ནུབ་གླིང་ཤེས་རིག་གི་སྐྱེད་ཡུམ།གནའ་བོའི་གྷི་རི་སི།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


        གནའ་བོའི་གྷི་རི་སི་ནི་ནུབ་གླིང་ཤེས་རིག་གི་མགོ་ཁུངས་གཙོ་བོ་ཞིག་ཏུ་ངོས་འཛིན་ཞིང་། ཤེས་རིག་གི་རླབས་རྒྱུན་དེའི་རྒྱུན་བསྐྱངས་ནས་དུས་རབས་བར་མར་སླེབས་ཙ་ན། འཛམ་གླིང་ཤར་ནུབ་ཀྱི་རིག་གནས་མཉམ་དུ་འདུས་ནས་རིག་གནས་སྣ་མང་གི་མེ་ཏོག་ལྷུག་པོར་བཞད། རྫོང་སྟུག་ཅིང་རྒྱུན་རིང་བའི་ཤེས་རིག་དེས་རྗེས་རབས་པར་འཛད་པ་མེད་པའི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་བསྐྲུན་ཞིང་། དེ་ནི་གྷི་རི་སིའི་བླ་ན་མེད་པའི་གཙུག་ནོར་ཡིན་པར་མ་ཟད་མིའི་རིགས་ཀྱི་རིན་ཐང་གཞལ་དུ་མེད་པའི་ནོར་བུའང་ལགས།
        དཔྱོད་ལྡན་ཀུན་གྱིས་མཁྱེན་གསལ་ལྟར། གྷི་རི་སིའི་མི་འཚོ་སྡོད་བྱས་པའི་ས་ཁོངས་ལ་གྷི་རི་སི་ཞེས་འབོད་ཅིང་།  ཁུངས་བཙན་པའི་ལོ་རྒྱུས་དཔྱད་གཞི་ལྟར་ན། གནའ་བོའི་དུས་སུ་གྷི་རི་སི་ཞེས་པ་ནི་རྒྱལ་ཁབ་ཀྱི་མིང་ཞིག་མ་ཡིན་པར། གྷི་རི་སི་ཕྱེད་གླིང་དབུས་རྒྱུད་ཀྱི་བྱང་ཕྱོགས་ས་ཁུལ་ལ་གོ་བ་རེད། དེ་ནི་གནའ་བོའི་གྷི་རི་སིའི་མེས་པོ་ཚོའི་འཚོ་སྡོད་ཀྱི་མེ་ཁ་དང་པོ་གསོ་སའི་ཁྱིམ་གཞིས་ཡིན་པར་གྲགས། རྗེས་སུ་གྷི་རི་སོའི་ས་ཁོངས་རྒྱ་བསྐྱེད་པ་དང་བསྟུན་ནས་གྷི་རི་སི་ཞེས་པའི་མིང་བརྡ་དེའི་འཇུག་དོན་ཡང་རིམ་བཞིན་ཇེ་ཆེར་གྱུར་ཏེ། གྷི་རི་སིའི་ཕྱེད་གླིང་འདུས་པའི་ཨེ་ཇིན་གླིང་ཕྲན་དང་ཨེ་ཤ་ཡ་ཆུང་བའི་ཕྱེད་གླིང་གི་ནུབ་རྒྱུད། དབྱི་ཐ་ལིའི་ལྷོ་ཁུལ་དང་ཞི་ཞི་ལི་གླིང་ཕྲན་ཤར་ཁུལ་གྱི་འགྲམ་རྒྱུད་བཅས་གྷི་རི་སིའི་མིའི་འདུས་སྡོད་ཁུལ་ཡོངས་ལ་གོ་བ་རེད།
        དབྱིན་སྐད་དུ་གྷི་རི་སི་ཞེས་པརGreeceཞེས་པའི་མིང་སྤྱོད་པ་དང་མིང་དེའི་ཁུངས་ནི་ལ་ཏིང་སྐད་ཀྱི་Graeciaཡིན་པར་གྲགས། གནའ་དཔྱད་པ་དག་གིས་སྤྱི་ལོ་སྔོན་གྱི་750ལོ་ནས་སྤྱི་ལོ་སྔོན་གྱི་700ལོའི་བར་གྱི་རྫ་ཆས་སྟེང་ཆེས་སྔ་བའི་དབྱངས་གསལ་ཡི་གེ་རྙེད་ཅིང་། ཡི་གེ་དེའི་རིགས་ཀྱི་འབྱུང་ཁུངས་ནི་ཧྥེ་ཉི་ཅིབ་མིའི་སྒྲ་ཚིགས་ཡི་གེ་ཡིན་པར་བཞེད། ཧྥེ་ཉི་ཅིབ་ཡི་གེ་ལ་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དབྱངས་ཡིག་མེད་པར་གཙོ་བོ་གསལ་བྱེད་ཀྱིས་གྲུབ་པས་མིང་བརྡ་དག་གི་བསྟན་དོན་གསལ་བོ་མིན་པ་དེ་རེད། གནའ་བོའི་གྷི་རི་སིའི་ཡི་གེ་དང་ཧྥེ་ཉི་ཅིབ་ཡི་གེའི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ནའང་། དེ་ནི་ཐད་ཀར་ཧྥེ་ཉི་ཅིབ་ཡི་གེ་བསྐྱར་དུ་བཤུས་པ་མ་ཡིན་པར། ཧྥེ་ཉི་ཅིབ་ཡི་གེའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་དང་། དུས་ཡུན་རིང་བའི་འཕེལ་རྒྱས་ཁྲོད་ད་གཟོད་དབྱངས་གསལ་ཉེར་བཞིས་གྲུབ་པའི་མ་ལག་འཐུས་ཚང་བའི་ཡི་གེ་བྱུང་བ་རེད། 
        ཧྥེ་ཉི་ཅིབ་ཡི་གེ་དང་བསྡུར་ན་གནའ་བོའི་གྷི་རི་སིའི་དབྱངས་གསལ་རེ་རེར་རང་རྐྱ་འཕེར་བས་དོན་སྟོན་པའི་ནུས་པ་ལྡན། རྗེས་སུ་བྱུང་བའི་ལ་ཏིང་གི་དབྱངས་གསལ་ནི་གནའ་བོའི་གྷི་རི་སིའི་དབྱངས་གསལ་ཡི་གེ་ལས་འཕེལ་འགྱུར་བྱུང་བ་ཡིན་ཞིང་། ནུབ་གླིང་གི་ཡི་གེ་མང་པོའི་རྨང་གཞི་ལ་ཏིང་ཡི་གེ་ཡིན་པས་གནའ་བོའི་གྷི་རི་སིའི་དབྱངས་གསལ་ནི་ནུབ་གླིང་གི་ཡི་གེའི་འབྱུང་ཁུངས་དང་ཡུམ་ཆེན་དུ་ངོས་འཛིན།
        རྒྱལ་རབས་ཤིག་ནི་ལོ་རྒྱུས་ཀྱི་བྱུང་བ་སྟོན་པའི་རྡོ་རིང་ཞིག་ཡིན་ཞིང་། དེ་ལས་ཤེས་རིག་དང་འབྲེལ་བའི་ལོ་རྒྱུས་ཀྱི་བྱུང་བ་མངོན་སྲིད། ཡིན་ནའང་ང་ཚོས་ཤེས་གསལ་ལྟར། གནའ་བོའི་གྷི་རི་སིའི་ཤེས་རིག་འཕེལ་རྒྱས་ཀྱི་རྩེར་སོན་དུས་སྐབས་ནི་མངའ་ཁོངས་གཅིག་གྱུར་གྱི་བཙན་རྒྱལ་ཞིག་ལ་དབང་བ་མ་ཡིན་པར། རྒྱལ་ཕྲན་མཉམ་འདུས་ཀྱི་སྲིད་ལུགས་འོག་བྱུང་ཞིང་། གནས་སྟངས་དེ་ཡ་ལི་ཧྲན་ཏ་བཙན་རྒྱལ་གྱི་བར་དུ་རྒྱུན་སྐྱོང་ཐུབ་པ་བྱུང་། གནའ་བོའི་གྷི་རི་སིའི་རྒྱལ་ཕྲན་རེ་རེ་ཡིས་ལོ་རྒྱུས་ཀྱི་དྲན་པའི་རྡོག་ཁྲེས་ཤིག་རྒྱབ་ཏུ་ཁུར་ནས་མཚར་སྡུག་འོད་སྟོང་འབར་བའི་དུས་རབས་དེར་རང་གི་བློ་སྤོབས་དང་འཇོན་ཐང་ཕུལ་པ་རེད།
        སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་དུས་རབས་ལྔ་བ་ནི་གནའ་བོའི་གྷི་རི་སིའི་བཟོ་བཀོད་སྒྱུ་རྩལ་མཐོ་རླབས་སུ་འཕྱུར་བའི་དུས་རབས་སུ་ངོས་འཛིན་ཞིང་། བཟོ་བཀོད་ཀྱི་རྣམ་པ་དང་སྒྲོམ་གཞི། ངེས་གཏན་གྱི་སྒྱུ་རྩལ་རྣམ་པ། བཟོ་བཀོད་ཚོགས་པའི་སྒྱུ་རྩལ་རྩ་དོན་བཅས་ཀྱིས་རྗེས་ཀྱི་ནུབ་གླིང་གི་ལོ་ངོ་སྟོང་གཉིས་ལྷག་གི་བཟོ་བཀོད་སྒྱུ་རྩལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