༄༅།། བོད་ཀྱི་སྐད་ལས་ཁ་སྐད་དང་ཡིག་སྐད་བར་གྱི་མཐུན་སྦྱོར་བྱེད་སྟངས་སྐོར་གླེང་བ།
བྱམས་ཕྲུག རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-12
བྱམས་ཕྲུག
[ནང་དོན་གནད་བསྡུས]འཛམ་གླིང་གཞི་གཅིག་ཅན་དང་ཤེས་བྱ་སྣ་མང་ཅན་དུ་འགྱུར་གྱིན་པའི་སྒང་འདིར། བོད་སྐད་ཡིག་ཁྲོད་ཀྱི་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་རིང་དུ་སོང་སྟེ་དེང་སྐབས་ཕན་ཚུན་ལ་ལོ་ཙཱ་བྱེད་དགོས་པའི་ཉེན་ཁར་ལྷུང་གིན་འདུག གནད་དོན་འདིར་བྱ་དངོས་འགལ་འབྲེལ་གྱི་རིགས་པའི་ཐབས་ལམ་བེད་སྤྱད་ནས་ཁ་སྐད་དང་ཡིག་སྐད་སོ་སོའི་ཁྱད་ཆོས་མདོ་ཙམ་བརྗོད་པ་བརྒྱུད་ཕན་ཚུན་གཅིག་རམ་གཅིག་འདེགས་སྒོས་དེ་གཉིས་མཐུན་སྦྱོར་བྱེད་སྟངས་སྐོར་ལ་རགས་ཙམ་དཔྱད་ཡོད།
[གནད་འགག་མིང་བརྡ།] ཁ་སྐད ཡིག་སྐད། འགལ་འབྲེལ། མཐུན་སྦྱོར།
གླེང་སློང་བའི་གཏམ།
བོད་ཀྱི་སྐད་ལས་ཁ་སྐད་དང་ཡིག་སྐད་ཅེ་ན་བོད་ཡིག་སློབ་པ་པོ་དག་དག་ལ་མཚོན་ན་ཆ་མེད་རྒྱུས་མེད་ཅིག་མ་ཡིན།ང་ཚོས་དུས་ རྒྱུན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཁ་སྐད་དང་ཡིག་སྐད་འདི་གཉིས་ཀྱི་ལག་ཐབས་གང་རུང་ལ་བརྟེན་ནས་མི་ཆེ་གེ་མོར་འབྲེལ་འདྲིས་སྣ་ཆོགས་བྱེད་ཀྱིན་ཡོད། ལོ་ཟླའི་འགྲོས་དང་བསྟུན་ནས་ཁ་སྐད་དང་ཡིག་སྐད་དེའང་མིའི་བསམ་གཞིག་གཏོང་སྟངས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་སྟེང་གི་བཀོད་པའི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་ཡང་སྤྱི་ཆོགས་ཀྱི་གྱེས་འགྱུར་དང་གཅིག་གྱུར། སྒྲ་གདངས་སྒྲིག་གཞིའི་གྲུབ་ཆ(语音结构要素)གཉིས་ཀྱི་ཐོག་ནས་དང་སྐད་དང་ཡིག་སྐད་གཉིས་ཀྱི་བརྡའི་སྤྲོད་ལུགས་དང་བརྗོད་པ་སྤེལ་སྟངས་ཐད་ཤུགས་རྐྱེན་ཐེབས་པས་ཁ་སྐད་དང་ཡིག་སྐད་ཀྱང་རང་རང་ས་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། སྤྱིར་ན་ཡིག་སྐད་ནི་ཁ་སྐད་དེ་ཉིད་དུས་ཡུན་རིང་བོར་བཟོ་བཅོས་དང་ལས་སྣོན་བྱས་ཏེ་གྲུབ་པའི་རྨང་གཞིའི་ཐོག་ནས། དེ་གཉིས་ཀྱི་འགྱུར་ལྡོག་འགྲོ་ཚུལ་ཀྱང་གཅིག་རམ་གཅིག་འདེགས་གོང་དུས་མཉམ་ངང་འཕེལ་འགྱུར་བྱུང་ན་སྐད་བརྡའི་འཕེལ་རྒྱས་གྱི་གོ་རིམ་དང་མཐུན་མོད། ཡིག་སྐད་དེ་ཁ་སྐད་དང་བར་ཐག་ཆེས་ཆེར་གྱེས་པ་ནི་སྐད་ཆ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱི་ལྡོག་ཕྱོགས་སྣང་ཚུལ་ཞིག་རེ①ཅེས་པ་ལྟར་ཡི་གེ་བྱུང་བ་ནི་ཁ་སྐད་དེ་ཡིག་སྐད་དུ་འགྱུར་བའི་བར་བརྒལ་དུས་སྐབས་ཤིག་ཡིན་པའི་ཐད་ནས་བརྗོད་ན། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཡི་གེར་བཅོས་བསྒྱུར་རབ་དང་རེམ་པ་བྱས་ཏེ་ཁ་སྐད་ལ་ཞབས་འདེགས་གང་ལེགས་བསྒྲུབ་དགོས། དེ་ལྟར་མ་ཡིན་པར་རང་དགར་བསྐྱུར་ན་དེ་གཉིས་ཁ་ཐོར་ཡ་བྲལ་དུ་གྱུར་ཏེ་ཡིག་སྐད་ཡིག་སྐད་རྐྱང་རྐྱང་དུ་སྡོད་པ་དང་ཁ་སྐད་ཁ་སྐད་རྐྱང་རྐྱང་གིས་བསྡད་དེ་མཐར་དེ་གཉིས་བཀོལ་སྤྱོད་བྱེད་མཁན་གྱི་ཁོངས་མི་དག་ཀྱང་མི་རིགས་གཉིས་སུ་མི་གྱེས་པའི་ངེས་པ་མེད། དཔེར་ན། དུས་རབས་བར་མར་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་ལ་ཏིང་ཡི་གེ(Latin)རིམ་བཞིན་ཁ་སྐད་དང་བར་ཐག་ཇེ་རིང་དུ་ཕྱིན་པས་ཕྱིས་ཀྱི་ཡོ་རོབ་ཀླིང་གི་མི་རྣམས་ཀྱིས་ལ་ཏིང་ཡིག་སྐད་ཀྱི་དོན་མ་གོ རིག་རྩལ་བསྐྱར་དར་གྱི་རྗེས་ཙམ་དུ་ཧྥ་རན་སིའི་ཡིག་སྐད་དང་སི་ཕན་ཡིག་སྐད། (Spanish) དབྱི་ཐ་ལིའི་ཡིག་སྐད(Italian)ཕོར་ཐུ་གལ་གྱི་ཡིག་སྐད(portuguess)སོགས་གསར་དུབཟོས་པས་ལ་ཏིང་ཡིག་སྐད་དེ་རིམ་བཞིན་དགུན་ཁའི་རྦབ་ཆུ་བཞིན་བྲི་བར་གྱུར། ལོ་རྒྱུས་ཀྱི་ཉམས་མྱོང་འདི་དག་གིས་ང་ཚོར་ཁ་སྐད་དང་ཡིག་སྐད་བར་གྱི་བར་ཐག་རིང་དྲགས་ན་ཡ་ང་བའི་ཉམས་རྒུད་ཀྱི་གནས་སུ་ལྷུང་སྲིད་པ་བསྟན་ཡོད། དེ་བཞིན་དུ་རང་རེའི་བོད་ལྟ་བུར་མཚོན་ན་ཁ་སྐད་ཁོ་ན་བཀོལ་སྤྱོད་བྱེད་མཁན་གྱི་མི་མང་མང་ཚོགས་དང་ཡིག་སྐད་དེ་ཉིད་འབྲེལ་འདྲིས་ཀྱི་ཡོ་བྱད་དུ་བཀོལ་གྱིན་པའི་ཤེས་ལྡན་པ་དག་གི་བར་ཕན་ཚུན་བརྡ་ལེགས་པོར་མི་འཕྲོད་པ་ལྟ་བུའི་ཉོག་རྫོབ་ཆེན་པོ་ཐེབས་འདུག་པ་ལ། རྗེས་ཕྱོགས་ཁྱི་དང་ར་ལྟར་ལོག་ཨེ་འགྲོ་སྙམ་པའི་སེམས་ཁྲལ་ཞིག་སྔོན་དུ་སོང་སྟེ་དེ་གཉིས་ཀྱི་བར་ཐག་ཇེ་ཐུང་དུ་བསྟུངས་ཐབས་ཐད་ཅུང་ཟད་དཔྱོད་པ་ལ།
དང་པོ། ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་བརྗོད་པ།
གཅིག འབྱུང་ཁུངས་ཀྱི་ཐད་ནས་བརྗོད་ན་ཡིག་སྐད་ནི་ཁ་སྐད་ཀྱི་རྨང་གཞིའི་སྟེང་བྱུང་བ།
ཏར་ཝུན་གྱི《འཕེལ་འགྱུར་སྨྲ་བ》སོགས་ཕྱི་རྒྱལ་གྱི་ཁུངས་བཙུན་དཔྱད་གཞིའི་ཡིག་ཆ་དག་ལས་སྐད་ཆ་ནི་སྤྱི་ཚོགས་ཀྱི་ཐོན་རྫས་ཡིན་ལ་དེ་ཡང་ངལ་རྩོལ་གྱིས་སྐད་ཆ་གསར་བསྐྲུན་བྱས་པ་ཡིན་ཞེས་བཀོད་འདུག