མཚར་སྡུག་འབར་བའི་བགྲང་བྱ་བཞི་བཅུ་ལས་། དུས་རབས་གསར་པའི་དཀར་མཛེས་སྲིད་ན་མཛེས་། ——བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ།

སྒྲོལ་མ་ཚེ་བརྟན་དང་ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05



ཡུལ་སྐོར་ལས་རིགས།མ་འོངས་པའི་མདུན་ལམ་བཟང་པོ།

木雅圣地:富于特色的产业支柱

སི་ཁྲོན་ཁམས་ཕྱོགས་ཀྱི་མངའ་ཁོངས་སུ་ལྷ་ཡུལ་གྱི་མཛེས་སྡུག་ལ་འགྲན་ནུས་པའི་གནས་མཆོག་ཁྱད་པར་བ་ཧ་ཅང་མང་། མི་སེམས་ཀྱི་དང་བ་འདྲེན་ལ་ཡིད་སེམས་ལ་བདེ་སྐྱིད་སྟེར་ཐུབ་པའི་གདོད་མའི་སྣོད་བཅུད་ཀྱི་མཛེས་ལྗོངས་ཡང་མངོན་སུམ་དུ་གནས་ཡོད། ལྷག་པར་ཏུ་རྒྱལ་ཕྱི་ནང་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་བགྲང་གིས་མི་ལོན་པར་མགྲོན་བསུ་བྱས་མྱོང་པའི་གནས་མཆོག་གཅིག་ཡོད་པ་དེ་ནི་ཁམས་མི་ཉག་གི་གནས་མཆོག་རེད།

མི་ཉག་གནས་མཆོག་གྱི་མཛེས་ལྗོངས་ཁུལ་ནི་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་མགོ་བཏགས་སྨད་པ་སྡེ་བའི་མངའ་ཁོངས་དང་རྒྱུ་ལ་རི་བོའི་ནུབ་བརྒྱུད་ཀྱི་རྒྱལ་ལམ་318ཀྱི་འགྲམ་ན་ཆགས་ཡོད་ལ། མཛེས་ལྗོངས་ཁུལ་ལྷོ་བྱང་དུ་སྤྱི་ལེ་31ཙམ་དང་ཤར་ནུབ་ཏུ་སྤྱི་ལེ་45ལྷག་འཕྲེད་བརྒལ་བྱས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་139ལྷག་བཟུང་ཡོད་པ་དང་མི་ཉག་ལྟེ་བའི་ས་ཁུལ་དུ་ཆགས་ཡོད་ལ་རྒྱལ་ཡོངས་ཀྱི་བོད་རིགས་མི་ཉག་རིག་གནས་མཚོན་ཐུབ་པ་བརྗོད་དོན་གཙོ་བོར་བཟུང་བའི་ཆེད་དོན་ཡུལ་སྐོར་ལྗོངས་རྒྱུའི་ཁུལ་གཅིག་པུ་དེ་རེད།

མི་ཉག་ལ་གནའ་དུས་སུ་མི་ཉག་ཅེས་འབོད་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་རང་རྒྱལ་གྱི་ནུབ་རྒྱུད་ཀྱི་གནའ་བོའི་ཆའང་རིགས་ཀྱི་ཁོངས་སུ་གཏོགས་པའི་ཚོ་པ་ཞིག་ཡིན། གནའ་བོའི་ཆའང་སྡེར་གཏོགས་པའི་ཚོ་པ་འདི་རྗེས་ནས་ལྷོ་ཕྱོགས་སུ་གནས་སྤོས་ཏེ་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་སུ་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་མི་ཉག་རྒྱལ་རབས་བཙུགས།

