ལྷ་ས་སོགས་གྲོང་ཁྱེར་དང་ས་ཁུལ་ནས་ཡོང་བའི་ཕུལ་བྱུང་ཟློས་གར་རུ་ཁག་བདུན་གྱི་དམངས་ཁྲོད་ཟློས་གར་སྒྱུ་རྩལ་བ་200ལྷག་གིས་ནོར་བུ་གླིང་ཀ་ནས་ཉིན་6རིང་ལ་འགྲན་བསྡུར་བྱེད་རྒྱུ་ཡིན་པ་མ་ཟད། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དུས་ཡུན་ཉིན་6གི་རིང་ལ་《པད་མ་འོད་འབར》དང་《སྣང་ས་འོད་འབུམ》སོགས་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་རྒྱུ་རེད། །