བོད་ལུགས་གསོ་རིག་ལས་དྲེག་ནད་ཀྱི་རྟགས་བཅོས།
བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11
རིག་གནས་ཆེན་པོ་ལྔ་ཡི་ཡ་རྒྱལ་དུ་གྱུར་པའི་གཞན་རྗེས་སུ་འཛིན་པའི་གསོ་བ་རིག་པ་འདི་ལ་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་རང་རེའི་མེས་པོ་གོང་མ་རྣམས་ཀྱི་ས་མཐོའི་འབྱུང་ཁམས་དང་ནད་རིགས་སྣ་ཚོགས་ལ་ཡུན་རིང་འཐབ་རྩོད་དང་ཞིབ་འཇུག་བྱས་པའི་བརྒྱུད་རིམ་བཞིན་གསར་གཏོད་གནང་བའི་མཐའ་བཞིའི་གསོ་རིག་གི་སྙིང་བཅུད་ཀྱིས་ཟུར་བརྒྱན་པ་ཞིག་སྟེ། དེར་རྨང་གཞི་རིག་པའི་གཞུང་ལུགས་དང། ནད་ཐོག་རིག་པ། སེམས་ཁམས་རིག་པ། བདེ་སྲུང་དང་སྔོན་འགོག་སོགས་གསོ་རིག་གི་མ་ལག་ཡོངས་སུ་ཆ་ཚང་བ་དང་ལྷག་པར་དུ་ནད་ཀྱི་དཔུང་འཇོམས་པ་ལ་གཉེན་པོ་ལག་ལེན་བཅོ་བརྒྱད་སོགས་རྒྱས་པར་དབྱེ་ན་དེ་ལས་ཀྱང་མང་བར་མཆིས་པས་འགྲོ་བ་ནད་པ་ཀུན་གྱི་རེ་བ་ཇི་བཞིན་བསྐོངས་ནུས་པའི་ཕུལ་བྱུང་གི་གསོ་རིག་ཞིག་ཡིན།
སྐབས་འདིར་གླེང་བར་བྱ་བ་ནི་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་ཆེན་བཞི་ཡི་ནང་གསེས་དུམ་བུ་གསུམ་པ་མན་ངག་ཡོན་ཏན་རྒྱུད་ཀྱི་སྐབས་བདུན་པ་ཐོར་ནད་གསོ་བའི་ནང་གསེས་དྲེག་ནད་ཀྱི་རྟགས་བཅོས་སྐོར་ལ་རགས་ཙམ་ཞུ་བར་བྱ་རྒྱུ་ཡིན།
དགོས་པ་དང་དམིགས་ཡུལ།
བདག་གིས་དྲེག་ནད་ཀྱི་རྟགས་བཅོས་སྐོར་ལ་ཅུང་ཟད་གླེང་བའི་དགོས་པའམ་དམིགས་ཡུལ་ནི་དེང་སྐབས་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང། ཚན་རིག། དཔལ་འབྱོར་སོགས་ཉིན་རེ་བཞིན་གོང་འཕེལ་འགྲོ་བ་དང་ཆབས་ཅིག་མིའི་གཟུགས་པོའི་འཕྲོད་བསྟེན་བྱ་གཞག་དང་སྨན་བཅོས་ཀྱི་ཆ་རྐྱེན་སོགས་ཕྱོགས་གང་ཅིའི་ཐད་ནས་ལེགས་སུ་འགྲོ་བ་ནི་སྨོས་མི་དགོས། ཡིན་ནའང་མི་མང་པོ་ཞིག་གིས་རྒྱས་བཟའ་རྒྱས་བཏུང་དང། སྤྱོད་ལམ་དམན་ལྷག་ལོག་པ་སོགས་ཀྱི་བཅོས་དཀའ་བའི་ནད་གཞི་སྣ་ཚོགས་ན་བཞིན་ཡོད་ལ་ལྷག་པར་དུ་དྲེག་ནད་ནི་དེང་སང་ན་མཁན་མང་ཞིང་ཤིན་ཏུ་བཅོས་དཀའ་བའི་ནད་ཞིག་ཡིན་སྟབས་གསོ་བྱ་ནད་པ་རྣམས་ནད་ཀྱི་རྒྱ་ལས་མྱུར་དུ་གྲོལ་བ་ལ་ཅུང་ཟད་ཕན་རེ་གདགས་པའི་ཆེད་དང་བདག་དང་བདག་འདྲ་བའི་བོད་ཀྱི་གསོ་རིག་རྒྱུད་འཛིན་མཁན་གྱི་ལས་དང་པོ་བ་རྣམས་ལ་ནད་གཞི་འདི་ཉིད་གྲུམ་བུ་དང་རྐང་འབམ་སོགས་དང་མི་འཁྲུལ་བའི་ཆེད་དུ་རྩོམ་འདི་བྲིས་པ་ཡིན།
ས་བཅད་དང་པོ། དྲེག་ནད་ཀྱི་ངེས་ཚིག
དྲེག་ཅེས་པ་ནི་གནས་སམ་མདོག་ལ་བལྟོས་ནས་བཏགས་པའི་ནད་ཀྱི་མིང་སྟེ། ཟིན་ཏིག་བདུད་རྩིའི་ཐིགས་པའི་དཀའ་མཆན་འཇམ་མགོན་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ་ཞེས་པ་ལས། བརྡ་དོན་གསལ་སྟོན་མེ་ལོང་ལས། གྲུ་ཚིགས་གཉིས་སམ་རྒྱ་ཚིགས་གཉིས། དྲེག་བཞི་ཞེས་གྲགས་དེའི་གནས་སམ། གང་ནའི་གནས་སུ་དྲེག་སྨུག་ནག། ཆགས་པས་དྲེག་ནད་ཅེས་སུ་བཤད། ཞེས་གསུངས་པ་ལྟར་ནད་གཞི་འདི་ནི་ཟས་དང་སྤྱོད་ལམ་