དར་མདོ་གྲོང་གི་ཁུལ་དང་ལྷག་པར་དུ་རྒྱུ་ལ་རི་བོའི་རི་རྒྱུད་གྱི་ནུབ་ཕྱོགས་ནི་མི་ཉག་མི་ཡི་འདུས་སྡོད་བྱེད་ས་གཙོ་བོ་ཡིན་པ་དང་། རང་རྒྱལ་གྱི་མི་ཉག་རིག་གནས་སྲུང་འཛིན་ཆ་ཚང་ཡོད་པའི་ས་ཁུལ་ཅིག་ཡིན། ས་ཁུལ་འདིར་མཚར་སྡུག་འོད་སྟོང་འབར་བའི་མི་ཉག་རིག་གནས་བྱུང་པ་མ་ཟད་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བཞི་པ་མི་ཉག་སྲས་མོའི་ཕ་ཡུལ་ཡང་ཡིན། མིང་དང་ཆིང་གི་སྐབས་སུ་ཁམས་ཁུལ་གྱི་མིང་དུ་གྲགས་པའི་ས་བདག་བཞིའི་ཡ་གྱལ་གྱི་མིང་ཀྲིན་ས་བདག་གི་རྒྱུད་པ་ཡིན་པ་དང་མིང་དུ་གྲགས་པའི་མི་ཉག་རིག་གནས་ཀྱི་མཁས་པ་སོ་སོ་གནས་འདི་ནས་འཁྲུངས།

མི་ཉག་མེ་ཏོག་གི་ཕོ་བྲང་ནི་རི་རྩེར་གནས་ཡོད་པ་དང་འདི་ནི་མི་ཉག་སྲས་མོའི་ངུ་ངག་གི་དབྱངས་རྟ་སྙན་མོ་མི་ཡུལ་དུ་སྒྲོག་ས་དང་ལང་ཚོ་ཡི་ཞབས་བྲོ་ཡག་པོ་མི་ཡུལ་ཏུ་ངོམས་ས་ཡིན།

མེ་ཏོག་གི་རྒྱ་མཚོ་ནི་མི་ཉག་གནས་མཆོག་གི་རི་སྐྱེས་སྲོག་ཆགས་ཆེས་མང་བའི་ས་ཆ་ཡིན་པ་དང་སྔོན་ཆད་གནས་འདི་ནི་སྔོན་ཆད་མི་ཉག་རྒྱལ་རབས་དང་མི་ཉག་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ས་ཡིན།

མི་ཉག་གིས་དགུན་གཞུང་སུ་ནོར་ལུག་འཚོ་སའི་གནས་མཆོག་ཏེ་ཕྱོགས་བཞི་རི་ཡིས་བསྐོར་ཞིང་དཀྱིལ་དབུས་སུ་མེ་ཏོག་གི་མཚོ་མོ་འཁྱིལ་ཡོད། ཀྱག་ཀྱོག་གི་ཆུ་ཕྲན་ཆུང་ངུ་ཞིག་རི་རབ་ཀྱི་གསང་ན་དལ་གྱིས་བཞུར་ནས་འགྲོ་བཞིན་ཡོད་ལ་ས་གནས་འདི་ཡི་ཡོད་ཚད་ལ་གསོན་ཤུགས་དང་ཚེ་སྲོག་གི་བསིལ་ཆབ་སྦྱིན།

མི་ཉག་ཆུ་བོ་ནི་མི་ཉག་སྲས་མོ་ཁྲུས་ལ་རོལ་སའི་གནས་ཡིན་ལ་གནས་འདི་ནི་ས་ཡག་ལ་ཁ་དབུགས་གཙང་བས་འཇིག་རྟེན་གྱི་ནག་ནོག་དང་ཡོངས་སུ་བྲལ་འདུག ཁུ་བྱུག་གི་གསུང་དབྱངས་རྒྱུན་མི་ཆད་ལ་མེ་ཏོག་གི་དྲི་ཞིམ་ཡོངས་སུ་ཁྱབ་འདུག མི་ཉག་སྲས་མོ་ལྷ་སར་གནས་ལ་སོང་རྗེས་སུ་ས་གནས་དེ་གའི་མི་རྣམས་ཀྱིས་མི་ཉག་སྲས་མོ་དྲན་པས་མ་བཟོད་པར་གནས་འདི་ལ་རྒྱལ་མོ་མཚོ་ཞེས་སུ་བཏགས།

དར་མདོའི་མི་ཉག་གནས་མཆོག འཛམ་གླིང་མཛའ་གཞས་ཀྱི་ཕ་གཞིས་ཞེས་པའི་མཚན་སྙན་རྒྱས་པའི་དར་མདོ་གྲོང་ཁྱེར། རི་བོ་རྒྱུ་ལའི་ནུབ་རྒྱུད་དུ་ཆགས་ཡོད་ལ་དཀར་མཛེས་ཁུལ་གྱི་དམངས་སྲོལ་དང་རང་བྱུང་གི་མཛེས་པ་མཉམ་གཅིག་ཏུ་སྦྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པོ་དེ་ཡིན་པར་མ་ཟད། རྒྱལ་ཡོངས་བོད་རིགས་ཀྱི་མི་ཉག་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཡུལ་སྐོར་ཁུལ་དང་པོ་དེ་ཡིན། གནས་དེ་ན་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ། ལྗོངས་རྒྱུའི་ཐོན་ཁུངས་དང་སྐྱེ་དངོས་ཐོན་ཁུངས། ཆུའི་ཐོན་ཁུངས། སྤྱི་ཚོགས་རིག་གནས་ཀྱི་ཐོན་ཁུངས་སོགས་ཡོད་ལ། ཉེ་ཆར་དར་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ལི་ཆང་གིས་ཧྲུའུ་ཆའོ་གྲོང་སྡེ་ནི་ཡུལ་སྐོར་བ་རྣམས་ཀྱིས་དར་མདོ་གྲོང་ཁྱེར་རི་བོ་རྒྱུ་ལ་བརྒལ་རྗེས་ཀྱི་ས་ཚིགས་དང་པོ་དེ་ཡིན་པར་མ་ཟད་ཁྲོན་བོད་གཞུང་ལམ་ནས་ལྷ་སར་འགྲོ་སའི་འགྲོ་ལམ་གཅིག་པུའང་ཡིན། རྒྱལ་ལམ་318གྱི་འགྲམ་ངོགས་ཀྱི་མཛེས་ལྗོངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་བསྟུན་ནས་རང་གིས་རླངས་འཁོར་བསྐོར་བ་དང་ལྕགས་རྟ་བཞོན་ནས་ཡུལ་སྐོར་བྱེད་མཁན་མཚམས་མི་ཆད། ས་གནས་དེ་གའི་མི་དམངས་ཀྱིས་མགྲོན་བསུ་བྱས་པ་ལས་ཡོང་འབབ་སྒོར་ཁྲི་6960ལྷག་བྱུང་ཞེས་བཤད། དེ་མིན་དར་མདོ་གྲོང་ཁྱེར་ཝ་ཁྲལ་ཡུལ་ཤོག་ཟམ་ཁ་ཡུལ་ཚོའི་གྲོང་མི་ཉི་མ་ལྷ་མོས་ངོ་ལ་འཛུམ་གྱིས་ཁེངས་ཞོར་ངས་སྨི་གྲུ་བཞི་མ་300ལྷག་ཡོད་པའི་རང་གི་བོད་ཁང་དེ་མགྲོན་ཁང་དུ་བསྒྱུར་བ་ཡིན་ལ། ད་ལོའི་ལྔ་གཅིག་ངལ་གསོའི་སྐབས་སུ་མགྲོན་ཁང་ཚོད་ལྟའི་ཚུལ་དུ་སྒོ་ཕྱེས། ཡོང་འབབ་དམངས་སྒོར་2000ལྷག་བྱུང་བ་དང་ཡུལ་སྐོར་གྱི་ཚ་རླབས་ཆེ་བའི་སྐབས་ཡོང་འབབ་སྔར་ལས་མང་ཞེས་བཤད།