གདོད་མའི་སྤྱི་ཚོགས་སུ་ཐོན་སྐྱེད་ངལ་རྩོལ་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་རིམ་བཞིན་སྐད་ཆ་དེ་སྤྱི་ཆོགས་ཀྱི་སྣང་ཚུལ་ཞིག་གི་ཚུལ་གྱིས་ཐོན་པ་རེད། དེ་དུས་སྤྱི་ཆོགས་ཀྱི་ལམ་ལུགས་ཉག་ཕྲ་ཞིང་ཐོན་སྐྱེད་ཀྱི་འཚོ་བ་སྟབས་བདེ་ཡིན་རྐྱེན་འབྲེལ་འདྲིས་ཀྱི་གོ་རིམ་ཀྱང་ཧ་ཅང་སླ་མོ་ཞིག་ཡིན། དུས་ཀྱི་འཕེལ་འགྲོས་དང་བསྟུན་ཏེ་མིའི་ཤེས་ཆོར་གྱི་རིག་པ་ཇེ་རྣོར་གྱུར་ཞིང་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེས་པས་སྤྱི་ཚོགས་འབྲེལ་བའི་གནད་དོན་དག་སྟབས་བདེའི་ངང་ཐག་གཅོད་བྱེད་པ་ལ་སྐད་གདངས་ཡིག་ངོར་ཕབ་བྱེད་ཀྱི་བརྡ་རྟགས་མ་ལག་སྟེ་ཡི་གེ་བྱུང་བ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“དེ་ལ་མིའི་རིགས་རྒྱུད་ཆེན་པོ་འགའ་ཞིག་ལ་ཤེས་རབ་སྐྱེ་པའི་མགོ་བརྩམས་པ་ནས་སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་བཞིན་ཡི་གེ་བྱུང་” ① ཞེས་ཡི་གེ་གསར་དུ་བཏོད་པ་དེས་སྤྱི་ཆོགས་འཕེལ་རྒྱས་དང་མིའི་བསམ་བློའི་སྟེང་གི་རྟོགས་སད་ཀྱི་གོ་རིམ་ལ་ཕྱར་བ་གྲུ་འདེགས་ཀྱིས་བྱེད་ནུས་ཐོན་ཚུལ་བརྗོད་ཡོད། ཡི་གེ་མ་བྱུང་་དང་སྐད་ཆའི་གནས་སྟངས་ལ་ཁ་སྐད་ཁོ་ན་ལས་མེད། ཡི་གེ་བྱུང་རྗེས་ངག་ཐོག་ནས་བཤད་རྒྱུན་ཡོད་པའི་སྐད་ཆ་དེ་ཡིག་ཐོག་ཏུ་བཀོད་པས་སྐད་ཆའི་གནས་སྟངས་ལ་རིགས་གཉིས་བྱུང་ཡོད་དེ་ཁ་སྐད་དང་ཡིག་སྐད་དོ། ཁ་སྐད་དེ་ཡིག་སྐད་དུ་འགྱུར་པའི་གོ་རིམ་ནི་སྐད་ཆའི་ཐོད་བརྒལ་གྱི་གོ་རིམ་ཞིག་སྟེ་རྣ་ཤེས་ཀྱིས་འཛིན་པར་བྱེད་པའི་སྐད་ཆ་དེ་མིག་ཤེས་ཀྱི་གཟུང་བྱར་ཕབ་པ་དང་ངག་ནས་བརྗོད་པའི་སྒྲ་གདངས་དེ་ལག་པས་བྲིས་པའི་གཟུགས་སུ་བསྒྱུར་པ་རེད། རང་རེའི་བོད་སྐད་ལྟ་བུར་མཚོན་ན་ཡར་ལུང་རྩེད་ཁོག་ནས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོ་གཉིས་ཀྱི་གདུད་རྒྱུད་མཆེད་པའི་གོ་རིམ་ཁྲོད་ལག་བརྡ་དང་རྣམ་འགྱུར་གྱིས་བསམ་བློའི་དགོས་མཁོ་སྐོང་ཀྱིན་པ་ནས་སིལ་ཏོག་ཐོགས་པ་དང་ཞིང་རྨོ་བ། རྡོཆས་དང་རུས་སྐོགས་སོགས་ཀྱིས་ཁབ་དང་འབིག ཅ་ནེ་བཟོ་བ་སོགས་ཐོན་སྐྱེད་ངལ་རྩོལ་ཆེ་མ་ཆུང་གསུམ་བྱས་པ་བརྒྱུད་ཀླད་རྒྱ་ཇེ་ཆུང་དུ་སོང་ཞིང་བསམ་གཞིག་གི་བར་སྟོང་ཇེ་ཆེ་རུ་ཕྱིན་སྟེ་རིམ་བཞིན་ལག་བརྡས་རམ་འདེགས་བྱས་ཞོར་སྐད་གདངས་འབྱིན་པའི་བརྡ་ཐབས་ཀྱིས་དྲན་ཚུལ་དང་འཆར་སྒོ་དག་ཕྱིར་སྟོན་པར་དོན་སྙིང་གལ་ཆེན་བཟོས། དེ་ཡང་ཐོག་མའི་རྣམ་པ་ནི་ཁ་སྐད་ཀྱི་ངོས་ཐད་ནས་ཡིན་པ་ཐེ་ཆོམ་མི་དགོས། ཕྱིས་སུ་དབྱངས་གསལ་འཕྲལ་སྦྱོར་གྱིས་མིང་ཚིག་སྒྲུབ་པའི་སྒྲ་འགྲོས་ལྟར་བོད་ཡིག་གསར་དུ་བཟོས་པ་ཡིན་ཚུལ་ནི་ 《ཐོན་མིའི་ཞལ་ལུང》ལས“བོད་རང་གི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིག་ལེགས་པར་བཅུག་པའི་མཐར་བོད་ཡིག་གསར་དུ་བཟོ་བའི་གཞི་ལེགས་པར་བཏང་།”②ཞེས་པས་གསལ་ལོ། ( སྐབས་འདིར་བོད་ཡིག་ཐོན་མིས་བཟོས་མིན་གྱི་རྙོག་དྲ་ཞིག་ཡོད་ན་ཡང་འདིར་སྐབས་སུ་མ་བབས་པས་བཏང་སྙོམས་སུ་བཞག)
