བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


 དེབ་གོང་མའི་འཕྲོར་མཐུད། )

དེ་མོ་ཕྲིན་ལས་རབ་རྒྱས་དང་། །

རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་། །

ཁྲི་ཆེན་བློ་བཟང་རྒྱལ་མཚན་དང་། །

ཅོ་ནེ་ངག་དབང་རྒྱལ་མཚན་དང་།

སླར་ཡང་ཐུབ་བསྟན་རྒྱ་མཚོ་དང་། །

རྭ་སྒྲེང་འཇམ་དཔལ་ཡེ་ཤེས་དང་། །

སྟག་བྲག་ངག་དབང་གསུང་རབ་དང་། །

རྒྱལ་བ་བསྟན་འཛིན་རྒྱ་མཚོ་བཅས །

ལོ་ངོ་སུམ་བརྒྱ་བཅུ་བདུན་ལ། །

སྲིད་སྐྱོང་སྲིད་རབ་སོ་གཅིག་བྱུང་། །

27 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་བདུན་པ། དེ་མོ་འཕྲིན་ལས་རབ་རྒྱས། མེ་ཁྱི་སྤྱི་ལོ་1886ལོའི་ཟླ་ལྔ་པར་སྲིད་སྐྱོང་གི་ཁྲི་ལ་འཁོད། ལོ་དེར་དབྱིན་དམག་གིས་རྩོད་གཞི་སློང་། ས་བྱི་སྤྱི་ལོ་1888ལོར་བོད་དབྱིན་དམག་འཁྲུག་བྱུང་། སྐབས་འདིར་བོད་ཀྱི་དཔོན་རིགས་རྣམས་སྲིད་དབང་རྩོད་པའི་འཐབ་རྩོད་རྣོ་ངར་ཇེ་ཆེར་གྱུར། ཤིང་ལུག་སྤྱི་ལོ་1895ལོར་དེ་མོས་སྲིད་སྐྱོང་དགོངས་ཞུས་བྱས། །

28 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་བརྒྱད་པ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། ཤིང་ལུག་སྤྱི་ལོ་1895ལོའི་ཟླ་བརྒྱད་པའི་ཚེས་8ཉིན། བོད་སྐྱི་ཆོས་སྲིད་གཉིས་ཀྱི་ཁྲི་ལ་འཁོད། ས་ཕག་སྤྱི་ལོ་1899ལོར་སོག་པོ་རྡོ་རྗེ་གཡིབ་ཀྱིས་ཞུ་སྐུལ་ལ་བརྟེན་ནས་ཨོ་རོ་སོག་ཏུ་ཕེབས་གྲབས་མཛད་སྐབས། བཀའ་ཤག་ནས་བཀག་འགོག་བྱས་པས་ཕེབས་མ་ཐུབ། ཆུ་ཡོས་སྤྱི་ལོ་1903ལོར་དབྱིན་བོད་དམག་འཁྲུག་ཐེངས་གཉིས་པ་དེ་ལངས། ཤིང་འབྲུག་སྤྱི་ལོ་1904ལོར་དབྱིན་དམག་ལྷ་སར་སླེབས་སྟབས་རྒྱལ་བ་རིན་པོ་ཆེ་ཉེན་གཡོལ་དུ་ཕྱི་སོག་ཕེབས། སྤྱི་ལོ་1909ལོར་བོད་དུ་ཕྱིར་ཕེབས། །

29 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་དགུ་པ། རྒྱལ་ཚབ་ཡིན། ཁྲི་ཆེན་བློ་བཟང་རྒྱལ་མཚན། ཏཱ་ལའི་བླ་མ་སོག་ཡུལ་དུ་ཉེན་བྱོལ་ཕེབས་རྗེས་སྲིད་སྐྱོང་གི་ལས་ཚབ་གནང་། སྤྱི་ལོ་1909ལོར་ཏཱ་ལའི་བླ་བོད་དུ་ཕྱིར་ཕེབས་པ་དང་སྲིད་ཁྲི་ལས་བབས། རྒྱལ་ཐུབ་བསྟན་རྒྱ་མཚོས་སྲིད་ཟླ་བ་བཞི་ཙམ་བསྐྱངས་རྗེས་སླར་ཡང་རྒྱ་གར་དུ་བྲོས། །