མི་འཕྲོད་པ་སྟེ་དམན་ལྷག་ལོག་གསུམ་གྱི་རྐྱེན་གྱིས་རླུང་ཁྲག་འཁྲུགས་ཏེ་ཐོག་མར་རྐང་པའི་མཐེ་བོང་དང་རྐང་མཐིལ་གྱི་རུས་ཚིགས་སོགས་དམར་སྐྲངས་ཆགས་ཏེ་ན་ཟུག་གཏོང་བ་ནས་མཐར་གྲུ་ཚིགས་སོགས་རུས་ཚིགས་གཞན་དག་དང་རྩ་དང་ཆུ་རྒྱུས་ལ་མཆེད་འགྲོ་བའི་ནད་ཅིག་ཡིན། གཙང་སྟོད་ཟིན་ཏིག་དང་ཡང་ཐིག་ལས། མིང་གི་རྣམ་གྲངས་འདི་ལྟ་སྟེ། རྒྱ་གར་ཐེང་ནད་སྟོབས་འཇིག་ཟེར། རྒྱ་ནག་ཕྱུག་པོའི་རླུང་ནད་ཟེར། བལ་པོ་ཤུགས་དྲེག་ཡན་ལག་ཟེར། བོད་ནི་འདི་ལ་དྲེག་ནད་ཟེར། དོན་ཅིག་མིང་གི་རྣམ་གྲངས་ལ། གང་ལྟར་བཅོས་ཀྱང་ཉེས་པ་མེད། ཅེས་གསུངས་པ་ལྟར་རོ། །
ས་བཅད་གཉིས་པ། དྲེག་ནད་ཀྱི་རྒྱུ་རྐྱེན།
རྒྱུད་ལས། རྒྱུ་རྐྱེན་ཁྲག་འཁྲུགས་བྱེད་པའི་ཟས་སྤྱོད་བསྟེན། ཉིན་པར་གཉིད་ལོག་སྐྱིད་པར་འདུག་པ་དང། དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས་པ་ཡིས། རྐང་པའི་མཐེ་མོ་ལག་པའི་གྲུ་མོར་གནས། དང་པོ་ཁོལ་བུ་རྙིང་ནས་མཆེད་པར་འགྱུར། ཞེས་དང། གཙང་སྟོད་ཟིན་ཏིག་ཡང་ཐིག་ལས། རྒྱུ་རྐྱེན་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་མ་རིག་དུག་གསུམ་དང། ཉེས་པ་གསུམ་དང་ཁྲག་འཁྲུགས་པ་ཡིན། བྱེ་བྲག་ཁྲག་ནི་འཁྲུགས་བྱེད་ཟས། ཚ་བ་དང་ནི་མི་འཕྲོད་པ། རྟེན་དང་སྦྱོར་བ་ལོག་པ་དང། ཉལ་པོ་དྲགས་དང་སྐྱིད་པར་གནས། ཉིན་ཉལ་མཚན་གཉིད་མ་ལོག་དང། ཆང་འཐུངས་དྲགས་དང་བཞོན་པ་དྲགས། བརྡབས་དང་མཆོང་དང་བཅིངས་པ་ཡིས། མིའི་ཁྲག་ནི་འཁྲུགས་གྱུར་ཅིང། རླུང་སྐྱེད་པ་ཡི་ཟས་ཟོས་པས། འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། དེ་བཞིན་ཁྲག་ཀྱང་ལམ་འཁྱོག་པས། ཉིང་ལག་ཚིགས་ལ་གནོད་པར་བྱེད། ཅེས་གསུངས་པ་ལྟར་ནད་སློང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་རླུང་ཁྲག་འཁྲུགས་པར་བྱེད་པའི་ཟས་དང་སྤྱོད་ལམ་མེ་ཉི་སོགས་བསྟེན་དྲགས་པ་དང། རྒྱུན་དུ་ཚ་སྐྱུར་ཅན་གྱི་ཁ་ཟས་རིགས་དང། ལྷག་པར་དུ་ཆང་རག་བག་མེད་ལོངས་སུ་སྤྱོད་པ། དེ་བཞིན་ཤིང་ཏོག་རིགས་འདྲ་མིན་དང། བཏུང་བཅའ་གྲང་མོའི་རིགས་འཐུངས་ཆེས་པ། མ་ཚོས་པ་དང་ཚོས་མ་ཐག་པའི་ཟས་རིགས། རྒྱ་མཚོར་གནས་པའི་ཉ་སོགས་འབུ་སྲིན་རིགས། ཉིན་མོར་གཉིད་ལོག་པ་དང་མཚན་གཉིད་མི་ཁུག་པ། ཤ་ཚིལ་སྣུམ་བག་ཅན་སོགས་བསྟེན་ནས་དལ་བར་སྡོད་ཆེས་པ། རྟ་སོགས་ལ་བཞོན་ནས་རྐང་པ་ཐུར་དུ་ཡུན་རིང་འཕྱངས་པ། ལྷམ་དོག་པ། དྲག་ཤུལ་སོགས་ཀྱི་རྐྱེན་གྱིས་དྭངས་མ་རང་གནས་སུ་མ་སྨིན་པས་ཆུ་སེར་འཕེལ་བ་དང། ངན་ཁྲག་འཁྲུགས་པའི་རྐྱེན་གྱིས་ཐོག་མར་རྐང་པའི་མཐེ་བོང་དང་རྐང་པའི་མཐིལ་གྱི་རུས་ཚིགས་རྣམས་སུ་ན་ཟུག་བཟོད་མེད་གཏོང་བ་དང། དེ་ནས་རིམ་བཞིན་དམར་ལ་སྐྲངས་ཤིང་སྨུག་ནག་ཆགས་ཏེ་མཐར་གྲུ་ཚིགས་གཞན་དག་ལ་གནས་བཅའ་ཞིང་དེ་ཡང་དང་པོ་ཁོལ་བུ་ཁོལ་བུར་ན་བ་འབྱུང་ཞིང་ནད་རྙིང་པར་གྱུར་ཚེ་ལུས་ལ་རྒྱ་ཆེར་མཆེད་