གཉིས། བྱེད་ལས་ཀྱི་ཐད་ནས་བརྗོད་ན་གཉིས་ཀ་འབྲེལ་འདྲིས་ཀྱི་ཡོ་བྱད་ཡིན།
སྐད་ཆའི་འཕེལ་རྒྱས་དེའང་དང་པོ་ངག་ཐོག་ནས་བརྗོད་ཀྱིན་པའི་ཁ་སྐད་ཀྱི་རྣམ་པ་དང་ཡི་གེ་བྱུང་རྗེས་བསམ་བློའི་མངོན་སྟོབས་ཀྱང་ཇེ་ཆེར་ཕྱིན་སྟེ་གཟུགས་ཀྱི་རྣམ་པའི་ཡིག་སྐད་བྱུང་བ་རེད། སྤྱི་ཆོགས་སྣང་ཚུལ་གྱི་རྣམ་པ་ཞིག་ཏུ་གནས་པའི་ཁ་སྐད་དང་ཡིག་སྐད་གཉིས་དུས་ནམ་ཡང་གྲལ་མཉམ་སྒོས་འཕེལ་རྒྱས་འགྲོ་བ་ཞིག་གཏན་ནས་མ་ཡིན་སྟེ་ཁ་སྐད་ནི་རིམ་པ་དང་པོ་དང་ཡིག་སྐད་ནི་རིམ་པ་གཉིས་ཡིན། དེ་ལྟར་ཡིན་ན་ཡང་དེ་གཉིས་ལ་སྤྱི་གཤིས་ཤིག་ཡོད་པ་ནི་གཉིས་ཀ་འབྲེལ་འདྲིས་ཀྱི་ཡོ་བྱད་ཡིན་པ་དེའོ། སི་ཏ་ལིན་གྱིས“སྐད་ཆ་ནི་ཡོ་བྱད་དང་ལག་ཆ་ཡིན། མི་ཚོས་དེ་གཉིས་བཀོལ་སྤྱོད་བྱས་ཏེ་ཕན་ཚུན་བསམ་བློའི་འབྲེལ་གཏུག་དང་ཕན་ཚུན་རྒྱུས་ལོན་བྱེད་པ་རེད་ཅེས་གསུངས་པ་ལྟར་སྐད་ཆ་ཁོ་ན་མི་དང་མིའི་བར་གྱི་བསམ་སྦྱོར་གང་རུང་གི་འབྲེལ་རྡང་བྱས་པ་རེད། བཙན་པོའི་རྒྱལ་རབས་སྐབས་དེང་ཐོག་ཐག་པར་མདུད་པ་བརྒྱབ་སྟེ་ཡིད་འཛིན་ལ་རོགས་རམ་བྱེད་དུ་འཇུག་པ་དང་ཆུ་རྡེའུ་སྤུངས་ཏེ་གྲངས་ཀ་བརྩི་བ་སོགས་བྱས་ནའང་ཕྱིས་སུ་ཡི་གེ་བྱུང་རྗེས་དེ་དག་ཚགས་ཡངས་པོའི་སྒོ་ནས་ཡིག་ཐོག་ཏུ་བཀོད་པ་གང་ཡིན་ཀྱང་བརྡ་སྤྲོད་པའི་ནུས་པ་ལྡན་མོད། སྔ་མ་ཚན་རིག་དང་མི་མཐུན་པའམ་དཀའ་ལས་ཆེན་པོ་ཡོད་པས་སྤྱི་ཆོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནང་ལག་ལེན་གྱིས་རྗེས་སུ་བསྐྱུར་སྲིད་པ་ནི་ཁག་དཀྲི་ཐབས་མེད་པའི་འཕེལ་རྒྱས་ཀྱི་གོ་རིམ་ཞིག་རེད། སྨྱན་རྫས་མི་གཅིག་པའི་སྒོ་ནས་བརྡ་སྤྲོད་ཀྱི་ན་པའི་ཁ་སྐད་དང་ཡིག་སྐད་སོ་སོར་ཡང་རང་རང་གི་བརྡའི་སྤྲོད་ལུགས་དང་རྗོད་པ་སྤེལ་སྟངས་མི་འདྲ་མོད་གཉིས་ཀའི་འབད་ས་ནི་རང་ཉིད་ཀྱི་དོན་གནད་དེ་ཕ་རོལ་བོར་བདེ་ལེགས་ངང་ཧ་གོ་རུ་འཇུག་རྒྱུ་ཡིན་པ་བརྡ་སྤྲོད་པའི་དགོས་མཁོ་དང་མཐུན། ཕྱི་རྒྱལ་གྱི་མཚན་ཉིད་རིག་པ་གྲགས་ཅན་པེའེ་ལིན་སི་ཆིས“མཚན་ཉིད་པས་ཡན་ལག་གསུམ་ལྡན་གྱི་རིག་པ་འདི་ལ་བརྟེན་ནས་སྐད་ཆ་འཆད་ཀྱིན་ཡོད་ལ་སྙན་ངག་པས་སྣང་བརྙན་དང་རི་མོ་བཀོལ་ནས་སྐད་ཆ་འཆད་པ་ཡིན། དོན་དངོས་ཐོག་ཁོ་ཚོའི་བརྗོད་བྱ་ནི་བྱ་དངོས་གཅིག་ལ་བབས་པ་ཡིན”ཞེས་པའི་ཚིག་འདི་ཁ་སྐད་དང་ཡིག་སྐད་སྟེང་སྦྱར་ན་རྟོགས་སླའོ།། གསུམ། འཕེལ་རྒྱས་ཀྱི་ཐད་ནས་བརྗོད་ན་གཅིག་ལ་གཅིག་རྟེན་དང་གཅིག་རམ་གཅིག་འདེགས་ཡིན།