30 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་སུམ་ཅུ་པ། རྒྱལ་ཚབ་ཡིན། ཁྲི་ཆེན་ངག་དབང་རྒྱལ་མཚན། ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གསུམ་པ་ཡིན། མདོ་སྨད་ཅོ་ནེ་རྫོང་གི་ཉེ་འདབས་ཐང་སྒང་ཤ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་ལོ་1863ལོར་སྐུ་འཁྲུངས། དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅོ་ལྔ་པའི་མེ་ལུག་སྤྱི་ལོ་1907ལོར་དགའ་ལྡན་ཁྲིར་ཕེབས། ཆུ་བྱི་སྤྱི་ལོ་1912ལོའི་ཟླ་བ་ལྔ་པ་ཏཱ་ལའི་བླ་མ་ཕྱིར་བོད་དུ་ཕེབས་པ་དང་སྲིད་ཁྲི་ལས་བབས། དགུང་ལོ་ང་བརྒྱད་དུ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་སྤྱི་ལོ་1920ལོར་སྐུ་གཤེགས། །

31 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་སོ་གཅིག་པ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། སྤྱི་ལོ་1912ལོར་རྒྱ་གར་ནས་བོད་དུ་ཕེབས་པ་དང་སྔར་བཞིན་སྲིད་དབང་སྐྱོང་། སྤྱི་ལོ་1914ལོ་ནས་དམག་དཔུང་ལེགས་བཅོས་དང་དམག་གྲངས་རྒྱ་བསྐྱེད་བྱས། དེ་རྗེས་རིམ་བཞིན་ཞིང་ལས་དང་། བཟོ་ལས་སྐོར་ལ་དོ་སྣང་ཆེས་ཆེར་གནང་། སྤྱི་ལོ་1922ལོར་ཇ་ཞིང་འདེབས་འཛུགས་འགོ་བཙུགས། སྤྱི་ལོ་1925ལོར་སྦྲག་ཁང་དང་། ཏར་ཁང་སོགས་དེང་རབས་ཀྱི་ལས་ཁུངས་འགའ་ཞིག་བཙུགས། སྤྱི་ལོ་1928ལོ་ཡས་མས་ཙམ་ནས་ཕ་བོང་ཁ་པ་ལ་དོལ་རྒྱལ་དར་སྤེལ་སྐོར་ལ་དམ་བསྒྲགས་གནང་། སྤྱི་ལོ་1933ལོར་སྦྱར་དུག་གིས་སྐུ་གཤེགས། །


32 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་སོ་གཉིས་པ། རྭ་སྒྲེང་འཇམ་དཔལ་ཡེ་ཤེས། ལུང་ཤར་བས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་གསང་པའི་སྒྲིག་འཛུགས་ཤིག་བཙུགས། བོད་དམངས་གཙོའི་སྲིད་གཞུང་འཛུགས་དགོས་པའི་དགོངས་འཆར་བཏོན་སྟབས། ལུང་ཤར་བ་བཙོན་དུ་བཅུག་ཅིང་མིག་གཉིས་བཏོན། 1939ལོར་བོད་ཀྱི་རྒྱལ་འཛོམས་ཚོགས་འདུའི་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་ལོ་དེར་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ནན་ཅིན་སློས་གྲྭ་ཆེན་མོའི་ནང་དུ་བོད་རིགས་སློབ་གྲོགས་གུང་ཁྲན་ཏང་གི་ཚོགས་པ་བཙུགས་ཏེ་གསར་བརྗེའི་ལས་འགུལ་སྤེལ། །

33 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་སོ་གསུམ་པ། སྟག་བྲག་ངག་དབང་གསུང་རབ། 1947ལོར་རྭ་སྒྲེང་འཛིན་བཟུང་བྱས་མཐར་བཀྲོངས། ཟླ་བ་10པའི་ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས། ལྕགས་སྟག་སྤྱི་ལོ་1950ལོའི་མཇུག་བཅིངས་འགྲོལ་དམག་མི་ཆབ་མདོ་འབྱོར་སྐབས་ཅི་བྱ་གཏོལ་མེད་ཀྱིས་སྲིད་ཁྲི་ལས་བབས། །