འགག་པ་ཡུལ་ཤོག་མགོ་བཏགས་སྨད་པ་ཡུལ་ཚོས་རྩྭ་ཐང་དང་། གྲམ་ཐང་། ཁང་པ་སོགས་རང་བྱུང་ཐོན་ཁུངས་དང་སྤྱི་པའི་སྒྲིག་བཀོད་མ་རྐང་མཛེས་ལྗོངས་ཁུལ་དུ་བཞག་ན་ལོ་རེ་བཞིན་གྲོང་མི་རྣམས་ལ་ཡོང་འབབ་ཡོད་ངེས། མདོ་གྲོང་གྲོང་རྡལ་ལྕེ་ཐོག་ཡུལ་ཚོ་དང་། ལྷ་སྒང་ཡུལ་ཤོག་ལྕམ་པ་ཡུལ་ཚོ། ར་རྔ་ཁ་གྲོང་རྡལ་མགོ་ལོག་ཐོག་ཡུལ་ཚོའི་གྲོང་མི་ཚོས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཐོབ་པ་དང་དབུལ་སྒྲོལ་ཡོང་འབབ་འཕར་བའི་ལམ་དུ་ཞུགས་པ་རེད། །




དྭངས་གཙང་འོ་མས་འབྲོག་སྡེའི་ཁྱིམ་གཞིས་དྲོས།

天界牧场:飘着奶香的致富之路

ལྷ་སྒང་འབྲོག་ཁུལ་གྱི་འབྲི་འོ་དྭངས་མ་མཉམ་ལས་ཁང་ནི་སི་ཁྲོན་ཞིང་ཆེན་དར་མདོ་རྫོང་ལྷ་སྒང་གྲོང་རྡལ་རྡོ་ར་སྡེ་བ་དང་པོར་ཡོད་པ་དང་། དེ་ནི་སྤྱི་ལོ་2017ལོའི་ཟླ་བ་དང་པོར་སློབ་ཆེན་མཐར་ཕྱིན་པའི་སློབ་མ་ཁག་གཅིག་གིས་བཙུགས་པ་ཞིག་ཡིན་ཞིང་། སློབ་ཆེན་མཐར་ཕྱིན་མ་ཐག་པའི་སློབ་མ་ཁག་གཅིག་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ཀྱི་གོ་སྐབས་བཟང་པོ་བརྒྱུད་ནས་མཉམ་དུ་འབད་འཐབ་ལྷོད་མེད་ཀྱིས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱས་པ་ཞིག་རེད།

ལྷད་མེད་འབྲི་འོ་དྭངས་མ་མཉམ་ལས་ཁང་ནི་ས་གནས་དེ་གའི་འབྲོག་པ་དང་གསར་བཙུགས་མཉམ་ལས་ཁང་།  ཁྲོམ་ར་བཅས་ཀྱིས་མཉམ་འབྲེལ་ཐོག་ཐོན་སྐྱེད་བྱེད་སའི་དྭངས་གཙང་ལྷས་ར་ཞིག་ཡིན་ཞིང་། འབྲོག་པའི་སྲོལ་རྒྱུན་ལྷས་རའི་འབྲི་འོ་དྭངས་མ་བྲིན་འཚོང་གི་ཐབས་ལམ་ལ་འགྱུར་ལྡོག་བཏང་བ་དང་།  ཐོན་སྐྱེད་དང་བྲིན་འཚོང་གི་བར་ཐག་ཉེ་རུ་བཏང་བས་དུས་ཐུང་ནང་འབྲི་འོ་དྭངས་མ་ཁྲོམ་རར་སྐྱེལ་ཐུབ་ཀྱི་ཡོད།