བྱ་དངོས་འཕེལ་རྒྱས་འགྲོ་བའི་གོ་རིམ་ནི་འགལ་འབྲེལ་གྱི་རྐྱེན་འདི་ཡིན་ཞེས་པ་ལྟར་ཁ་སྐད་དང་ཡིག་སྐད་གཉིས་ཀྱང་དེ་ལྟར་ཡིན། བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ལ་བརྟགས་ན། སྤྱི་ལོ869ལོར་འབངས་གྱེན་ལོག་གི་རྡུལ་འཚུབ་མདོ་དཁུས་ཁམས་གསུམ་ཀུན་ཏུ་འཁྲིགས་ཤིང་བོད་མི་བྱིངས་ཀྱི་བསམ་བློའི་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་གོ་རིམ་འཚོལ་བར་གྱུར། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐད་དང་ཡི་གེ་སོགས་སྲུང་འཛིན་བྱས་མཐར་ས་ཆ་རེ་ལ་སྐད་ཆ་རེ་དང་བླ་མ་རེ་ལ་ཆོས་ལུགས་རེ་ཞེས་པའི་སྣང་ཚུལ་འདི་བུ་ཆགས་པ་རེད། དེ་ལྟར་ཁག་སོ་སོར་གྱེས་རྗེས་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཕན་ཚུན་ལ་འབྲེལ་བ་བྱེད་མ་ཐུབ་པས་ས་ཆ་སོ་སོའི་མང་ཚོགས་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས། སྐད་དང་ཡི་གེ་སོགས་ཀྱི་ཐད་དོ་མི་མཉམ་པའི་འཕེལ་རྒྱས་མང་དུ་བྱུང་། སྤྱིར་ཁ་སྐད་དེ་གསར་ཞེན་ཆེ་བས་འཕེལ་རྒྱས་ཀྱི་འགྲོས་མགྱོགས་པ་དང་ཡིག་སྐད་དེ་རྙིང་ཞེན་ཆེ་བས་འཕེལ་རྒྱས་ཀྱི་འགྲོས་དལ་བ་རེད། ཅིའི་ཕྱིར་ཞེ་ན་ཁ་སྐད་ནི་སྒྲ་གདངས་ཀྱི་ལམ་ནས་དོན་སྟོན་པ་ཡིན་པས་ཡུན་རིང་དུ་བརྟན་འཇགས་ངང་གནས་ཐུབ་པའི་ཁྱད་ཆོས་ཡོད། དཔེར་ན། ཁ་སང་གི་གཏམ་བརྗོད་མཐའ་དག་དེ་རིང་བསྐྱར་དུ་ཟློས་མི་སྲིད་པར་དེ་རིང་སྐད་ཆ་གསར་བ་རེ་ཤོད་སྲིད། ཡི་གེ་འབྲི་བ་ལ་བརྡ་སྤྲོད་ཀྱི་གཞུང་ལུགས་དེ་ཁུངས་ཐུབ་བྱེད་དགོས་རྐྱེན་དེ་རིང་ཡི་གེའི་ངོ་བོ་བསྒྱུར་བའམ་དབྱངས་གསལ་ཡི་གེའི་མ་ལག་བསྒྱུར་བ། སྔར་ནས་ཡོད་པའི་ཡི་གེའི་རྨང་གཞིའི་སྟེང་ལེགས་བཅོས་བྱེད་པ་ཧ་ཅང་དཀའ་བའི་གནས་ལགས་པས་ཡང་བསྐྱར་ཟློས་བརྗོད་ཀྱི་ལས་ལ་ཞུགས་དགོས་པ་དེའོ། །