ལྔ་པའི་སྐབས་སུ་སྡེ་སྲིད་ལྔ། །

སངས་རྒྱས་རྒྱ་མཚོ་སྲིད་སྐྱོང་དངོས། །

ལྷ་བཟང་ཧན་གྱིས་བོད་སྲིད་བཅོམ། །

ཇུན་གར་དྲངས་ཏེ་ལྷ་བཟང་བཀུམས། །

ཇུན་དམག་ངན་པའི་འཆལ་སྤྱོད་ཀྱིས། །

སྡེ་འབངས་བསྟན་དགོན་ཐམས་ཅད་བཅོམ། །

རྒྱ་དམག་དྲངས་པས་སོག་དམག་བྲོས། །

སྟག་རྩེ་བ་སོགས་སྐེ་སྲོག་ཤོར། །

ལྔ་པའི་སྐབས་ཀྱི་སྡེ་སྲིད་རྣམས་ཀྱི་སྐོར།དགའ་ལྡན་ཕོ་བྲང་བཙུགས་པའི་སྐབས་སུ་རྒྱལ་བ་ལྔ་པ་ཆེན་པོ་ཆོས་གཉིས་ཀྱི་བདག་པོ་དང་། བོད་ཀྱི་སྲིད་དོན་ལས་བྱེད་པ་སྔར་གྱི་སྡེ་སྲིད་བསོད་ནམས་ཆོས་འཕེལ་སྲིད་སྐྱོང་དུ་བསྐོས། 1658པའི་ས་ཁྱི་ལོར་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྲོངས། ཆོས་སྲིད་གཉིས་ཀྱི་འགན་ཡོངས་རྫོགས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་བཞེས། སྤྱི་ལོ་1660པའི་ལྕགས་བྱི་ལོར་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲིར་བཀོད། སྤྱི་ལོ་1668པའི་ས་སྤྲེལ་ལོར་འདས། སྐབས་དེར་བོད་འབྲུག་འཁྲུག་པ་སོགས་རྙོག་འཛིང་ཅུང་ཆེ་བས་གནས་སྐབས་ལྔ་པ་ཆེན་པོས་ཆོས་སྲིད་གཉིས་ཀའི་འགན་བཞེས། སྤྱི་ལོ་1669ལོར་མཆོད་དཔོན་བློ་བཟང་མཐུ་སྟོབས་སྲིད་སྐྱོང་བསྐོས། སྤྱི་ལོ་1674པའི་ཤིང་སྟག་ལོར་སྡེ་སྲིད་ས་སྐྱའི་བདག་མོ་དང་ལུས་འབྲེལ་གྱི་སྡོམ་པ་མི་གཙང་བའི་བཀའ་ཉེན་ཕོག་པས་གོང་དཀར་དུ་སྡོད་དུ་བཅུག སྐབས་དེར་རྒྱལ་བ་ལྔ་པ་ཆེན་པོས་དམིགས་བསལ་གྱི་སྤྱན་གསལ་བ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲི་ལ་བཀོད་ཀྱང་། ཁོང་རང་གིས་རེ་ཞིག་རིག་གཞུང་སློབ་གཉེར་བགྱིད་བཞིན་པ་དེ་ལ་འཐུས་ཤོར་དོགས་ནས་གནས་སྐབས་དགོངས་ཞུས་བྱས་པ་དེ་བཞིན་དགོངས་འཁྲོལ་ཐོབ། སྤྱི་ལོ་1675རྩེ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ་སྲིད་སྐྱོང་བསྐོས། སྤྱི་ལོ་1679པའི་ས་ལུག་ལོར་སྲིད་སྐྱོང་དགོངས་པ་ཞུས། །