ལོ་ཕྱེད་ལྷག་རིང་། མཉམ་ལས་ཁང་གིས་ལས་མི་དང་འབྲོག་པ་ཚོར་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲོད་བསྟེན་གཙོ་བོར་འཛིན་པ།  རིམས་འགོག་ཤེས་བྱ་ཁོང་དུ་ཆུད་པ།  འབྲི་ཞོ་དང་འོ་མའི་ཐོན་རྫས་ལས་སྣོན་བྱེད་སྟངས་སོགས་ཤེས་བྱ་དང་ལག་རྩལ་གསོ་སྦྱོང་བྱས་པ། ས་གནས་དེ་གའི་བཅུད་ལྡན་ཞིམ་མངར་ཅན་གྱི་འབྲི་ཞོ་དང་འོ་མའི་ཟས་རིགས་ཐོན་ལས་ཅན་ལ་བསྒྱུར་ཆེད། དར་མདོ་རྫོང་ནང་ཁུལ་དུ་དྭངས་གཙང་གི་འབྲི་ཞོ་དང་འོ་མའི་མཁོ་འདོན་ས་ཚིགས་བཙུགས་པ་དང་། འབྲོག་པ་དང་མཉམ་ལས་ཁང་གཉིས་ཟུང་འབྲེལ་བྱས་ཏེ་འབྲི་འོ་དྭངས་མ་ཁྲོམ་རར་སྐྱེལ་ནས་བྲིན་འཚོང་བྱེད་ཤུགས་ཆེ་རུ་བཏང་བས་མཉམ་ལས་ཁང་གི་གོང་འཕེལ་ནུས་པ་མཐོ་རུ་འགྲོ་བཞིན་ཡོད་ལ།  ཐོན་སྐྱེད་རྣམ་པ་ཡང་ཚད་ལྡན་ཅན་ལ་འགྱུར་བཞིན་ཡོད།  

དེ་ཡང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྦྲགས་འབྲོག་ལས་ལ་གསོན་ཤུགས་གསར་པ་ཞིག་འཕེལ་ཡོད་པ་སྟེ།  རྒྱ་ཆེའི་འབྲོག་པས་རང་གི་ནུས་ཤུགས་དང་སྲིད་གཞུང་གི་དབུལ་སེལ་འགག་སྒྲོལ་གྱི་སྲིད་ཇུས་གཉིས་ཟུང་འབྲེལ་བྱས་པས།   ས་ཁུལ་དེ་འབྲོག་པའི་དབུལ་སེལ་འགག་སྒྲོལ་གྱི་དཔེ་སྟོན་མཉམ་ལས་ས་ཚིགས་ཤིག་ཏུ་གྱུར་ཡོད།

དར་མདོ་གྲོང་ཁྱེར་ནས་འོ་ཞོ་ཆེད་ཚོང་ཁང་ཞིག་ཕྱེས་ཏེ་འཛད་སྤྱོད་པའི་གམ་ལ་ཉིན་རེ་བཞིན་སྐྱེལ་བའི་ཞབས་ཞུ་བཅས་ཀྱི་མཐུན་རྐྱེན་བསྒྲུབས་པར་བརྟེན། 2017ལོའི་ལོ་གཅིག་གི་འབད་པས་འབྲོག་པའི་ཁྱིམ་ཚང་ཉི་ཤུ་ལྷག་ལ་འོ་མའི་ཡོང་སྒོ་མང་བར་སྒོར་ཁྲི་ལྔ་ཅན་དང་ཉུང་བར་སྒོར་སྟོང་བརྒྱད་ཅན་སོགས་ཡོང་སྒོ་སྔར་བས་ལྡབ་དུ་མ་འཕར་ཐུབ་པ་བྱུང་། དེར་གྲོང་ཁྱེར་སྲིད་གཞུང་གིས་གདེང་འཇོག་ཚད་མཐོན་པོ་ཐོབ་ཅིང་2017ལོའི་སི་ཁྲོན་ཞིང་ཐོན་འགྲེམ་སྟོན་ལ་ཞུགས།