ཡིག་སྐད་དེ་དུས་འགྱུར་བ་དང་བསྟུན་ནས་བཅོས་སྒྱུར་མ་བྱས་ན་རང་རེའི་བོད་སྐད་བོད་ཡིག་ལའང་ལ་ཏིང་སྐད་ལྟ་བུའི་ཉེན་ཁར་ལྷུང་སྲིད། བོད་ཡིག་གསར་དུ་བཟོས་ཚུན་ནས་རང་རེའི་བོད་ལའང་བཀས་བཅད་ཐེངས་གསུམ་བྱས་པ་རེད། ལྷག་པར་དུ་བཀས་བཅད་ཐེངས་གཉིས་པར་མཚོན་ན་ཆོས་གཞུང་གི་ཐ་སྙད་དག་ལ་གཏན་ཚིགས་དམ་པོའི་སྒོ་ནས་འགྲེལ་བ་བྱས་པ་རྣམས་ཚིག་མཛོད་དུ་བསྒྲིགས་ཏེ《བྱེ་བྲག་རྟོགས་བྱེད་ཆེན་མོ》སོགས་སྒྲ་མཛོད་གཏན་ལ་ཕབ་པ་དེས་ཁ་སྐད་དང་ཡིག་སྐད་བར་གྱི་བར་ཐག་ཉེ་རུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱ་གར་ལྟ་བུ་ལ་མཚོན་ན་གནའ་བོའི་ཤེས་རིག་དར་སྔ་བའི་རྒྱལ་ཁོབ་གྲས་སུ་ཡོད་ན་ཡང་ད་བར་དུ་ཁ་སྐད་དང་ཡིག་སྐད་བར་ཁ་ཐག་དེ་འདྲ་ཆེན་པོ་བྱུང་མེད། དེ་ཡང་དགེ་ཆོས་རིན་པོ་ཆེ་མཆོག་གི་གསུང་སྒྲོས་ལས་“རྒྱ་གར་ལྟ་བུ་ལ་སྐད་འགྱུར་ན་ཡི་གེ་དང་རྣམ་དབྱེ་སོགས་ཀྱང་བསྒྱུར་ནས་ལུགས་གསར་བར་བྱས་པས་ད་ལྟ་རྒྱ་གར་བའི་ཡི་གེ་རྣམས་ཕལ་བ་ཐམས་ཅད་ཀྱིས་གོ་ནུས”①ཞེས་པའི་གཏམ་འདི་ཁོ་ན་ལས་ང་ཚོས་ཤེས་ཐུབ་པ་ནི་ཁ་སྐད་དང་བསྟུན་ནས་ཡི་གེར་བཅོས་བསྒྱུར་གཏོང་དགོས་པའི་གནས་ལུགས་དེ་ཡིན། འདི་ནི་དངོས་གནས་ཁ་ཚ་དགོས་གཏུག་གི་བྱ་བ་གལ་ཆེན་ཞིག་ཡིན། ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་བསྐྱུངས་ཐབས་ཡང་དེ་གཉིས་ཡོངས་སུ་མཚུངས་པ་ཞིག་ཏུ་གཏོང་རྒྱུ་མ་ཡིན་པར་ཡིག་སྐད་ནང་གི་བརྡ་སྤྲོད་ཐབས་དང་སྐད་བརྡའི་གྲུབ་ཚུལ་རིམ་བཞིན་ཁ་སྐད་ནང་ཞུགས་ཏེ་ཁ་སྐད་ཀྱི་དོན་མཚོན་ནུས་པ་ཇེ་ལེགས་ཇེ་བཟང་དུ་བཏང་ནས་སྐད་ཆའི་དོན་སྟོན་པའི་ནུས་པ་ཕུན་སུམ་ཚོགས་དང་ཡག་ལག་ཀུན་ཚང་ཞིག་ཏུ་གཏོང་རྒྱུ་ནི་སྐད་ཆ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་འཚམ་པ་ཡིན།
གཉིས་པ། ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་བརྗོད་པ།
མཁས་དབང་དུང་དཀར་རིན་པོ་ཆེ་ཚང་གིས“ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་ནི་ལྟོས་བཅས་ཀྱི་འགལ་བ་ཞིག་ཡིན་པ་དང་འགལ་བའི་ཕྱོགས་གཙོ་བོ་ནི་ཡུལ་སྐད་གཅིག་གྱུར་ཆགས་མེད་པ་དེ་རེད་ཅེས་གསུངས་པ་བཞིན་ཡུལ་སྐད་མང་དུ་གྱེས་པ་དེས་སྤྱི་སྐད་ཆགས་རྒྱུར་དཀའ་ཉོག་བཟོས་ཡོད་ན་ཡང་སྐད་ཆ་འཕེལ་རྒྱས་ཀྱི་གོ་རིམ་དེ་ནི་བཟློག་མེད་ཀྱི་འགྱུར་ལྡོག་ཞིག་ཡིན་པས། གཙོ་བོ་ནི་ཡུལ་སྐད་དེ་ཇི་ལྟར་སྤྱི་སྐད་ལ་ཆགས་སུ་འཇུག་རྒྱུ་དེ་རེད། ཁ་སྐད་དང་ཡིག་སྐད་ནི་སྐད་ཆའི་གནས་སྟངས་ཀྱི་རྣམ་པ་མི་འདྲ་བ་གཉིས་ཡིན་པར་མ་ཟད་དེ་དག་ལ་མི་འདྲ་བའི་ཆ་མང་བོ་ཡོད་དེ། སྒྲ་དོན་གཉིས་འདྲེས་མར་ཡོད་པའི་ངག་གི་འདུ་བྱེད་ལ་དབྱེ་ན་ཁ་སྐད་དང་ཡིག་སྐད་ཅེས་རྣམ་པ་མི་འདྲ་བ་གཉིས་ཡོད་པ་ལས་ཁ་སྐད