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར།ལོ་དེར་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། འདི་དག་ནི་ཆོས་སྲིད་གཉིས་ལས་རྒྱལ་བ་ལྔ་པའི་སྐབས་ཀྱི་སྲིད་སྐྱོང་ཡིན་ཞིང་། དེ་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་ཆེན་སྐུ་གཤེགས་རྗེས་ལྔ་པ་བཞུགས་ཡོད་ཟོལ་གྱིས་དོན་ཏུ་ཁོ་རང་གིས་སྲིད་དབང་སྔ་ཕྱི་ལོ་ཉེར་བཞི་ཙམ་བཟུང་བས་སྲིད་སྐྱོང་དངོས་ཡིན། སྤྱི་ལོ་1682ལོར་རྒྱལ་བ་ལྔ་པ་སྐུ་གཤེགས་པ་ནས་གསང་རྒྱ་དམ་པོའི་སྒོ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐུགས་འགན་བཞེས། སྤྱི་ལོ་1683ལོར་རྒྱལ་བའི་ཡང་སྲིད་མོན་རྟ་དབང་དུ་འཁྲུངས་པ་གསང་རྒྱའི་སྒོ་ནས་བདག་སྐྱོང་གནང་། སྤྱི་ལོ་1688ལོར་སྨན་གཞུང་འགྲེལ་ཆེན་བཻ་སྔོན་རྩོམ་སྒྲིག་མཛད། 1694ལོར་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་དང་། རྒྱུད་བཞི་ཤིང་པར་བརྐོས། ལོ་དེར་རྒྱུད་བཞིའི་འགྲེལ་བཤད་ཀྱི་ཞལ་ཐང་དོན་དགུ་ཅན་འབྲི་འགོ་བརྩམས། སྤྱི་ལོ་1696ལོར་ལྕགས་པོ་རིའི་གསོ་རིག་སློབ་གྲྭ་བཙུགས། སྤྱི་ལོ་1697ལོར་རྒྱལ་བའི་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་གྲུབ་པ་དང་། ས་ཡོས་སྤྱི་ལོ་1699ལོར་སོག་པོ་བསྟན་འཛིན་ད་ལའི་སྲས་གཉིས་མ་མཐུན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བར་གསེད་གནང་སྟེ། སྲས་ཆུང་བ་ལྷ་བཟང་བཞུང་ནས་སྐལ་ཐོབ་བབ་མཚུངས་ཞིག་སྤྲོད་ནས་ཕྱིར་མཚོ་སྔོན་དུ་ཕེབས་རྒྱུའི་བཀའ་ཐག་བཅད། ལྕགས་འབྲུག་སྤྱི་ལོ་1700ལོར་སོག་རྒྱལ་བསྟན་འཛིན་ད་ལའི་གཤེགས། སྲས་ཆེ་བ་བསྟན་འཛིན་དབང་རྒྱལ་སོག་ཡུལ་དུ་བཞུགས་པར་བརྟེན། སྲས་ཆུང་བ་ལྷ་བཟང་དབུས་སུ་ཕེབས་ནས་ཡབ་ཀྱི་གོ་གནས་བཟུང་། དེ་ནས་ལྷ་བཟང་ཧན་ལ་བོད་ཁམས་དབང་དུ་བསྡུ་རྒྱུའི་ཧམ་སེམས་སྐྱེས་ཏེ། སྡེ་སྲིད་དང་ལྷ་བཟང་བར་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ཉིན་ལྟར་ཛ་དྲག་ཇེ་ཆེར་ཕྱིན། ཆུ་ལུག་སྤྱི་ལོ་1703ལོར་སྨོན་ལམ་ཆེན་མོའི་སྐབས་སུ་ལྷ་བཟང་ཧན་གྱིས་བཀོད་མངགས་ལྟར། སོག་པོའི་རྗེས་འབྲངས་པ་རྣམས་ཀྱིས་སྡེ་སྲིད་ཀྱི་ཞབས་འབྲིང་པ་འགའ་ཞིག་བཟུང་ནས་བསད། སྡེ་སྲིད་ཀྱིས་དམག་བསྡུས་ཏེ་གཡུལ་བཀྱེས་པས་ལྷ་བཟང་ཧན་འཁོར་དང་བཅས་པ་འདམ་གཞུང་བར་ཕྱིར་འཐེན་དགོས་པ་བྱུང་། དེ་ནས་སོག་པོས་འདམ་བརྒྱ་ཤོག་བརྒྱད་ཀྱི་དམག་དཔུང་བསྐྱར་བསྒྲིགས་བྱས་ཏེ་ལྷ་སར་ཚུར་རྒོལ་བྱས་པས་བོད་སོག་བར་དམག་འཁྲུག་ཚབས་ཆེན་ལངས། སྐབས་དེར་སེ་འབྲས་འཐུས་མི་དང་ལྷག་པར་དུ་འབྲས་སྤྲུངས་སྒོ་མང་མཁན་པོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་ངག་དབང་བརྩོན་འགྲུས་ཀྱིས་བར་འདུམ་གནང་སྟེ། སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲི་ལས་བབས་ཏེ་སྐུ་སྐལ་དུ་རྫོང་ཕུལ་ཞིང་དེར་བཞུགས་རྒྱུ་དང་། སྲས་ངག་དབང་རིན་ཆེན་སྡེ་སྲིད་ཀྱི་ཁྲི་ལ་བཀོད་རྒྱུའི་ཐག་བཅད་པས་རེ་ཞིག་ཟིང་ཆ་ཞི།