དེ་ཡང་གཅིག་ནི། ད་ལྟའི་དྲ་རྒྱ་ཅན་གྱི་བྲིན་འཚོང་ཁོར་ཡུག་དང་བསྟུན་ནས་ཐོན་སྐྱེད་དང་བྲིན་ཚོང་གི་བར་ཐག་ཇེ་ཉེར་ཕྱིན་པ་དང་།  གཉིས་ནི། འབྲོག་པའི་སྲོལ་རྒྱུན་གྱི་ཐོན་ལས་བྲིན་འཚོང་བྱ་ཐབས་དང་བསྡུར་ན། ཁྲོམ་ར་ཅན་གྱི་འོ་ཞོ་ཐོན་སྐྱེད་ཀྱི་ཐོན་ཚད་མང་དུ་ཕྱིན་པ།  གསུམ་ནི།  སློབ་ཆེན་ན་གཞོན་སློབ་མ་རྣམས་ཀྱིས་ས་གནས་དེ་གའི་འབྲོག་པ་དང་མཉམ་ལས་བྱས་པས་འབྲོག་པའི་འཚོ་བར་དབུལ་སྐྱོར་འགག་སྒྲོལ་བྱེད་ཐུབ་ཡོད།  

2018ལོར། ཚོང་ར་རྒྱ་བསྐྱེད་དང་ཡུལ་མི་དེ་བས་མང་པོས་འོ་མ་བཙོང་ཐུབ་རྒྱུའི་དམིགས་ཡུལ་བཟུང་ནས་མ་དངུལ་སྒོར་ས་ཡ་དྲུག་ཙམ་བསྡུ་རུབ་ཀྱིས་འོ་མ་བཟོ་གྲྭ་ཞིག་འཛུགས་རྒྱུའི་ལས་འགོ་བརྩམས་ཤིང། ད་སྐབས་བཟོ་གྲྭ་དེ་ཚ་ཚ་འུར་འུར་ངང་ལས་བཞིན་མཆིས་ལ། ན་གཞོན་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་དང་། འབྲོག་ཁུལ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་རེ་བ་གཉིས་པོ་འབྲོག་པའི་དྭངས་གཙང་འོ་མའི་ལྷས་ར་ནས་ཟུང་འབྲེལ་བྱས་ཡོད་པས། དྭངས་གཙང་འོ་མའི་ལྷས་ར་འདི་དར་རྒྱས་གོང་འཕེལ་ཡོང་བར་ཡིད་ཆེས་དང་རེ་བས་ཁེངས་སོ། །


ཕ་སྐད་སློབ་གསོ་དར་ཞིང་རྒྱས་པས་ཤེས་ལྡན་སློབ་བུའི་མ་འོངས་མདུན་ལྗོངས་གསལ།

藏文中学:筑梦高原的教育典范

དཔྱིད་ཀྱི་དཔལ་ཡོན་རྣམ་པ་རབ་ཏུ་རྒྱས་པ་དང་མཉམ་དུ་ཞིང་པ་ཚོ་ཡང་ལས་ལ་བྲེལ་འགོ་ཚུགས་པ་དང་སྦྲགས། སློབ་མ་དག་གིས་ཀྱང་མཐོ་རྒྱུགས་དང་འབྲིང་རྒྱུགས་སོགས་ཀྱི་ལས་ལ་གྲ་སྒྲིག་བྱེད་བཞིན་འདུག 

བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས། དཀར་མཛེས་ཁུལ་གྱི་སློབ་གསོ་ལ་ཟླ་བ་ཡར་ངོའི་དབྱིབས་བཞིན་འཕེལ་རྒྱས་ཕྱིན་པ་དང་། དེ་ལས་ར་རྔ་ཁ་སློབ་འབྲིང་ངམ་དར་མདོ་གྲོང་ཁྱེར་སློབ་འབྲིང་ནི་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱི་དཀྱིལ་དུ་གནས་ཡོད་ལ། 1987ལོར་བཙུགས་ནས་ད་བར་དུ་ལོ་ངོ་སུམ་ཅུ་ལོན་ཡོད་པའི་བོད་སྐད་ཡིག་གཙོས་པའི་ཁྲིད་ཐབས་རིགས་དང་པོ་གཙོ་བོར་འཛིན་པའི་དམའ་འབྲིང་དང་མཐོ་འབྲིང་གཉིས་ལྡན་གྱི་སློབ་འབྲིང་ཞིག་ཡིན་ལ། ཁྲིད་ཐབས་རིགས་གཉིས་པའང་ཡོད། སློབ་གྲྭ་དེའི་ནང་དུ་བསྡོམས་པས་འཛིན་གྲྭ་36ཡོད་ལ། སློབ་མ་1931ཡོད་ཅིང་། དགེ་རྒན་དང་ལས་གཉེར་བ་ཉིས་བརྒྱ་ཙམ་ཡོད། དེ་རུ་སློབ་གྲྭ་ཡོང་བའི་སློབ་མ་དག་ནི་དཀར་མཛེས་ཁུལ་གཙོ་བོར་བྱས་པའི་ས་གནས་སོ་སོའི་སློབ་མ་འདུས་ཡོད་པ་རེད།

སློབ་གྲྭ་དེ་ནི་དར་མདོ་གྲོང་ཁྱེར་ནས་ནུབ་ཏུ་སོང་བའི་ར་རྔ་ཁ་ཞེས་པའི་གྲོང་རྡལ་གྱི་ནང་དུ་གནས་ཡོད་ལ། ཕྱིའི་ཁོར་ཡུག་དང་བཀོད་པ་མཛེས་པ་སྟེ། མཐོ་ཞིང་བརྗིད་པའི་ཁང་བརྩེགས་དང་། ཡངས་ལ་ཁོད་སྙོམས་པའི་ར་བ། དེའི་ནང་དུ་གྲལ་འགྲིག་པའི་འཛིན་གྲྭའི་ནག་པང་དང་། ལུས་རྩལ་སྦྱོང་ཆས་སོགས་འདྲ་མིན་གྱིས་རིག་གནས་སློབ་སའི་གནས་ཤིག་ལོས་ཡིན་སྙམ་པའི་བྲོ་བ་ཞིག་དབང་མེད་དུ་སྐྱེས་འོང་། གནས་དེ་ན་གནས་པའི་དགེ་རྒན་དག་བྱམས་དང་ལྡན་ལ། འགན་སེམས་ཡོད་པ་དང་། སློབ་མ་དག་ཀྱང་ཡ་རབས་ཀྱི་གུས་ལུགས་དང་འགྲོགས་བཞིན་བོད་ལྭ་གཙང་མ་ཞིག་གོན་བཞིན་གནས་དེའི་སྲོལ་རྒྱུན་རིག་གནས་དག་ལའང་བརྒྱུད་འཛིན་བྱེད་བཞིན་འདུག

སློབ་གྲྭའི་སྒྲིག་ཆས་དག་སྣ་འཛོམས་ཡིན་སྟེ། སློབ་ཁང་ནང་གི་གློག་ཆས་ཀྱིས་ཁྲིད་ཐབས་འདྲ་མིན་སྤྱོད་ཆོག་ལ། ད་དུང་ཚོད་ལྟ་ཁང་ཡོད་པ་དང་དེ་ལས་སློབ་མ་དག་གིས་གསར་གཏོད་ཀྱི་ཉམས་ཐོན་པའི་བློ་རིག་གི་ནུས་པ་ལས་བྱུང་བའི་བརྩམས་ཆོས་འདྲ་མིན་ཡང་ཡོད་པ་རེད། ད་དུང་དཔེ་མཛོད་ཁང་ཡང་ཡག་པོ་ཞིག་ཡོད་པ་སྟེ། རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་གཙོར་བྱས་པའི་རིག་ཚན་འདྲ་མིན་གྱི་དཔེ་ཆ་མི་ཉུང་བ་ཞིག་ཡོད་ལ། ཡང་སྒོས་སུ་བོད་ཡིག་གི་དཔེ་མཛོད་ཁང་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་མཆོད་སྒམ་ཡོད་ལ། དེ་ལས་གངས་ཅན་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་དབུས་སུ་བཞེངས་ཤིང་། བོད་ཀྱི་གནའ་དེང་གི་དཔེ་ཆ་དག་གིས་བསྐོར་ནས་འདུག 