་ནི་མིའི་རིགས་ཀྱི་སྤྱི་ཆོགས་མགོ་བཙུགས་པ་ནས་བྱུང་བ་དང་ཡིག་སྐད་ནི་སྤྱི་ཚོགས་དེ་དུས་རིམ་ངེས་ཅན་ཞིག་ལ་སླེབས་རྗེས་ཀྱི་རྗེསདཔག་གི་ཐོན་རྫས་ཤིག་རེད། ཨིན་ཀེ་སིས“ཁྲོ་གཏེར་བཙོ་སྦྱངས་བྱས་པ་ནས་བཟུང་ཡི་གེ་གསར་དུ་བསྐྲུན་ཞིང་རིག་གཞུང་སྣ་ཚོགས་ཟིན་བྲིས་སུ་བཏབ་པ་ལས་ཤེས་རིག་གི་དཔལ་དང་ལྡན་པའི་དུས་རབས་ལ་སླེབས་སོ་”ཞེས་གསུངས་པ་ལྟར། རང་རེའི་བོད་མི་རིགས་ཀྱི་སྐད་ཆའི་འཕེལ་རྒྱས་ཀྱི་གོ་རིམ་ཀྱང་དེ་ལས་མ་འདས་ཏེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སྐབས་སུ་ཕྱུགས་རྫི་ཤེས་པ་ཅན་མི་བཅུ་གཉིས་ཀྱིས་ཁོང་ཉིད་གང་ནས་ཡོང་ཚུལ་སྐོར་དྲིས་དུས་གནམ་ལ་མཛུབ་མོ་ཀེར་བ་དེ་ལས་ཀྱང་ང་ཚོས་དུས་སྐབས་དེ་འདྲར་སྐད་ཆའི་ནང་ལག་བརྡ་སོགས་བསྲེས་ནས་བརྡ་སྤྲོད་ཀྱི་ན་པ་ཤེས་ཐུབ་པ་དང་། ཡིག་སྐད་ནི་ཁ་སྐད་བྱུང་རྗེས་ཀྱི་ཐོན་རྫས་ཤིག་ལགས་པས་ཁ་སྐད་ལས་ལོ་རྒྱུས་ཀྱི་རྒྱུན་ཐུང་ངོ་།
ཁ་སྐད་ནི་སྒྲ་གདངས་ཀྱི་ལམ་ནས་བརྡ་སྤྲོད་པར་བྱེད་པ་དང་ཡིག་སྐད་ནི་ཡི་གེའི་ལམ་ནས་བརྡ་སྤྲོད་པར་བྱེད་པ་ཡིན། སྒྲ་གདངས་ནི་གནས་སྐབས་ཀྱི་འདར་འགུལ་ཙམ་ལས་དུས་ཡུན་རིང་བོར་གྲག་མི་ཐུབ་རྐྱེན་གསོག་ཉར་བྱེད་མི་ཐུབ་པ་སོགས་རྐྱེན་སྣ་ཆོགས་པའི་དབང་གིས་དེང་སྐབས་ཀྱི་མིས་གནའ་རབས་ཀྱི་མིའི་ཁ་བརྡ་གོ་མི་ཐུབ་པ་ལྟ་བུའོ། ཡིག་སྐད་ནི་དེ་དང་མི་འདྲ་བར་སྔོན་ཆད་མི་རིགས་གང་ཞིག་ལ་ཡི་གེ་བྱུང་བ་དེ་ནས་མི་རྣམས་ཀྱིས་དྲན་འཛིན་ལ་རོགས་རམ་བྱ་ཕྱིར་ཡི་གེའི་གཟུགས་སོགས་རྡོ་རིང་དང་རུས་སྐོགས་སོགས་སུ་བརྐོས་ཡོད་པ་དེང་སང་ང་ཚོས་མཐོང་ཐུབ་པ་ལྟ་བུ་རེད། སྐད་སྒྲ་བརྟན་འཇགས་རང་བཞིན་ཅན་ཞིག་མ་ཡིན་པས་འཕེལ་འགྲོས་མགྱོགས་པོ་ཡོད་པ་དེས་གཟུགས་ཀྱི་རྣམ་པས་མཚོན་གྱིན་པའི་ཡིག་སྐད་ཀྱི་སྔོན་བླངས་ཏེ་བར་ཁྱད་ཇེ་ཆེར་འགྲོ་བཞིན་ཡོད། ཟི་ཁྲོན་རྔ་བའི་ཁོངས་ན་ཡོད་པའི་རྒྱལ་མོ་ཚ་བ་རོང་གི་མི་ཚོས་སྔོན་འཇུག་རྗེས་འཇུག་སོགས་འཕྲལ་ནས་ཀློག་པའི་འདོན་སྟངས་དེར་(དཔེར་ན་སམ་སྐྲྀ་ཏ་ལ་སམ་སི་ཀ་ར་ཞེས་པ་ལྟ་བུ)སྐད་བརྡ་རིག་པ་བ་མང་པོས་ཞིབ་འཇུག་བྱེད་གསལ་ལྟར་ན་བོད་བཙན་པོའི་དུས་སྐབས་ཀྱི་ཡི་གེའི་འདོན་ལུགས་ཡིན་པར་བརྗོད་མོད་ང་ཚོས་ཉན་ན་གོ་ཁག་པ་ལྟ་བུ་དང་། འོན་ཀྱང་ཡིག་ཐོག་གི་སྐད་ཆ་ཆེར་འགྱུར་མེད་པ་དེ་ལས་ཁ་སྐད་འགྱུར་ཆེ་ཞིང་ཡིག་སྐད་གཟུགས་ཀྱི་རྣམ་པར་གནས་པས་འགྱུར་མི་སླ་བར་སྤྲོད་གསལ་བོར་བྱས་ཡོད། ཁ་སྐད་ཀྱི་རྒྱུ་འགུལ་རང་བཞིན(流动性)དང་ཡིག་སྐད་ཀྱི་བརྟན་འཇགས་རང་བཞིན(保 