ལྷ་བཟང་ཧན་གྱིས་སྡེ་སྲིད་འདུལ་བའི་སྐོར། སྤྱི་ལོ་1705པའི་ཤིང་བྱ་ཟླ་བ་དང་པོར་སླར་ཡང་དམག་འཁྲུགས་ལངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། སོག་པོ་ལྷ་བཟང་ཧན་བར་གྱི་རྙོག་དྲ་ཐག་གཅོད་པའི་ཆེད་དུ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ། སྐྱིད་ཤོད་སྡེ་པ། ལ་མོ་ཆོས་རྗེ། གདན་སའི་མཁན་པོ། གཞུང་ཞབས་གཙོ་གནད་ཁག པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་མགྲོན་གཉེར་དཀའ་ཆེན་རྡོ་རྗེ། སོག་པོ་སྦྱིན་བདག་ཁག་བཅས་འཚོགས་ནས། སྡེ་སྲིད་སངས་རྒྱ་མཚོས་སྲིད་སྐྱོང་དགོངས་པ་ཞུས་ནས་སྐུ་སྐལ་དུ་གོང་དཀར་རྫོང་འབུལ་རྒྱུ་དང་། སོག་པོ་ལྷ་བཟང་སོག་རྒྱལ་གྱི་གནས་རང་འཇགས་ཐོག་ཕྱིར་མཚོ་སྔོན་དུ་ཕེབས་ནས་བཞུགས་རྒྱུ་ཐག་བཅད། སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བླ་མ་ཚོ་ལ། ལྷ་བཟང་འཛིན་བཟུང་བྱས་ན་ཇི་ལྟར་ཡོང་དྲིས་པས། གཞན་རྣམས་ཅི་ཡང་མ་གསུངས། འཇམ་དབྱངས་བཞད་པས། རྗེ་འདིས་རྒྱལ་པོ་འཛིན་བཟུང་བྱ་རྒྱུ་ཡིན་ན། ང་དེའི་གྲོས་ནང་མེད། མཚོ་ཁ་ན་རྒྱལ་པོའི་ཉེ་རིང་ཐམས་ཅད་ཡོད་པས་དེ་རྣམས་ཀྱིས་ངེད་ཚོ་ལ་ཡག་པོ་བྱ་མི་ཡོང་ཞེས། བཤད་ཚུལ་འཇམ་བཤད་རྣམ་ཐར་ངོ་མཚར་བསྐལ་བཟང་འཇུག་ངོགས་ནང་དུ་གསལ། སོག་པོ་ལྷ་བཟང་ཕྱིར་མཚོ་སྔོན་ལོག་ཁུལ་གྱིས་ལྷ་ས་ནས་རྡོག་ཐོན། ནག་ཆུ་སོགས་བྱང་ཁུལ་དུ་ཡོད་པའི་སོག་དམག་རྣམས་བསྡུ་རུབ་ཀྱི་དམག་གྲ་བསྒྲིགས་ནས་ལོ་དེའི་ཟླ་བ་ལྔ་པར་འདམ་གཞུང་ནས་དམག་ཁག་གཉིས་སུ་བགོས་ཏེ། ཁག་གཅིག་ལྷ་བཟང་རང་གིས་ཁྲིད་ནས་འཕན་པོ་བརྒྱུད་ནས་དཔུང་འཇུག་བྱས། ཁག་གཅིག་དཔོན་མོ་བཀྲ་ཤིས་ཚེ་རིང་གིས་ཁྲིད་ནས་སྟོད་ལུང་ནས་དཔུང་འཇུག་བྱེད་པའི་སྐབས་དེར། སྡེ་སྲིད་སངས་རྒྱས་རྒྱ་མཚོ་གོང་དཀར་དུ་ཕེབས་པའི་ལམ་བར་སོག་དམག་གིས་བཟུང་ཞིང་སྟོད་ལུང་སྣང་རྩེར་དུ་མགུལ་བཅད་ནས་བཀྲོངས། སྡེ་སྲིད་ངག་དབང་རིན་ཆེན་རྒྱ་ནག་ཏུ་བྲོས། དེ་ནས་སོག་པོ་ལྷ་བཟང་གིས་རྒྱལ་བ་དྲུག་པ་ཁྲི་ལས་ཕབ་ཏེ་ཡུལ་ཕུད། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་པ་ཞིག་རྒྱལ་བ་སྐུ་ཕྲེང་དྲུག་པའི་ཁྲི་ལ་ལོ་བཅུ་བཞག བོད་ཀྱི་སྲིད་དབང་ལོ་ངོ་བཅུ་གཉིས་བཙན་བཟུང་བྱས།