ནུབ་གླིང་གི་བཟོ་བཀོད་སྒྱུ་རྩལ་གྱི་གསར་འབྱེད་པར་བསྔགས། གནའ་བོའི་གྷི་རི་སིའི་བཟོ་བཀོད་ཀྱི་གྲུབ་འབྲས་གཙོ་བོ་ནི་དྲན་གསོ་རང་བཞིན་གྱི་བཟོ་བཀོད་དང་བཟོ་བཀོད་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་ལས་མངོན། རྩལ་འགྲན་ར་བ་དང་ཟློས་གར་ཐང་ཆེན། ལྷ་ཁང་སོགས་ཀྱི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་བཟོ་བཀོད་ཚོགས་པ་ལས་གནའ་བོའི་གྷི་རི་སིའི་སྒྱུ་རྩལ་མྱོང་རོལ་གྱི་བློ་སྦྱོང་རྟོགས་ཐུབ། མདོར་དྲིལ་ན་གནའ་བོའི་གྷི་རི་སིའི་བཟོ་བཀོད་ལ་ཞི་མཐུན་དང་འཐུས་ཚང་། རྔམ་བརྗིད་བཅས་ཀྱི་ཁྱད་ཆོས་མངོན་ལ། ལྷག་དོན་ལྷ་ཁང་གི་བཟོ་བཀོད་ཀྱིས་ཡོ་རོབ་གླིང་གི་བཟོ་བཀོད་སྒྱུ་རྩལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས།
        གསོན་ཉམས་ལྡན་ཞིང་མཛེས་སྡུག་གིས་ཕྱུག་པའི་གནའ་བོའི་གྷི་རི་སིའི་འཇམ་བརྐོས་ནི་མིའི་ལུས་པོ་རང་སྟེང་གི་མཛེས་པར་འཚོལ་བསྙེག་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེ་ཡིན། དེས་ནུབ་ཕྱོགས་མཛེས་དཔྱོད་རིག་པའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ནུབ་ཕྱོགས་མཛེས་རིས་ཀྱིས་བླ་རུ་བཀུར་པའི་ཚད་གཞིའི་དཔེ་དབྱིབས་ཏེ། བབ་ཆགས་ཀྱི་སྒྱུ་རྩལ་མྱོང་རོལ་དང་གཟབ་ནན་གྱི་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་ཀྱང་གནའ་བོའི་གྷི་རི་སིའི་འཇམ་བརྐོས་སྒྱུ་རྩལ་ལས་བྱུང་བར་བཞེད། མིའི་ལུས་པོའི་གཅེར་གཟུགས་ཀྱི་མཛེས་པ་ནི་གནའ་བོའི་གྷི་རི་སིའི་མཛེད་དཔྱོད་ཀྱི་འཚོལ་སྙེག་ཅིག་ཏུ་འཁུམས། གནའ་བོའི་གྷི་རི་སིའི་ལྷ་སྒྲུང་ནི་གྷི་རི་སི་མིས་རང་བྱུང་དང་སྤྱི་ཚོགས་ཀྱི་གསང་བར་འཚོལ་ཞིབ་བྱས་པའི་སྒེའུ་ཁུང་ཞིག་ཡིན་ཞིང་། མི་དང་ལྷའི་ལུས་པོའི་རྣམ་པ་དང་གཤིས་ཀ་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱིས་ཤན་ཞུགས་པས་གནའ་བོའི་གྷི་རི་སིའི་འཇམ་བརྐོས་སྒྱུ་རྩལ་གྱིས་འཆར་ཡན་ཅན་དང་འཐུས་ཚང་ཅན་གྱི་མཚོན་ཐབས་ལ་བརྟེན་ནས་མིའི་དབྱིབས་ཚུགས་མངོན་པ་བརྒྱུད་དེ་ལྷའི་རྣམ་པ་མཚོན་པར་བྱེད། གནའ་བོའི་གྷི་རི་སིའི་འཇམ་བརྐོས་མང་པོ་ཞིག་གཅེར་གཟུགས་སུ་མངོན་པ་དང་གཅེར་གཟུགས་ཀྱི་མཚོན་སྟངས་ནི་སྐབས་ཐོག་དེའི་སྒྱུ་རྩལ་གསར་རྩོམ་གྱི་རྨང་གཞི་ལྟ་བུར་ངེས། གཅེར་གཟུགས་ཀྱི་འཇམ་བརྐོས་དེ་དག་ཀྱང་གསང་བས་ཕྱུག་པའི་སྒྱུ་རྩལ་གྱི་རྟོག་འཕྲུལ་ཞིག་ཏུ་གྱུར་ཡོད་པ་རེད། གནའ་བོའི་གྷི་རི་སིའི་གཅེར་གཟུགས་ཀྱི་སྒྱུ་རྩལ་མཚོན་སྟངས་ལ་ལྟ་ཚུལ་མི་འདྲ་བ་མང་པོ་མཆིས་ཀྱང་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ན་གཙོ་བོ་གཉིས་སུ་སྣང་སྟེ། གཅིག་ནི་གདོད་མའི་གོམས་སྲོལ་གྱི་རྒྱུན་དང་གཉིས་ནི་འཐབ་འཁྲུག་དང་ལུས་རྩལ་གྱི་གོམས་སྲོལ་ལོ།།
        མི་རིགས་གཞན་དང་འདྲ་བར་གནའ་བོའི་གྷི་རི་སིའི་ཡབ་མེས་རྣམས་ཀྱིས་ཀྱང་ལོ་རབས་གོང་མའི་ལོ་རྒྱུས་ཀྱི་དྲན་པ་གཏམ་རྒྱུད་ཀྱི་ལམ་ནས་ཟིན་ཐོར་བཀོད་ཅིང་། རྗེས་ནས་རིམ་བཞིན་ལོ་རྒྱུས་སྙན་རྩོམ་གྱི་རྣམ་པར་བརྟེན་ནས་ངག་ནས་ངག་བརྒྱུད་དེ་རྒྱུན་འཛིན་བྱས། དེ་ལྟ་བུའི་གཏམ་རྒྱུད་དང་ལོ་རྒྱུས་སྙན་རྩོམ་ནི་དངོས་བྱུང་གི་ལོ་རྒྱུས་མཚོན་པའི་བརྩམས་ཆོས་མིན་ནའང་། བརྩམས་ཆོས་དེ་དག་ལས་སྐབས་ཐོག་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་དཔལ་འབྱོར་གྱི་འཕེལ་རྒྱས། རིག་གནས་ཀྱི་གནས་སྟངས་སོགས་མཚོན་ཐུབ་པས་ན་ཧུ་མཱའི་ལོ་རྒྱུས་སྙན་རྩོམ་གྱིས་གནའ་བོའི་གྷི་རི་སིའི་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་ཡོད་པར་བཞེད།
        ཧུ་མཱའི་ལོ་རྒྱུས་སྙན་རྩོམ་ནི་ཡུལ་དུས་ངེས་ཅན་ཞིག་ཏུ་རྩོམ་པ་པོ་གང་རུང་གིས་གསར་དུ་བརྩམས་པ་མ་ཡིན་པར། གནའ་བོའི་གྷི་རི་སིའི་མི་ཡོངས་ཀྱི་སེམས་པའི་གཏིང་རིམ་དུ་སིམ་པའི་ལོ་རྒྱུས་ཀྱི་དྲན་པ་ཞིག་ལགས། ཐི་ལོ་ཡེ་དམག་འཁྲུག་མཇུག་རྫོགས་རྗེས་གྷི་རི་སིའི་གནའ་མཁར་གྱི་དམངས་ཁྲོད་སྒྱུ་རྩལ་པས་དམག་འཁྲུག་ཁྲོད་ཀྱི་དཔའ་བོའི་མཛད་རྗེས་དང་རྒྱལ་ཁའི་རྟེན་འབྲེལ་དག་མི་ཚོགས་ཀྱི་འདུ་ལོང་རྒོད་པའི་ཁྲོམ་སྲང་དུ་སྙན་ཚིག་ལ་བརྒྱུས་ནས་གྱེར་བའི་སྲོལ་བྱུང་ཞིང་། དེ་ལྟར་ངག་ནས་ངག་བརྒྱུད་ཅིང་མི་རབས་མང་པོར་ཁ་སྣོན་དང་ལེགས་པར་བསྒྲིགས་ཏེ། ནང་དོན་དང་མཚོན་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རིམ་བཞིན་ཅུང་གཏན་འཇགས་ཀྱི་བརྩམས་ཆོས་སུ་གྲུབ། ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་དུས་དཀྱིལ་དུ་ཕིས་ཞི་ཐི་ལ་ཏའོ་ཡིས་སྲིད་དབང་སྐྱོང་སྐབས་ད་གཟོད་ཡི་གེར་ཕབ་པར་བཞེད། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་དོན་བརྗོད་སྙན་ངག་གི་ཁོངས་སུ་གཏོགས་ལ། 《ཡེ་ལི་ཡ་ཐི།》ལས་གཙོ་བོ་ཞིབ་བརྗོད་ཀྱི་ཐབས་ལམ་གཉིས་སྤྱད་ཡོད་དེ། དང་པོ་ནི་རྩོམ་པ་པོས་ཞིབ་བརྗོད་པའི་ངོས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཏུ་བརྗོད་པ་དང་། གཉིས་པ་ནི་རྩོམ་པ་པོས་མི་སྣའི་ངོས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཏུ་བརྗོད་པའོ།། ནུབ་གླིང་གི་རྩོམ་གཞུང་དག་ཏུ་སྔོན་མར་ཞིབ་བརྗོད་ཀྱི་ཐབས་ལམ་དང་རྗེས་མར་འཁྲབ་སྟོན་གྱི་ཐབས་ལམ་ཞེས་བརྗོད།
        ཧུ་མཱའི་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་གནའ་བོའི་གྷི་རི་སིའི་རུས་རྒྱུད་སྤྱི་ཚོགས་ནས་བྲན་གཡོག་སྤྱི་ཚོགས་སུ་འཕེལ་བའི་བར་བརྒལ་དུས་སྐབས་ཀྱི་ལོ་རྒྱུས་བརྗོད་དོན་དུ་བཟུང་བའི་སྙན་རྩོམ་ཞིག་ཡིན་ཞིང་། དེར་སྤྱི་ཚོགས་ལོ་རྒྱུས་དང་ཡུལ་སྲོལ། ས་ཁམས་དང་གནའ་རྫས་ཞིབ་འཇུག་བཅས་ཀྱི་དོན་སྙིང་ཆེན་པོ་ལྡན། ལོ་རྒྱུས་སྙན་རྩོམ་རིང་མོ་འདིར་གཙོ་བོ་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་ཡོད་དེ། བརྗོད་དོན་ཁྲོད་ཀྱི་དམག་འཁྲུག་དང་མི་སྣ་སོགས་ལ་ལྷ་སྒྲུང་གི་ཤན་ཐེབས་ཡོད་ནའང་། ཟུར་ངོས་གང་རུང་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པ་རེད། གཞན་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ལས་མིའི་ཁེ་དབང་དང་རིན་ཐང་། སྟོབས་ཤུགས་སོགས་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡོད་ཕྱིན་མི་ཇུས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལྡན་ཞེས་རྩོམ་རིག་དཔྱད་བརྗོད་པ་དག་གིས་བཞེད།
        གནའ་བོའི་གྷི་རི་སིའི་རྩོམ་ལུས་ཀྱི་བྱུང་འཕེལ་ནི་ལོ་རྒྱུས་སྙན་རྩོམ་ལས་མགོ་བརྩམས་ཏེ་དུངས་བརྗོད་སྙན་ངག་དང་ཟློས་གར། དེ་ནས་ལྷུག་རྩོམ་བཅས་ཀྱི་གོ་རིམ་བརྒྱུད་ཅིང་། གནའ་བོའི་གྷི་རི་སིའི་ལྷུག་རྩོམ་གྱི་བརྡ་དོན་ནི་ཚིགས་བཅད་སྙན་ངག་དང་ལྟོས་བཅས་སུ་བྱུང་བ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་གནའ་བོའི་གྷི་རི་སིའི་རྩོམ་རིག་ཁྱབ་ཁོངས་སུ་ལྷུག་རྩོམ་གྱི་ལམ་ནས་ངག་རྒྱུན་དག་ཡི་གེར་བཀོད་པའི་རྩོམ་སྲོལ་བྱུང་།  དེར་གཙོ་བོ་ལོ་རྒྱུས་དང་ཡུལ་སྲོལ། ལྷ་སྒྲུང་། ངག་རྒྱུན་སོགས་ཀྱི་ནང་དོན་འདུས་ཤིང་། ཀུན་ལ་རྒྱུས་མངའ་ཡོད་པའི་《དབྱི་སོའི་གཏམ་རྒྱུད།》ཀྱང་དུས་སྐབས་དེར་ལེགས་པར་གྲུབ་པ་རེད། 
        གནའ་བོའི་གྷི་རི་སིའི་ལྷ་སྒྲུང་གི་ཁྱབ་རྒྱ་ཡངས་ཤིང་ནང་དོན་ཕུན་སུམ་ཚོགས་པས་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་གོ་གནས་ཆེན་པོ་བཟུང་ཡོད་པ་བསླབ་པ་ཐོས་གཉེར་ཅན་དག་ལ་རྒྱུས་མངའ་ཡོད་པ་དེ་ལྟར་ལགས། སྤྱི་བསྡོམས་ཀྱི་ཚུལ་དུ་དཔྱད་ན། གནའ་བོའི་གྷི་རི་སིའི་ལྷ་སྒྲུང་ལ་འཕེལ་རིམ་གསུམ་མཆིས་ཏེ། དང་པོ་ནི་ཨོ་ལིན་ཕེས་ཁིའི་སྔོན་གྱི་དུས་རིམ་ཏེ། གཙོ་བོ་མ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་གནས་བབ་མཚོན། གཉིས་པ་ནི་ཨོ་ལན་ཕེས་ཁིའི་དུས་རིམ་སྟེ། གཙོ་བོ་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་གནས་བབ་མཚོན་ཞིང་དུས་སྐབས་དེར་གནའ་བོའི་གྷི་རི་སིའི་ལྷ་སྒྲུང་མ་ལག་ཅན་དང་སྒྱུ་རྩལ་ཅན་དུ་འགྱུར་མགོ་བརྩམས། གསུམ་པ་ནི་ཨོ་ལིན་ཕེས་ཁི་རྗེས་མའི་དུས་རིམ་སྟེ། དུས་རིམ་སྔོན་མ་གཉིས་ཀྱི་རྨང་གཞིའི་སྟེང་ཁ་སྣོན་བྱས་ནས་བྱུང་བ་ཡིན་ཞིང་། གཙོ་བོ་བྲན་གཡོག་སྤྱི་ཚོགས་ཀྱི་ཉམས་རྒུད་དང་གྲལ་རིམ་གྱི་དབྱེ་འབྱེད། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་སྟོབས་ཤུགས་སོགས་མཚོན།
        བསམ་གཞིག་ནི་མུན་ནག་གི་སྤྱི་ཚོགས་ལ་རྒོལ་བའི་གཟུགས་མེད་ཀྱི་མཚོན་ཆ་དང་ལྐོག་གྱུར་གྱི་གསང་བ་བརྟོལ་བའི་ཤེས་རབ་ཀྱི་རལ་གྲི་ཡིན། གནའ་བོའི་གྷི་རི་སིའི་ཡབ་མེས་རྣམས་ཀྱིས་ཚེ་སྲོག་དང་རང་བྱུང་། མིའི་རིགས་ཀྱི་ལས་དབང་སོགས་ལ་བསམ་གཞིག་བྱས་ཏེ་སྨག་སྟུག་པའི་མཚན་མོ་ཞིག་གི་ཡོལ་བ་ངང་གིས་ཕྱེ།
        གཞིག་བྱའང་བློའི་གཞལ་བྱ་གང་རུང་ལ་དམིགས་ནས་གཞིག་སྟངས་དང་བསམ་བློ། དྲིས་ལན་སོགས་རིམ་བཞིན་འཐུས་ཇེ་ཚང་དང་། དངོས་པོའི་གཤིས་ལུགས་དང་ཉེ་བར་བཅར་བའི་གོ་རིམ་ནི་མཚན་ཉིད་རིག་པའི་སྤྱིའི་བླང་བྱ་དང་འཕེལ་འགྲོས་ལྟ་བུར་སྣང་།