པར་གྱུར་རོ། །གཞན་ཡང་དེ་ལ་དུས་ཀྱི་དབང་གིས་དཔྱིད་དུས་ས་དྲོད་སླེབས་མ་ཐག་པ་དང་སྟོན་དུས་ས་དྲོད་བསྡུ་བའི་སྐབས་སུ་ནད་འདི་མངོན་གསལ་ལྡང་བའི་དུས་ཡིན་པ་མ་ཟད་གནམ་གཤིས་འགྱུར་ལྡོག་བྱུང་བ་དང་རིམས་ཚད་དང་རྒྱུན་དུ་ཆུར་ཞུགས་ཀྱི་ལས་བྱེད་པ། གཞའ་བརླན་ཆེ་བའི་སྟེང་དུ་ཉལ་དྲགས་པ་དང་བསྡད་དྲགས་པ་ལུས་ཁམས་འཁྱགས་དྲགས་པ་བཅས་ཀྱི་ནད་གཞི་འདི་ལྡང་གི་ཡོད། གནས་ཀྱི་དབང་དུ་གསོ་བ་རིག་པའི་གཞུང་རྒྱུད་དོན་སྙིང་པོ་དགོས་དོན་ཀུན་འབྱུང་ལས། གནས་ནི་གསར་དུས་པགས་པ་ཁྲག་ལ་གནས། ཕལ་ཆེར་རྐང་པའི་དྲེག་དང་མཐེ་བོང་དང། ལག་པའི་གྲུ་མོ་ལག་ལ་གནས་བཅས་ཤིང། ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཁྱབ། ཞེས་གསུངས་པ་ལྟར་གནས་གཙོ་ཆེ་བ་ནི་རྐང་པའི་མཐེ་བོང་གི་གནས་སུ་ན་མང་བའོ།།
ས་བཅད་གསུམ་པ། དྲེག་ནད་ཀྱི་དབྱེ་བ།
རྒྱུད་ལས་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། ཞེས་རླུང་ལས་གྱུར་བ་དང། མཁྲིས་པ་ལས་གྱུར་བ། ཁྲག་ལས་གྱུར་བ། བད་ཀན་ལས་གྱུར་བ་བཅས་བཞིའོ། གཞན་ཡང་དུས་ཀྱི་དབྱེ་བ་གསུམ་སྟེ། གསར་པའི་དུས་དང་རྙིང་པའི་དུས། ཤུགས་རྒྱས་དུས་བཅས་གསུམ། མདོག་ཀྱི་སྒོ་ནས་དབྱེ་བ་གསུམ་སྟེ། ཕན་བདེ་བསིལ་ཟེར་སྤྲོ་བའི་ཟླ་གསར་ལས། ཕྱག་རྡོར་མགོན་པོས། དྲེག་གི་ནད་ལ་དཀར་ནག་ཁྲ་གསུམ་སྟེ། དཀར་པོ་རྐང་མཐིལ་རྒྱུ་ཞིང་མཐེབ་ཆུང་འཁར། ནག་པོ་ལོང་རྩ་བརྒྱུད་ཅིང་མཐེབ་ཆེན་འཁར། ཁྲ་བོ་ཉ་སུལ་རྒྱུ་ཞིང་རྟིང་པར་འཁར། དྲེག་ནི་དྲག་ཤུལ་གྱིས་བསླངས་རླུང་ཁྲག་འཁྲུགས། དྲེག་རྐྱེན་རྔུལ་འདྲེས་ལྷམ་དོག་པ་ལས་འབྱུང། ཞེས་དང། གཡུ་ཐོག་པའི་ཤོག་དྲིལ། རྒྱུད་བཞིའི་མཐའ་དཔྱོད་ལས། འདི་ལ་ཚ་དྲེག་གྲང་དྲེག་གཉིས་སུ་དབྱེ། ཚ་དྲེག་དམར་ལ་རླངས་པ་ཆེ་བ་དང། མི་ནོར་རྟགས་སུ་སྐྲངས་ལ་མེ་འོད་ཆགས། འདི་ལ་བསིལ་དང་གཏར་བ་ཁོ་ནས་བཅོས། གྲང་དྲེག་རྐང་ལག་ཁུམས་ལ་འགུལ་མི་ནུས། དེ་ལ་ཙོང་དང་བཅུད་ཀྱིས་བཅོས་པར་བྱ། ཞེས་དྲེག་ནད་ལ་དབྱེ་བ་མང་དུ་མཆིས་ཀྱང་གཙོ་ཆེ་བ་རྒྱུད་ལས་གསུངས་པ་ལྟར་རླུང་མཁྲིས་ཁྲག་དང་བད་ཀན་བཞི་རུ་ཕྱེ་ན་ལེགས་པར་སེམས།
ས་བཅད་ལྔ་པ། དྲེག་ནད་ཀྱི་རྟགས།
དྲེག་ནད་ཀྱི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས།
དང་པོ། སྤྱི་རྟགས།
རྒྱུད་ལས། དེ་རྟགས་མངོན་ཚུལ་བརླ་རྐེད་ཚིགས་མཚམས་ན། གཡའ་འགུལ་ཆག་སྙམ་ཚོར་མེད་ལྕི་བ་སྟེ། ཡང་ཡང་ལྡང་ཞིང་སླར་ལྕི་འགྱུར་བ་ཡིན། ནད་རྒྱས་གསར་དུས་པགས་པ་ཁྲག་ལ་གནས། སྐྲངས་དམར་དྲོད་ཆེ་སྲ་ལ་སྔོ་ཐིག་བཅས། ཤིན་ཏུ་ན་ཞིང་བྱ་རྨྱང་མང་བ་སྟེ། རྟོགས་སླའི་དུས་ཡིན་དུས་འདིར་བཅོས་པ་གཅེས། ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཁྱབ། ལྷག་པར་སྐྲངས་ཤིང་མི་བཟོད་སྲ་ལ་ཧྲེམ། གཞང་ཁ་རུས་ཚིགས་ཆད་པ་སྙམ་དུ་སེམས། ཤུགས་རྒྱས་ཞ་ཐེང་འདི་དུས་གསོ་དཀའ་འགྱུར། ཞེས་དང། ཞེས་གསུངས་པ་ལྟར་ཐོག་མར་མངོན་ཚུལ་ལ་བརླ་དང་རྐེད་པ་པུས་ཚིགས་བྱིན་པ་རྣམས་ན་བ་དང་གཡའ་བ་སྟེ་ཟ་འཕྲུག་བྱེད་པ། འགུལ་བསྐྱོད་བྱས་ཚེ་རུས་ཚིགས་ཆག་པ་སྙམ་དུ་སེམས་པ་དང། ཚོར་བ་གསལ་པོ་མེད་པ་བེམ་བེམ་པོར་བྱེད་པ། རྐང་རྐེད་སོགས་ལྕི་བ་སྟེ་ཡང་ཡང་ལྡང་ཞིང་སླར་ལྕི་བར་འགྱུར་བ། ནད་འདི་སྟོབས་རྒྱས་དེ་གསར་པའི་དུས་སུ་ལུས་ཀྱི་པགས་པ་དང་ཁྲག་ལ་གནས་པ་དང། སྐྲངས་པའི་མདོག་དམར་ལ་དྲོད་ཆེ་བ་སྐྲངས་པ་ངོ་བོ་སྲ་ལ་སྔོ་ཐིག་དོན་པ་བཅས་ནད་པ་ཤིན་ཏུ་ན་ཞིང་རྐང་ལག་རྐེད་པ་སོགས་བྱ་རྨྱང་མང་བར་བྱེད་པས་དེ་དུས་རྟོགས་སླའི་དུས་ཡིན་བཅོས་པ་ཤིན་ཏུ་གཅེས། ཐ་མ་རྙིངས་ནས་རྩ་དང་ཆུ་བ་ཤ་ཚིལ་རུས་ཚིགས་ཀུན་ལ་ཁྱབ་ཅིང་ལྷག་པར་དུ་སྐྲངས་པ་དམར་ཤིང་མི་བཟོད་པར་ན་བ་སྐྲངས་པོ་ཡང་ཤིན་ཏུ་སྲ་ལ་ཧྲེམ་པ། གཞང་ཁ་དང་རུས་པའི་ཚིགས་གཞི་རྣམས་ཀྱང་ཆད་པ་སྙམ་དུ་སེམས་ལ་འགྲོ་བསྐྱོད་བྱས་ཚེ་རྐང་པ་ཐེང་པ་དང་ན་ཟུག་ཆེ་བ་རྐང་པའི་མཐེ་བོང་གི་ངོས་སུ་སྲ་ལ་མཁྲེགས་པོར་གྱུར་བ་དང། མཐར་གཅིན་ལམ་དང་མཁལ་མའི་གནས་སུ་བྱེར་ནས་མཁལ་ནུས་ཞན་པར་གྱུར་བ་སོགས་ཤིན་ཏུ་བཅོས་དཀའ་བར་འགྱུར་བ་ཡིན་ཏེ། གསོ་རིག་དགོས་པ་ཀུན་འབྱུང་ལས། དེ་རྟགས་གཡའ་འགུལ་ཆག་སྙམ་བྱེད། ཡང་ཡང་ལྡང་ཞིང་སླར་ཞི་འགྱུར། གསར་དུས་པགས་པ་ཁྲག་ལ་གནས། སྲ་ཞིང་མདོག་དམར་དྲོད་ཆེ་ཚ། རྟོགས་སླའི་དུས་ཡིན་ཤིན་ཏུ་ན། རྙིངས་ནས་རྩ་ཆུ་རུས་ཚིགས་ཁྱབ། ལྷག་པར་སྐྲངས་ཞིང་ཚ་ལ་ཧྲེམ། དྲོད་ཆེ་ཤིན་ཏུ་མི་བཟོད་དམར། ཤུགས་རྒྱས་ཞ་ཐེང་ལུས་ཀུན་བྱེར། ཚ་དྲེག་དྲོད་ཆེ་མི་བཟོད་དམར། གྲང་དྲེག་ཚོར་མེད་གཡའ་བསིལ་ལྕི། ཡང་ན་འདར་འཁྲིག་འཕེལ་འགྲིབ་ཆེ། ཞེས་དང། ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ལས། དེ་ཡིས་འབྱུང་ཚུལ་རྐང་ལག་ཚིགས། པུས་མོ་བྱིན་པ་བརླ་རྐང་པ། གཡའ་ཞིང་སྐྲངས་ལ་འགུལ་བ་དང། ཆག་སྙམ་སེམས་ཤིང་ཚོར་མེད་ལྕི། རྩ་རྒྱས་ཤ་སྐྲངས་པགས་དྲོད་ཆེ། ཡང་ཡང་འབྱུང་ཞིང་སླར་ཡང་ཞི། ཕལ་ཆེར་མདོག་ནི་དམར་སྨུག་འབྱུང། ཚ་དྲེག་གྲང་དྲེག་གཉིས་ཀྱང་ཟེར། གསར་རྙིང་གཉིས་ཀྱི་ཁྱད་པར་ཡིན། ཞེས་གསུངས་པ་བཞིན་ནོ། གཞན་ཡང་དྲེག་གི་རྩ་ཆུའི་རྟགས་ནི། མན་ངག་རིན་ཆེན་འབྱུང་གནས་ལས། དྲེག་གི་ནད་ལ་རྩ་ཆུ་ཕྱི་ཡུལ་གསུམ། དྲེག་གི་རྩ་ནི་སྣ་ཐུང་མཁྲང་ལ་གྲིམས། ཁྲག་ཚད་རྩ་འདྲ་ཁྱད་པར་ཅུང་ཞིག་གཡོ། དྲེག་གི་ཆུ་ལ་ངེས་མེད་ཚད་པ་འདྲ། མི་ནོར་རྟགས་སུ་རྭ་གཞོབ་ཁོ་ན་བྲོ། དྲེག་གི་ཕྱི་ཡུལ་རྐང་པ་ཁོལ་སྙམ་བྱེད། ལྡང་དུབ་བྱེད་ཅིང་ཡང་ཡང་མེ་ལྟར་འབར། ཞེས་གསུངས་པ་ལྟར་དྲེག་གི་འཕར་རྩ་ཕྲ་ལ་གྲིམས་པས་ལྷག་པར་ན་ཚ་གཞོགས་གང་བབས་ཆག་རྩ་དམིགས་བསལ་གྲིམས་པ། དྲི་ཆུ་དམར་སེར་དྲི་རླངས་ཆེ་ལ་ཀུ་ཡ་གཏིང་དུ་གནས་པ། ལྦུ་བ་སངས་སྐྱེན་ཞིང་ཚག་སྒྲ་ལྡན་པ། ལྕེ་སྟེང་དུ་བད་དྲེག་ཆགས་པ་སོགས་ཀྱི་མངོན་ཚུལ་ཡོད།