ཇུན་གར་བས་ལྷ་བཟང་འདུལ་བའི་སྐོར།སོག་པོ་ཇུན་གར་བ་ཚེ་དབང་རབ་བརྟན་ནི་དེང་དུས་གཡི་ལིའི་ས་ཁུལ་གྱི་འགོ་དཔོན་ཞིག་ཡིན། ཁོང་གི་ཕ་ཡབ་སོག་པོའི་དམག་དཔོན་དགའ་ལྡན་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་བཟང་འབྲེལ་ཡོད་པ་ཞིག་ཡིན། དུས་དེར་སངས་རྒྱས་རྒྱ་མཚོའི་ཞབས་འབྲིང་བ་འགའ་ཞིག་གིས་སོག་པོ་ཇུན་གར་བར་ལྐོག་འབྲེལ་བྱས་ཏེ་དམག་རོགས་ཞུས་པའི་བཤད་སྲོལ་ཞིག་ཡོད་ཀྱང་འབྲེལ་བ་བྱེད་མཁན་སུ་ཡིན་ཡིག་ཆ་གསལ་པོ་ཞིག་མ་རྙེད། གནས་དུས་དང་བསྟུན་ན་ཕལ་ཆེར་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱི་སྐུ་འཁོར་རྣམས་ཡིན་ངེས།

སོག་པོ་ལྷ་བཟང་ཧན་ལ་སྲས་གཉིས་ཡོད་པའི་ཆེ་བ་དགའ་ལྡན་བསྟན་འཛིན་གྱིས་ཇུན་གར་ཚེ་དབང་རབ་བརྟན་གྱི་སྲས་མོ་ཁབ་ཏུ་བསུ་རེ་བཅངས་ནས་ཕོ་ཉ་ཡང་བཏང་ཡོད་ཀྱང་། ཇུན་གར་ཚེ་དབང་རབ་བརྟན་གྱིས་ལྷ་བཟང་ཧན་དབང་དུ་བསྡུ་རེ་ལས་གཉེན་འབྲེལ་གྱི་འཆར་གཞི་གང་ཡང་མེད་པ་རེད། མེ་སྤྲེལ་སྤྱི་ལོ་1716ལོར་ཇུན་གར་བའི་དམག་དཔོན་ཚེ་རིང་དོན་གྲུབ་ཀྱིས་དམག་དཔུང་གོ་ཧྲག་དྲུག་སྟོང་ཁྲིད་ནས་བོད་དུ་ཡོང་བའི་སྐབས་དེར། མངའ་རིས་སྤྱི་ཁྱབ་ཁང་ཆེན་བསོད་ནམས་རྒྱལ་པོས་ཇུན་དམག་སྟོང་ཕྲག་ལྔ་ཙམ་མངའ་རིས་ཕྱོགས་སུ་ཐོན་སྐད་ཐོས་པས། དེ་དགྲ་གཉེན་གང་ཡིན་རྟོགས་དཀའ་བས་སྐོར་གསུམ་གྱི་ཡུལ་དམག་བསྡུས་ན་འོས་མིན་སྐོར་གྱི་སྙན་ཞུ་ལྷ་བཟང་ཧན་ལ་བཏང་ཡང་། ལྷ་བཟང་ཧན་རྒྱལ་བློན་རྣམས་བཀའ་བགྲོས་སྐབས་གཉེན་འབྲེལ་ཡོང་བའི་རེ་དོགས་ཀྱི་ཐེ་ཚོམ་མ་ཆོད་པ་དང་། ལ་མོ་ཚངས་པ་ལ་ལུང་བརྟག་ཞུས་པས་འགོར་བ་སོགས་ཀྱིས་འགོག་སྲུང་གི་གྲ་སྒྲིག་ཚགས་སུ་ཚུད་པ་ཞིག་མ་ཐུབ། མེ་བྱ་སྤྱི་ལོ་1717ལོའི་དབྱར་སྟོད་དུ་ཇུན་དམག་གློ་བུར་དུ་བྱང་གནམ་མཚོའི་རྒྱུད་དུ་ཐོན། ཡུལ་དེའི་འབྲོག་པ་རྣམས་ལ་ཁོ་ཚོ་ལྷ་བཟང་གི་སྲས་ཆེ་བ་བཙུན་མོ་དང་བཅས་པ་བོད་དུ་ཕེབས་པའི་ཞབས་འདེགས་པ་ཡིན་ཚུལ་སྨྲས་པས། འབྲོག་སྡེ་རྣམས་མགོ་རྨོངས་ནས་སྣེ་ལེན་ཡང་བྱས། །

