ཞིང་ཆེན་སྲིད་གཞུང་གིས་2018ལོའི་ཁྲིམས་འཛུགས་འཆར་གཞི་བཏོན་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05
ཟླ་7པའི་ཚེས་3ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་ནས་རྒྱུས་ལོན་བྱུང་དོན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་2018ལོའི་ཁྲིམས་འཛུགས་འཆར་གཞི་ཞེས་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་སྟེ། ཞིང་ཆེན་སྲིད་གཞུང་གི་གཞུང་སྒྲུབ་ཁང་གི་ཡིག་ཆ་ལྟར་པར་འགྲེམ་བྱ་རྒྱུ་རེད།
ད་ལོའི་ཁྲིམས་འཛུགས་འཆར་གཞིའི་རྣམ་གྲངས་ལ་བསྡོམས་པས་དོན་ཚན་83ཡོད་པ་དང་དེའི་ནང་དུ་མེད་པར་གཏོང་བའི་དོན་ཚན་15ཚུད་ཡོད་པ་རེད། དེའི་ཁྲོད་དུ་གཏན་འབེབས་བྱ་དགོས་པའི་རྣམ་གྲངས་ལ་དོན་ཚན་33ཡོད་པ་དང་། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་བྱའི་རྣམ་གྲངས་50ཡོད་པ་རེད།
གསར་འགོད་པས་ཤེས་རྟོག་བྱུང་བ་ལྟར་ན། གཏན་འབེབས་བྱ་དགོས་པའི་རྣམ་གྲངས་33གྱི་ཁྲོད་དུ་སི་ཁྲོན་ཞིང་ཆེན་ས་གནས་དངུལ་རྩའི་སྲོལ་ཡིག་དང་ཁྲེང་ཏུའུ་ཡི་རྒྱལ་ཁབ་རང་སྟོབས་གསར་གཏོད་དཔེ་སྟོན་ཁུལ་གྱི་སྲོལ་ཡིག ཀྲུང་གོ་སི་ཁྲོན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྲོལ་ཡིག སི་ཁྲོན་ཞིང་ཆེན་ཐའོ་ཅང་གཙང་བོའི་འབབ་ཁུལ་གྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག སི་ཁྲོན་ཞིང་ཆེན་མྱུར་བགྲོད་ལྕགས་ལམ་བདེ་འཇགས་དོ་དམ་གཏན་འབེས་སོགས་གསར་དུ་གཏན་འབེབས་བྱས་པ་5ཡོད་པ་རེད། དེ་དག་ལས་སྔོན་མ་4ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིན་པས་ད་ལོའི་ཚུན་དུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་ལ་གྲོས་གཞི་འདོན་དགོས་པ་དང་། ཕྱི་མ་དེ་ཞིང་ཆེན་སྲིད་གཞུང་གི་སྒྲིག་ཡིག་ཡིན་པས་ད་ལོར་དངོས་སུ་འདོན་རྒྱུ་རེད།
དེ་མིན་ཡང་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཕྱོགས་ནས། ད་ལོར་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་དངུལ་ཆད་དང་རྒྱུ་ནོར་གཞུང་བཞེས་བྱེད་པའི་སྲིད་འཛིན་ཆད་གཅོད་དོ་དམ་བྱ་ཐབས་ཞེས་པར་བཟོ་བཅོས་རྒྱག་རྩིས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་དོ་དམ་སྲོལ་ཡིག་སོགས་ཁྲིམས་སྲོལ་སྒྲིག་སྲོལ་ལ་བརྟག་དཔྱད་ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་བྱ་རྒྱུ་རེད།།