        ནུབ་གླིང་མཚན་ཉིད་རིག་པའི་འབྱུང་ཁུངས་ནི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པར་འབྲེལ་ཞིང་། གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པར་ནང་དོན་གྱ་ནོམ་ཞིང་མཚོན་སྟངས་སྣ་ཚོགས་པ། ལྟ་བའི་ཁྱབ་ཡངས་པ། གཏན་ཚིགས་ཚགས་དམ་པའི་ཁྱད་ཆོས་ལྡན། ཤེས་རིག་དང་བསམ་བློ་གང་ཞིག་གི་བྱུང་བ་དེ་སྐབས་ཐོག་དེའི་སྤྱི་ཚོགས་དང་ལོ་རྒྱུས་རྒྱབ་ལྗོངས་དང་དམ་དུ་འབྲེལ་ཞིང་། གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པའི་བྱུང་བའང་དེར་མཐུན་གྱི་སྤྱི་ཚོགས་རྒྱབ་ལྗོངས་དང་བྲལ་ཐབས་མེད། སྐབས་ཐོག་དེར་གནའ་བོའི་གྷི་རི་སིའི་བྲན་གཡོག་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། རྒྱལ་ཕྲན་རྒྱལ་ཁབ་ཀྱི་བྱུང་བས་རང་དབང་དང་དམངས་གཙོའི་སྤྱི་ཚོགས་ཁ་དབུགས་ཤིག་ངང་གིས་ཆགས་པ་དང་། གཞན་སྐབས་ཐོག་དེའི་ཆོས་ལུགས་གྲུབ་མཐར་ཤུགས་སྟོབས་ཆེན་པོ་མེད་པ་སོགས་ཀྱིས་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པའི་བྱུང་བ་དང་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན། བསམ་གཞིག་ལ་དགའ་བའི་གནའ་བོའི་གྷི་རི་སིའི་མིའི་ཆོས་ཐམས་ཅད་ལ་མཚར་སྣང་གིས་གཞིགས་པའི་རྟོག་འགྱུ་དང་། དྲི་བ་རེ་རེའི་དྲིས་ལན་ལ་རྒྱུ་མ་ཕུ་འདེད་ཀྱིས་འཚོལ་ཞིབ་བྱེད་པའི་བློ་སྤོབས། བསམ་གཞིག་གི་དུས་ཚད་ལ་ཚད་བཀག་མེད་པའི་ལྷོད་ཡངས་ཀྱི་འཚོ་བ་བཅས་ནི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་རང་ངོས་ཀྱི་ཁྱད་ཆོས་དང་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་བྱུང་བའི་ནང་རྐྱེན་དུ་འཁུམས།  གནའ་བོའི་གྷི་རི་སིའི་ཆེས་ཐོག་མའི་དུས་རིམ་གྱི་མཚན་ཉིད་རིག་པའི་གཞིག་བྱ་གཙོ་བོ་ནི་འཇིག་རྟེན་གྱི་ངོ་བོ་ཡིན་ཞིང་། ནུབ་གླིང་མཚན་ཉིད་རིག་པའི་ཡབ་ཆེན་དུ་འབོད་པའི་རྡེ་ལི་སི་ཡིས་ཆེས་ཐོག་མར་འཇིག་རྟེན་གྱི་ངོ་བོ་ནི་ཅི་ཞིག་ཡིན་ཞེས་པའི་དྲི་བ་བཏོན་པ་ནས་མཚན་ཉིད་རིག་པའི་བསམ་གཞིག་རིང་མོ་ཞིག་གི་སྒོ་འཕར་ཡངས་པོར་ཕྱེ། ཁོང་གིས་ཆུ་ནི་འཇིག་རྟེན་སྐྱེ་དངོས་ཐམས་ཅད་ཀྱི་ངོ་བོ་དང་སྐྱེད་ཡུམ་ཡིན་པའི་ལྟ་ཚུལ་བཏོན་ཅིང་། ལྟ་ཚུལ་འདིའི་འབྱུང་ཁུངས་ནི་གནའ་བོའི་གྷི་རི་སིའི་ཆུས་འཇིག་རྟེན་གཡོ་བར་བྱེད་པའི་ལྷ་སྒྲུང་དང་གནའ་བོའི་གྷི་རི་སིའི་མཚོ་རྒྱུད་དང་བཅར་བའི་