སྐབས་དེར་དུས་ལྷ་བཟང་ཧན་འདམ་གཞུང་དུ་བཞུགས་ཡོད་ཅིང་། སྲས་ཆུང་བ་སུརྱ་བག་མ་གསར་པ་དང་བཅས་མཚོ་སྔོན་ནས་འདམ་དུ་འབྱོར་བའི་དགའ་སྟོན་གྱིས་བྲེལ་བཞིན་པའི་སྐབས། བྱང་གནམ་མཚོའི་འགྲམ་དུ་དམག་དཔུང་ཚན་ཆེན་ཞིག་སླེབས་པའི་གནས་ཚུལ་ཐོས་འཕྲལ། དབུས་གཙང་དྭགས་ཀོང་གི་དཔུང་ཚོགས་རྣམས་མྱུར་སྐུལ་གྱིས་དགྲ་འགོག་དམག་འཁྲུགས་ཐེངས་འགའ་བྱས་ཀྱང་། མདའ་དཔོན་ཨོ་རོང་པ་དང་། འབུམ་ཐང་པ་གཉིས་དམག་ཐོག་ཏུ་བཀྲོངས། ཕོ་ལྷ་བ་ཀྱང་རྨས་སྐྱོན་ཕོག་པ་སོགས་ཕམ་ཉེས་བྱུང་། དེ་ནས་ཇུན་དམག་ལྷ་སར་བསྐྱོད་གྲབས་བྱེད་པ་ཤེས་པ་དང་། ལྷ་བཟང་དཔུང་བཅས་བྲེལ་སྟབས་ཀྱིས་ལྷ་སར་ཕེབས། གྲོང་ཁྱེར་གྱི་མཐའ་རྣམས་བོད་སོགས་དམག་སྒར་བཏབ་ནས་སྲུང་བར་བསྐོས། །