གཉིས་པ། བྱེ་བྲག་གི་རྟགས།
རྒྱུད་ལས། ཁྱད་པར་རླུང་གྱུར་གཟེར་འཕྲིག་འཕེལ་འགྲིབ་བྱེད། སྐྲངས་ལ་ནག་པོ་སྔོན་པོའི་ཐིག་ལེ་འོང། མཁྲིས་གྱུར་དྲོད་ཆེ་དམར་ལ་རེག་མི་བཟོད། ཁྲག་གྱུར་ཚ་འབྲབ་མདོག་དམར་འདྲུལ་བར་བྱེད། བད་ཀན་ལས་གྱུར་གཡའ་ལྕི་ཚོར་བ་མེད། ཞེས་རླུང་ཤས་ཆེ་བའི་དྲེག་ནད་ཡིན་ན་གཟེར་ཟུག་ཆེ་ཞིང་སྐྲངས་པ་འཕེལ་འབྲི་བྱེད་པ་དང། སྐྲངས་པའི་མདོག་ནག་པོའམ་སྔོན་པོ་འོང་བ། ཡན་ལག་རེངས་ཤིང་སོར་མོ་འཁུམས་པ། སྙིང་ལ་གྲང་མོ་མི་འདོད་ཅིང་ན་སར་གླན་ན་ཕན་པའི་སྙམ་བྱེད་པ། མཁྲིས་པ་ལས་གྱུར་བ་ནི་དྲོད་ཆེ་ཞིང་སྐྲངས་མདོག་དམར་ལ་རེག་པའི་ཚེ་ན་ན་ཚ་བསྲན་མི་བཟོད་པ། ཁྲག་ལས་གྱུར་བ་ནི་ཟང་མའི་མདོག་ལྟར་རབ་ཏུ་དམར་ཞིང་སྐྲངས་པ་ཆེར་རྒྱས་ཀྱིས་ཚ་འབྲབ་བྱེད་པ། བད་ཀན་ལས་གྱུར་པ་ལ་གཡའ་བ་ཞེས་ཟ་འཕྲུག་འབྱུང་བ་དང། ལུས་ལྕི་ལ་འགུལ་བསྐྱོད་དཀའ་བ། ལུས་ཀྱི་རེག་བྱ་མི་བསལ་བའོ།།
ས་བཅད་དྲུག་པ། འཁྲུལ་སོ་བསལ་བ་དང་མི་ནོར་བའི་རྟགས།
ཕྱི་མ་འཕྲིན་ལས་རྒྱུད་ལས། དྲེག་དང་གྲུམ་བུ་རྐང་འབམ་རྟགས་བཅོས་འཕྲུལ། ཞེས་གསུངས་པ་ལྟར་དྲེག་གི་ནད་འདི་གྲུམ་བུ་དང་རྐམ་འབམ་སོགས་ལ་ནོར་ཉེན་ཆེ་བས་འཁྲུལ་སོ་བསལ་བ་ལ།
དང་པོ། རྐང་འབམ་དང་འཁྲུལ་སོ་བསལ་བ།
རྐམ་འབམ་ཟེར་བ་ནི་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་ལ་ནད་འགྱུར་བྱུང་ནས་མཆུ་ཏོ་དང་སོ་རྙིལ་སོགས་སྨུག་ནག་ཆགས་པ་ནས་མཐར་རྐང་པའི་ཤ་གྲིམས་ལ་སྨུག་སྐྲངས་ཆགས་པ་དང། ཁྲག་རྩ་འགགས་པ། པགས་པར་སྨུག་ཐིག་འདོན་པ། ཆུ་རྒྱུས་རེངས་འཁུམས་ཆགས་པ་བཅས་ཀྱི་ནད་ཅིག་ཡིན། རྐང་འབམ་དང་དྲེག་གཉིས་ནི་ཡན་ལག་སྐྲངས་པ་དང་སྨུག་ནག་ཏུ་འགྱུར་བ་དང། ཡན་ལག་རེངས་འཁུམས་བྱུང་ནས་འགུལ་བསྐྱོད་དཀའ་བ་སོགས་འཁྲུལ་སོ་ཆེ་ཡང་རྐང་འབམ་ན་ཟུག་ཆུང་ཞིང་ནད་གཞི་སྟོད་ནས་སྨད་དུ་འབབ་པ་དང་དྲེག་ནི་ན་ཟུག་ཆེ་ཞིང་འཕེལ་འབྲི་ཆེ་བའོ།།
གཉིས་པ། གྲུམ་བུ་དང་འཁྲུལ་སོ་བསལ་བ།
གྲུམ་བུ་ནི་ཁ་ཟས་ཀྱི་དྭངས་མ་ཚུལ་བཞིན་རང་གནས་སུ་མ་སྨིན་པས་ཡན་ལག་གི་ཚིགས་དམིགས་རྣམས་ལ་ཆུ་སེར་འཕེལ་བས་བད་ཀན་འབྱོར་བྱེད་ཀྱི་བྱེད་ལས་ཉམས་པར་འགྱུར་ཏེ་ཚིགས་ཀུན་ཆག་གྲུམ་ཤོར་བ་ལྟར་ན་བའི་ནད་ཅིག་ཡིན། དྲེག་དང་གྲུམ་བུ་གཉིས་ནི་དྭངས་མ་མ་ཞུ་བའི་རྒྱུ་ལས་བྱུང་བ་ཞིག་ཡིན་ཡང་དྲེག་ནད་ནི་རུས་པའི་ནད་དང་གྲུམ་བུ་ནི་ཤ་རུས་ཀུན་ལ་ཁྱབ་པའི་ནད་ཞིག་ཡིན་པ་དང་དྲེག་ནད་གཙོ་ཆེར་རྐང་པའི་མཐེ་བོང་དང་གྲུམ་བུ་ནི་རྐང་ལག་གི་ཚིགས་སྤྱི་དང་ཁྱད་པར་དུ་ཚིགས་ཕྲན་རྣམས་སུ་འབྱུང་བ་མ་ཟད་དྲེག་ནད་ནི་ངོ་བོ་རླུང་ཁྲག་འཁྲུགས་པ་ལས་བྱུང་ཞིང་སྐྲངས་པ་ཆེ་ལ་སྐྲངས་མདོག་སྨུག་པ། སྐྲངས་པ་ཟུག་གཟེར་ཆེ་ཞིང་རེག་མི་བཟོད་པ། གྲུམ་བུའི་ནད་ནི་ངོ་བོ་ཆུ་སེར་འཕེལ་བ་ལས་འབྱུང་བ་དང་སྐྲངས་པ་ཆེར་མི་འབྱུང་ཞིང་འགུལ་ཚེ་སྐད་ངན་འཆོར་བ་ལྟ་བུའི་ན་ཟུག་ཡོད་པ་ཡིན།