རང་བྱུང་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ལྡན། ཡིན་ནའང་ཁོང་གི་དྲི་བ་དང་དྲིས་ལན་དེར་ནུབ་གླིང་མཚན་ཉིད་རིག་པའི་བྱུང་འཕེལ་ལོ་རྒྱུས་སྟེང་དེ་ལྟ་བུའི་གོ་གནས་དང་ཤུགས་རྐྱེན་ཆེན་པོ་ལྡན་པ་ནི། ལྷ་སྒྲུང་དང་ཆོས་ལུགས་ཀྱི་འཇིག་རྟེན་ལྷས་བསྐྲུན་པར་སྨྲ་བའི་ལྟ་ཚུལ་གྱི་བཀག་རྒྱ་ལས་ཐར་ཏེ། དངོས་པོའི་གཤིས་ལུགས་ལ་འཚོལ་ཞིབ་དང་ལྷ་སྒྲུང་དང་ཆོས་ལུགས་ཀྱི་ལྟ་བ་ལ་དོགས་འདྲི་བྱས་པས་རེད།
        སོ་གྷི་ར་རྡི(སྤྱི་ལོ་སྔོན་གྱི་469ལོ་ནས་སྤྱི་ལོ་སྔོན་གྱི་399ལོ།)ནི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པའི་ལོ་རྒྱུས་སྟེང་གི་བསམ་བློ་བ་གལ་ཆེན་ཞིག་ཡིན།  ནུབ་གླིང་མཚན་ཉིད་རིག་པའི་བྱུང་འཕེལ་གྱི་རླབས་རྒྱུན་ལྟར་ན། སོ་གྷི་ར་རྡི་ཡན་གྱི་མཚན་ཉིད་རིག་པའི་གཞིག་བྱ་གཙོ་བོ་ནི་རང་བྱུང་ཁམས་ཡིན་ཞིང་། ཁོ་ཚོས་རང་བྱུང་ཁམས་ལ་རྒྱུས་ལོན་དང་དཔྱད་ཞིབ་བྱས་པ་བརྒྱུད་དེ་འཇིག་རྟེན་གྱི་ངོ་བོ་ལ་ངོས་འཛིན་བྱས་པ་རེད།  རྗེས་རབས་པས་སོ་གྷི་ར་རྡིའི་སྐབས་ཀྱི་མཚན་ཉིད་རིག་པ་ནི་ནུབ་གླིང་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ལ་ངོས་འཛིན་བྱེད་ཅིང་། སོ་གྷི་ར་རྡི་ཡིས་མི་རང་ཉིད་བསྐྱུར་ཏེ་རང་བྱུང་ཁམས་ལ་ཞིབ་འཇུག་བྱེད་པ་ནི་རྨང་མི་ཚུགས་པའི་བསམ་བློ་ཞིག་ཡིན་པས། སྔོན་ལ་ངེས་པར་དུ་མིའི་རིགས་རང་ཉིད་ལ་ངོས་འཛིན་བྱ་དགོས་པའི་ལྟ་ཚུལ་བཏོན། དེ་བས་ཁོང་གིས་མིའི་བློ་གྲོས་དང་ནུས་པ། ཆབ་སྲིད། ཀུན་སྤྱོད། སྤྱི་ཚོགས། མི་ཚེ་སོགས་ཀྱི་ཁྲོད་དུ་གནས་པའི་གནད་དོན་ལ་བསམ་བློ་གཏོང་མགོ་བརྩམས། མིའི་བསམ་བློའི་བློ་སྦྱོང་ནི་སོ་གྷི་ར་རྡིའི་མཚན་ཉིད་རིག་པའི་སྲོག་ཤིང་ཡིན་ཞིང་། མིའི་རིགས་དང་འབྲེལ་བའི་བདེ་སྐྱིད་དང་ཀུན་སྤྱོད། བདེན་དོན་སོགས་ཀྱི་བརྡ་དོན་ལ་བསམ་གཞིག་བྱས་ཏེ་བརྡ་དོན་དེ་དག་གི་གོ་དོན་དང་གཞིག་སྟངས་ཇེ་ཡངས་སུ་བཏང་། གཞན་ཁོང་གིས་ཤེས་བྱ་དང་དཔྱོད་ཤེས་ལ་མཐོང་ཆེན་བྱེད་ཅིང་། ཕྱིའི་བྱ་དངོས་དང་བདེན་དོན་ལ་དཔྱད་ཞིབ་བྱེད་སྐབས་རང་ཉིད་ཀྱི་བསམ་བློ་དང་ནང་སེམས་ཀྱི་མྱོང་གྲུབ་ལ་བརྟེན་དགོས་པའི་ལྟ་ཚུལ་བཏོན།།  


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1