ཇུན་དམག་ཀྱང་དེའི་རྗེས་སྙེགས་ཏེ་ལྷ་སར་འབྱོར། ཁག་གཅིག་ལྷ་སའི་ཤར་ཕྱོགས་སྐྱིད་ཆུའི་འགྲམ་ཏུ་སྒར་བཏབ། ཁག་གཅིག་བྱང་ཕྱོགས་ཀྱི་གྲོང་སྨད་དང་གྲ་བཞིའི་ཐང་དུ་སྒར་བཏབ། ཁག་གཅིག་ནུབ་ཕྱོགས་སྐྱེད་ཚལ་ཀླུ་སྡིངས་ཀྱི་འདབས་སུ་སྒར་བཏབ་ཏེ་ཕྱི་ནས་བསྐོར། འདམ་གཞུང་དམག་འཁྲུག་སྐབས་སུ་འཛིན་བཟུང་བྱས་པའི་བོད་དམག་རྣམས་ཕྱིར་བཏང་སྟེ། ང་ཚོ་འདིར་ལྷ་བཟང་ཧན་གཏོར་བའི་ཆེད་དུ་འོང་བ་མིན། མཚོ་སྔོན་ནས་རྒྱལ་བ་བསྐལ་བཟང་རྒྱལ་མཚོ་བོད་དུ་གདན་དྲངས་ནས་མགྱོགས་མྱུར་ཕེབས་གྲབས་ཡོད་པ་དེ་དང་ཕྱོགས་མཐུན་དུ་བོད་འབངས་སྤྱི་དང་། རྒྱལ་བའི་བསྟན་པ་ལ་ཕན་པའི་ཕྱིར་འོང་པ་ཡིན། ཁྱོད་ཅག་རང་རང་གི་ནང་དུ་བདེ་བར་ལོག་ཅིག ཅེས་བཤད། གཏམ་དེ་ག་ས་གང་ལ་ཁྱབ་པས་བོད་འབངས་རྣམས་འཁྲུག་ཟིང་ནང་དུ་ཞུགས་འདོད་མེད་པར་གྱུར། དེ་བཞིན་མདའ་དཔོན་བཀྲ་ཤིས་རྩེ་པ་སོགས་སོག་པོ་ལྷ་བཟང་ཧན་ལ་མི་དགའ་བའི་བོད་ཀྱི་དཔོན་རིགས་རྣམས་ཀྱིས་ཀློག་ཏུ་ཇུན་དམག་དང་འབྲེལ་བ་བྱས། ཉིན་ཤས་རྗེས་སུ་ཇུན་དམག་གིས་ཕྱོགས་ཡོངས་ནས་རྒོལ་བས་ཤར་ཕྱོགས་ཀྱི་དམག་རྣམས་ཕོ་ལྷ་བས་གཙོ་བྱས་པའི་དཔུང་གིས་རེ་ཞིག་ཕྱིར་བསྐྲད་ནའང་།
བྱང་ཕྱོགས་ནས་ཇུན་དམག་གྲོང་ཁྱེར་ནང་དུ་ཤོར། ལྷ་བཟང་ཧན་ཕོ་བྲང་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་བཞུགས་ཡོད་པས་ཐོས་མ་ཐག་ཏུ་སྐུ་འཁོར་ཉུང་བསྡུས་ཕོ་བྲང་པོ་ཏ་ལའི་ནང་དུ་འཛུལ། བོད་དམག་རྣམས་རིམ་བཞིན་འཐོར། ཕོ་ལྷ་བའང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བྲོས། །

ལྷ་བཟང་ཧན་རྩེ་ཕོ་བྲང་ནང་དུ་སྒོ་རྣམས་བསྡམས་ནས་བསྲུངས་པས་ཇུན་དམག་གིས་གླགས་མ་རྙེད། འོན་ཀྱང་དེ་ལྟར་ཡུན་རིང་དུ་གནས་ཐབས་བྲལ་བས་སྲས་ཆུང་བ་སྐུ་འཁོར་ཉུང་ཤས་གསང་སྟབས་ཀྱིས་མཚོ་སྔོན་དུ་བྲོས། ཟླ་བ་11པའི་ཚེས་1ཉིན་ལྷ་བཟང་ཧན་དང་། བློན་པོ་བློ་བཟང་ཆོས་འཕེལ་གཉིས་ཞོལ་གྱི་ལྕགས་རིའི་ཤར་སྒོ་ནས་ཐོན་ཏེ་ཀླུ་སྒུག་ན་ཇུན་གར་གྱི་དམག་དང་འཐབ་པས་དམག་མི་འགའ་ཞིག་བསད། མཐར་ཇུན་དམག་གིས་རུབ་ནས་རྗེ་བློན་གཉིས་ཀ་དེར་བསད། སོག་པོ་ལྷ་བཟང་གིས་བོད་སྲིད་བཟུང་བའི་ལོ་རྒྱུས་དེ་ནས་རྫོགས་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1