གསུམ་པ། མི་ནོར་བའི་རྟགས།
མི་ནོར་བའི་རྟགས་སུ་ཆུ་ལ་རྭ་གཞོབ་བྲོ་ཞེས་ནད་པའི་དྲི་ཆུར་བརྟག་པས་རྭ་གཞོབ་ལྟ་བུའི་གསུར་དྲི་བྲོ་བ་དང། གསར་པའི་དུས་སུ་པགས་པ་དང་ཁྲག་ལ་གནས་པས་ཟངས་མདོག་ལྟར་དམར་ཞིང་དྲོད་ཆེ་ལ་རེག་མི་བཟོད་པ་དང། གནས་རྐང་པའི་མཐེ་བོང་ལ་ཐོག་མར་འབབ་ཅིང་སྐྲངས་དང་ན་ཟུག་འཕེལ་འབྲི་ཆེ་བའོ།།
ས་བཅད་བདུན་པ། དྲེག་ནད་ཀྱི་བཅོས་ཐབས།
གསོ་ཚུལ་ལ་དྲེག་གི་ནད་ལ་ངོས་འཛིན་གསལ་པོ་རྙེད་རྗེས་དེ་ལ་གཉེན་པོ་གཟབ་བཅོས་བྱ་རྒྱུ་ནི་ལག་ལེན་གྱི་གནད་དམ་པ་ཞིག་ཡིན་པས་འདིར་བཅོས་ཐབས་གཙོ་བོ་རྣམ་པ་བཞི་རུ་དབྱེ་བ་སྟེ།
དང་པོ། ཟས་ཀྱིས་བཅོས་པ།
རྒྱུད་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང། དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། ཞེས་གསུངས་པ་ལྟར་དྲེག་གི་ནད་ལ་ཐོག་མར་ཟས་སྐོམ་ཐད་རྒྱུད་གཞུང་བཞིན་ཟས་ནི་ཆུ་སེར་བསྐྱེད་པའི་དཀར་མངར་རིགས་དང། རུལ་སྐྱུར་རྗེན་ཟས་སྔོ་ངད་འཇུ་དཀའི་རིགས་ལན་ཚྭ་སྣུམ་ཞིང་ལྕི་བ། རྒྱ་མཚོར་གནས་པའི་འབུ་སྲིན་རིགས། དེ་བཞིན་དུ་སེམས་ཅན་གྱི་ནང་ཁྲོལ། ཆང་རག་སོགས་སྤང་དགོས་པ་དང་ཟས་སྐོམ་བསིལ་ལ་ཡང་བ་སྟེ་ཤ་གསར། མར་དཀར། འོ་ཇ། འབྲས་ཐུག་སླ་མོ་སོགས་གང་ལ་དེ་འཚམ་བསྟེན་དགོས།
གཉིས་པ། སྤྱོད་ལམ་གྱིས་བཅོས་པ།
ནད་གཞི་འདི་ཉིད་ཤས་ཆེར་རྐང་པ་ལ་བབས་པས་མེ་ཉི་སོགས་དྲོས་པར་མི་བསྲོ་བ། དྲག་ཤུལ་མ་ཡིན་པར་དལ་བར་བཅག་པ། རྒྱུན་དུ་འགྲོ་ཆེས་པ་དང་བསྡད་ཆེས་པ་མ་ཡིན་པར་དལ་བར་སྡོད་པ། བརླན་དང་འཁྱགས་པའི་ཡུལ་དུ་མི་འདུག་པ། དྲག་ཤུལ་གྱི་ལས་བྱེད་པ་སོགས་ཀྱི་རླུང་ཁྲག་འཁྲུགས་པ་དང་གཞན་ཡང་རླུང་བསྐྱེད་པར་བྱེད་པའི་ཟས་སྤྱོད་བསྟེན་པས་རླུང་གི་ནད་འཕེལ་ཏེ་ལོག་པའི་ལམ་དུ་ཞུགས་པས་ཁྲག་རྒྱུའི་ལམ་འགག་པ་སོགས་ཀྱི་ནད་བསྐྱེད་སྲིད་པས་སྤང་དགོས།
གསུམ་པ། སྨན་གྱིས་བཅོས་པ།
སྨན་གྱིས་བཅོས་པ་ལ་ཐོག་མར་གསར་པའི་དུས་སུ་གཉན་ཚད་གཅོག་གང་ཐུབ་བྱས་ནས་སྨན་རྣམས་གསོ་བྱའི་ལུས་ཁམས་དང་ན་ཚོད་བཅས་ལ་གཞིགས་ཏེ་དངུལ་རིན་བཅོ་བརྒྱད། མགྲིན་མཚལ་ཉེར་ལྔ། སྤོས་ཁྱུང་བཅོ་ལྔ། ཀླུ་བདུད་བཅོ་བརྒྱད། ཁྱུང་ལྔ། དྲེག་ཐང་སོགས་སྨན་སྦྱོར་ཁག་ཉིན་ཤས་བསྟེན་ནས་གཉན་ཁ་གཅོག་དགོས། གལ་ཏེ་ཁོག་པ་མི་བདེ་ན་བདེ་བྱེད་ཀུན་ཕན་དང་སེ་འབྲུའི་སྨན་སྦྱོར་རིགས་ཞོར་དུ་བསྟེན་པར་བྱ། དེ་ཡང་སྡེ་དགེ་བླ་སྨན་གྱི་སྨན་ཡིག་གཅེས་བསྡུས་ལས། བཅོས་ཐབས་དང་པོ་ཐང་ནི་ཞག་འགའ་བསྟེན། སླེ་ཏྲེས་བྲག་ཞུན་ཨ་རུས་དྲེག་ནད་སེལ། དེ་དུས་སྲན་ཆུང་སྐྱོ་མས་བྱུག་པར་བྱ། ཐང་གིས་གུར་གུམ་བཅུ་པའི་ཕྱེ་མ་བཏང། དྲེག་ནད་ཚ་གྲང་ཞི་བྱེད་ལ། སེང་ལྡེང་ཆུ་སེར་སྨན་གསུམ་འོམ་བུ་དང། བྱི་ཏང་ག་དང་གུ་གུལ་མུ་ཟི་སེར། ཞིབ་བཏགས་སྦྲང་སྦྱར་ལོ་བརྒྱད་ཆུ་ཡིས་ཕུལ། འབྲས་བུ་གསུམ་དང་སྤོས་དཀར་སོ་མ་ར། རྒྱམ་ཚྭ་ཐལ་ཚྭ་ཟེ་ཚྭ་ཁ་རུ་ཚྭ། ཤིང་ཚ་རུ་རྟ་མུ་ཟི་བུ་རམ་སྦྱར། ལོ་བརྒྱད་ཆུས་ཕུལ་སྦྱོར་བ་ཟུང་འདི་ཡིས། དཀར་ནག་དྲེག་ནད་ཡུལ་འདོན་ཤིན་ཏུ་ཟབ། ཞེས་དང། གོང་གསལ་གྱི་ནད་རྟགས་རྣམས་ཅུང་ཟད་ཞི་བ་དང་གཉན་སྨན་རིམ་བཞིན་འཕྲི་སྟེ་སྤོས་དཀར་བཅུ་པ། སེང་ལྡེང་ཉེར་གསུམ། སེང་ལྡེང་ཉེར་ལྔ། མགྲིན་མཚལ་ཉེར་ལྔ། བསམ་ཁྱུང་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་ལ་དེ་འཚམ་གྱི་བེད་སྤྱོད་བྱས་ནས་ཆུ་སེར་སྐེམས་པའི་བྱ་ཐབས་ལ་འབད་དགོས། 2008ལོའི་ཟླ་2པའི་བོད་སྨན་སློབ་གསོ་དང་ཞིབ་འཇུག་ལས། བྱམས་པ་ཆོས་བཟང་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པ་ལས་གདུག་པ་དྲེག་ནད་གསོ་བཅོས་བྱ་ཐབས་སྐོར་གྱི་མྱོང་བ་ཕྲན་བུ་བརྗོད་པ་ལས། གལ་ཏེ་རྐང་པའི་མཐེ་བོང་ངོས་སུ་སྐྲངས་པ་དང་ཚ་ཤར་རྒྱག་པ་འགྲོ་བསྐྱོད་དཀའ་བ་སོགས་བྱུང་ན་གཉེན་པོ་སྤོས་དཀར་བཅུ་པའི་སྟེང་སེང་ལྡེང་ཁཎ་བསྣན་པ་དང། མགྲིན་མཚལ་ཉེར་ལྔའི་སྟེང་སེང་ལྡེང་ཁཎ་བསྣན་ནས་བཏང་ན་ཤིན་ཏུ་ཕན་ཞིང་ཆུ་སེར་ཤས་ཆེ་ན་ཁྱུང་ལྔ་ཞིབ་པར་བརྡུངས་ནས་སྐྲངས་པོའི་སྟེང་བྱུག་ནས་མེ་ཉིར་ཅུང་བསྲོས་ན་ན་ཟུག་འཇགས་པ་དང་སྐྲངས་པོ་འཇོམས་པ་ལ་ཕན་ཐོགས་ཆེན་པོ་འདུག་གསུངས། མཇུག་ཏུ་བསམ་ནོར་དང་ཨ་གར་བརྒྱད་པ། ཨ་གར་ཉི་ཤུ་སོགས་བསྟེན་དགོས།
བཞི་པ། དཔྱད་ཀྱི་བཅོས་པ།
གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བེདུར་སྔོན་པོའི་མ་ལི་ཀ་ཞེས་བྱ་བ་ཞུགས་སོ་ཞེས་པ་ལས། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནང་སྐྱོན་བསལ་དགོས་ཏེ། རླུང་བཅོས་ཅི་རིགས་རླུང་བསལ་ལ། དེ་རྗེས་མང་དུ་གཏར་ལ་ཉུང་དུ་རྐང་ལག་གང་བབས་ཀྱི་རྩ་ནས་དབྱུང་དགོས་ཀྱང་ཉམ་ཆུང་རླུང་ཤས་ཆེ་ན་གཏར་མི་རུང་ཞིང་ཙག་ཙག་ལྷང་ལྷང་ནས་རྔབས་རུའི་ཤུལ་དེ་གཙགས་བུས་དྲལ་ཏེ་ཁྲག་འདོན་པར་བྱ། ཞེས་དང། གསོ་རིག་འབུམ་བཞི་ལས། དུར་བྱིད་ཨ་རུ་རྒྱམ་ཚྭ་པི་པི་ལིང། བཀྲུ་འཇམ་སྦྱོར་བ་དྲེག་ནད་སྨན་མཆོག་ཡིན། ནང་སྐྱོན་སེལ་ན་ཕྱི་ནས་བྱུག་པས་བཅོས། ཏིལ་མར་གུ་གུལ་སྤྲ་ཚིལ་ཐལ་དྲེག་བཙོད། བསྐོལ་བའི་ལྡེ་གུ་བྱུགས་པས་དྲེག་ནད་སེལ། ཞེས་གསུངས། གོང་གསལ་གྱི་གཉེན་པོ་རྣམས་ཉིན་བཅུ་གྲངས་བསྟེན་རྗེས་དྲེག་རྩའམ་གང་ཉེ་གང་རྒྱས་ཀྱི་རྩ་ལ་གཏར་བ་དང་ཁྱད་པར་དུ་ནད་དང་པོར་ལྡང་དུས་རླུང་ཤས་ཆེ་བས་གཏར་མི་རུང་བས་ཙག་ཙག་ལྷང་ལྷང་ན་བའི་གནས་སུ་རྔབས་རྭ་བཙུགས་ནས་ཁྲག་ངན་དབྱུང་བར་བྱའོ། རྗེས་གཅོད་ལ་སྤྱི་གཙུག་དང་སྡུད་སྒོ། མཐེ་བོང་སྤུ་སྐྱེས། དོན་སྣོད་ཀྱི་སྤྱི་གསང་བཅས་གཙོ་བོར་བསྲེག་པའི་ཁར་ཚིགས་པ་དང་རུས་པ་གང་ན་བ་དང་སྐྲངས་པ་རྒྱས་ནས་འབུར་བ་དེའི་གཡས་གཡོན་ལ་བསྲེག་པ་དང། སྐྲངས་པ་སོགས་ཅུང་ཞི་བའི་མཐར་སྐྲངས་རྡོག་དེའི་སྟེང་དུ་མེ་བཙའ་གདབ་དགོས། 