ཉེ་བའི་ལོ་འདི་དག་གི་རིང་ལ་སློབ་གྲྭའི་སློབ་གསོ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། 2017ལོར་ཁྲིད་ཐབས་རིགས་དང་པོའི་རྒྱུགས་ཞུགས་སློབ་མ་141ལས། སློབ་མ་བཞི་ནི་ཁུལ་ཡོངས་ཀྱི་ཁྲིད་ཐབས་རིགས་དང་པོའི་རྒྱུགས་འབྲས་ཆེས་ལེགས་ཤོས་ཡིན་ལ། ད་ལོའི་མཐར་ཕྱིན་སློབ་མ་སྐལ་བཟང་དབྱངས་མཚོས་བསྡོམས་སྐར་516བླངས་པས། ཁུལ་ཡོངས་ཀྱི་ཁྲིད་ཐབས་རིགས་དང་པོའི་རྒྱུགས་ཞུགས་སློབ་མ་རྣམས་ཀྱི་རྩེར་སོན་ཡིན་པ་རེད།

སློབ་གཙོ་ཐུབ་བསྟན་གྱིས་གསུངས་དོན། སློབ་གྲྭ་འདིས་དེ་འདྲ་བའི་གྲུབ་འབྲས་མངོན་གསལ་ཞིག་བླངས་པ་དེ་ལ་ང་ཚོ་དགའ་འོས་པ་ཞིག་རེད་ལ། དེ་བཞིན་རྗེས་མ་ཡང་དེ་དང་དེ་འདྲ་བའི་གྲུབ་འབྲས་མི་དམན་པ་ཐོབ་པར་སྨོན་འདུན་དང་རེ་བ་བཅངས་ཡོད། སློབ་གྲྭ་དེ་ནི་སློབ་སྦྱོང་ཁོ་ན་ཙམ་མིན་པར་ད་དུང་ལུས་རྩལ་དང་རྒྱང་བསྒྲགས་སོགས་སློབ་གསེང་གི་སྐབས་སུ་ནུས་རྩལ་འདྲ་མིན་གྱི་ཐད་ལ་ཡར་ཐོན་ཡོང་ཆེད་དུ་ཕྱོགས་གང་ཐད་ནས་སྦྱོང་བརྡར་དང་འབད་པ་རྒྱུན་ཆད་མེད་པར་བྱེད་དང་བྱེད་བཞིན་ཡོད་པ་རེད། གཞན་ཡང་སློབ་གྲྭའི་སློབ་གཙོ་གཙོ་བོར་བྱས་པའི་དགེ་སློབ་ཡོངས་ཀྱིས་དེ་སྔོན་ཐོབ་པའི་གྲུབ་འབྲས་ཀྱིས་ཡིད་ཚིམ་ནས་མི་འདུག་པར་ད་དུང་འབད་པ་ལྷོད་མེད་བྱེད་བཞིན་ཡོད་པ་རེད། 

དེ་ཡང་། ཏང་ཀྲུང་དབྱང་གིས་མི་རིགས་སྐད་ཡིག་གི་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བ་དང་། སྐད་གཉིས་སློབ་གསོའི་ཤུགས་རྐྱེན་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་གནམ་ས་བླ་འོག་བརྗེ་བའི་འཕེལ་རྒྱས་དང་། ཚབ་བྱེད་དཀའ་བའི་ནུས་པ་གལ་ཆེན་ཐོན་པའོ། ། 

སྒྲོལ་མ་ཚེ་བརྟན་དང་ཚུལ་ཁྲིམས་བཟང་པོས་བྲིས། 文 / 卓玛才旦、次仁绒布

情歌故里40年 迈


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1