2008ལོའི་ཟླ་2པའི་བོད་སྨན་སློབ་གསོ་དང་ཞིབ་འཇུག་ལས། རྡོ་རྗེ་སྒྲོལ་མ་ལགས་ཀྱིས། དྲེག་ནད་རྟགས་བཅོས་བྱས་པའི་མྱོང་ཚོར་གླེང་བ་ལས། རྐང་པའི་མཐེབ་ཚིགས་ལ་བབས་ན་དེའི་ནང་ཟུར་གྱི་རུས་འབུར་དེ་ནས་དྲེག་མཚམས་སུ་ཚོན་གང་གི་ས་དང་མཐེ་བོང་སྤུ་སྐྱེས་ཀྱི་སྟེང་གཞན་ཡང་རྐང་པའི་མཐེབ་མཛུབ་བར་ནས་བོལ་སྟེང་དུ་ཚོན་གང་དང་མཐིལ་འོག་ཏུ་སོར་ཕྱེད་ཙམ་བཅལ་བའི་གཟེར་གནས་རེ་རེ་བཅས་ལ་མེ་བཙས་བསྐོར་ན་ཤིན་ཏུ་ཕན་ཆེ། དྲེག་ནད་ཀྱི་གནས་གོང་འོག་གཡས་གཡོན་དུ་མི་བྱེར་བའི་ཐབས་ལ་ལོང་ཚིགས་ཀྱི་གོང་འོག་བསྲེག་དགོས་གསུངས། གཞན་ཡང། ག་རྒྱ་ཁྱུང་སྤྲུལ་སྨན་གཞུང་ལས། དེ་སོགས་ཞི་བྱེད་སྨན་གྱིས་མ་ཐུབ་ན། དཔྱད་བཅོས་དུར་བྱིད་ཨ་རུ་རྒྱམ་ཚྭ་དང། པི་ལིང་གུ་གུམ་དབྱི་མོང་སོ་མ་རས། དྲེག་གི་ནད་རྣམས་སྦྱོང་བར་བྱེད་པ་སྟེ། རྗེས་སུ་མུ་ཟི་ལ་སོགས་ཆུ་ཚན་འཕྲོད། ཞེས་རང་བྱུང་གི་ཆུ་ཚན་དང་སྨན་ལུམས་སོགས་བསྟེན་པས་དྲེག་གྲུམ་ནད་ལྡང་བར་སྔོན་འགོག་བྱེད་ཐུབ་བོ། །
མཇུག་བསྡུ་བའི་གཏམ།
བོད་ཀྱི་གསོ་བ་རིག་པ་འདིར་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང། རང་རེའི་མེས་པོ་གོང་མ་རྣམས་ཀྱི་ནད་གཞི་འདྲ་མིན་ལ་ཡུན་རིང་འཐབ་རྩོད་དང་གསོ་རིག་གཞན་གྱི་ལེགས་ཆ་ཤེས་རྟོགས་དང་སློབ་སྦྱོང། བསྡུ་ལེན་མཛད་དེ་རང་རིགས་བོད་ཀྱི་གསོ་བ་རིག་པ་ལ་ཁ་སྐོང་འཐུས་ཚང་བཏང་ཏེ་མི་རིགས་གཞན་ལ་སྨོན་མི་དགོས་པའི་དཔལ་ལྡན་རྒྱུད་བཞི་གསར་གཏོད་གནང་བས་ང་ཚོ་ཕྱི་རབས་པ་རྣམས་ཀྱི་སློབ་སྦྱོང་དང་ནད་ཐོག་ལག་ལེན་དངོས་ནང་བེད་སྤྱོད་བྱེད་དགོས་པ་ནི་ང་ཚོ་གསོ་རིག་རྗེས་འཛིན་པ་ཞིག་གིས་ངོས་ནས་བརྗོད་ན་གཡོལ་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན་པས་དེར་བརྟེན་ང་ཚོས་སྔོན་བྱོན་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་ལ་སློབ་སྦྱོང་དང་དེ་དག་ལ་ཁུང་བཅོལ་བྱས་ཏེ་ནད་ཀྱི་དཔུང་འཇོམས་པ་ལ་ཉེ་བར་མཁོ་བའི་གཉེན་པོ་ལག་ལེན་བཅོ་བརྒྱད་སོགས་ནད་ཐོག་དངོས་ནང་བེད་སྤྱོད་ཐུབ་པ་བྱས་ཏེ་འགྲོ་བ་ནད་པའི་གདུང་བ་སེལ་ཐུབ་པ་བྱེད་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།
དེ་ལྟར་གོང་དུ་དྲེག་ནད་ཀྱི་ངེས་ཚིག་དང། རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཅས་ཀྱི་སྐོར་ཅུང་ཟད་གླེང་བ་ནི་རྨང་གཞི་རིག་པའི་གཞུང་ལུགས་ལ་གཞི་བྱས་ཏེ་རང་ཉིད་བགྲང་བྱ་བཞི་ཡི་ནང་བོད་ཀྱི་གསོ་རིག་གཞུང་ལུགས་ལ་སློབ་སྦྱོང་དང་ལག་ལེན་དངོས་ནང་ལོ་གཅིག་ཙམ་སློབ་སྦྱོང་བྱ་རིང་གི་མཐོང་ཐོས་ལ་གཞིགས་ཏེ་དྲེག་ནད་སྐོར་ལ་ཅུང་ཟད་དཔྱད་པ་འདིར་རང་ཉིད་ཆུ་ཚད་དམའ་བ་དང་མཐོང་རྒྱ་ཆུང་བ་ལག་ལེན་དངོས་ཀྱི་མཐོང་གོམས་མེད་པས་ཆད་ལྷག་དང་ནོར་འཛོལ་གང་མང་མཆིས་པས་རིག་པའི་གཞུང་ལུགས་ལ་མཁས་པའི་དགེ་བའི་བཤེས་གཉེན་དང་ན་མཉམ་སློབ་གྲོགས་རྣམས་ཀྱི་སྐྱོན་བརྗོད་དང་མཛུབ་སྟོན་གནང་རྒྱུའི་འདུན་པ་ཤིན་ཏུ་ཆེའོ། །