守 性)་ངོ་བོ་མི་འདྲ་བའི་ཁྱད་པར་སྟེང་ནས་ཡིག་སྐད་ཀྱིས་ཁ་སྐད་ལ་གོ་མ་ཆོད་ཚེ་དེ་སྐད་རིགས་གཞན་པ་ཞིག་གིས་ཚབ་བྱེད་སྲིད། རང་རྒྱལ་རྒྱ་མི་རིགས་ཀྱི་གནའ་ཡིག་དེ་ཐང་དང་སུང་གི་རྒྱལ་རབས་སུ་སླེབས་དུས་ཁ་སྐད་དང་ཡིག་སྐད་བར་ཁྱད་པར་དོད་རྒྱུ་ཆེ་དྲགས་ཤིང་མི་མང་པོས་གནའ་ཡིག་ཧ་མ་གོ་བས། ལྔ་བཞིའི་ལས་འགུལ་གྱི་ཁྲོད་རིམ་བཞིན་ལུའུ་ཞུན་དང་ཧུའུ་ཧྲི་སོགས་ཀྱི་སྨྱུག་ཁ་ནས་ཕལ་སྐད་གསར་བ་ཞིག་ཆགས་པ་དེས་གནའ་ཡིག་གི་ཚབ་བྱས་ཏེ་དེང་སྐབས་རྒྱ་ཡིག་གི་ཚད་ལྡན་ཡིག་སྐད་ཀྱི་དཔེ་མཚོན་དུ་འཛོག་པ་ལྟ་བུའོ། །
སྐད་དང་ཡི་གེ་གང་རུང་ཞིག་ལ་མཚོན་ནའང་དེ་ལ་ངེས་པར་དུ་དེ་ཉིད་བཀོལ་སྤྱོད་བྱེད་མཁན་གྱི་ཆོགས་པའམ་མི་རིགས་གང་རུང་ཞིག་དགོས་པ་ནི་སྨྲོས་མ་དགོས། རང་མི་རིགས་ཀྱི་གྲངས་འབོར་ཐད་ནས་བརྗོད་ན་ཡིག་རྨོངས་པས་མི་འབོར་ཡོངས་ཀྱི་ཤས་ཆེ་ཤོས་ཟིན་པས་ཡིག་སྐད་ལས་ཁ་སྐད་བཀོལ་སྤྱོད་བྱེད་མཁན་ལྡབ་འགྱུར་གྱིས་མང་། དེ་འདྲའི་བར་ཁྱད་བྱུང་དོན་ཀྱང་གཙོ་བོ་ཡིག་རྨོངས་པའི་ཁ་གྲངས་མང་བས་རེད། ཁ་སྐད་ནི་ཡིག་སྐད་དང་སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་དང་མི་འདྲ་བར་ཆེས་གདོད་མའི་རྣམ་པ་དང་ཆེས་སྟབས་བདེའི་རྣམ་པ་ཡིན་པས་“གནས་ལུགས་ལྟར་ན་ང་ཚོས་ཡིག་སྐད་ལས་ཁ་སྐད་ལ་རྩིས་མཐོང་བྱེད་དགོས།”①དེ་ཡང་སྤྱོད་རྒྱ་ཆེ་མིན་གྱི་ཐད་ནས་མི་ཚང་མས་ཐོག་མ་ཁ་སྐད་དེ་ཉིད་འབྲེལ་འདྲིས་ཀྱི་ལག་ཆར་སྤྱོད་པའི་རྨང་གཞིའི་སྟེང་ནས་ད་གཟོད་ཡིག་སྐད་བརྗོད་པ་མ་གཏོགས་ལྷན་སྐྱེས་ཀྱིས་ཡིག་སྐད་བརྗོད་མཁན་ཞིག་གཏན་ནས་མེད་རྐྱེན་ཡིག་སྐད་མེད་ན་ཆོག་ཀྱང་ཁ་སྐད་མེད་དུ་མི་རུང་།
ཁ་སྐད་དེ་དུས་ཀྱི་བསྐལ་བའི་དབང་གིས་གནའ་བོའི་མིའི་སྐད་ཆ་ང་ཚོས་གོ་མི་ཐུབ་པ་དང་ཡུལ་གྱི་བསྐལ་བའི་དབང་གིས་རྒྱང་གྲགས་གཅིག་གིས་ཆོད་པའི་མིས་ཁ་བརྡ་བྱེད་པ་ང་ཚོས་གོ་མི་ཐུབ།(དེང་དང་སྐབས་ཚན་རིག་ལག་རྩལ་དར་ཆེ་བས་སྒྲ་བསྐྱེད་སོགས་ཀྱིས་སྒྲ་རླབས་དེ་ཐག་རིང་བོར་རྒྱུད་སྒྲོག་བྱེད་ཐུབ་མོད་མཉམ་གྲགས་ཡོ་བྱད་རང་སྟེང་ན་དེའི་ཁྱད་ཆོས་མེད)དམངས་ཁྲོད་གཏམ་རྒྱུད་ནང་འདི་འདྲའི་དགོད་གཏམ་ཞིག་ཡོད་དེ། སྔོན་ཨ་ཕས་རང་གི་བུ་ཚོང་ཁང་དུ་ཚྭ་ཉོ་རུ་མངགས། བུས་བརྗེད་འགྲོ་བར་དོགས་ནས་ཕར་འགྲོ་ཁར་ཚྭ་ཚྭ་ཞེས་བཟླས་བཞིན་སོང་། ལམ་བར་ནས་གྲམ་ཆུ་ཞིག་དང་འཕྲད་པས་ཧོབ་པ་ཞེས་རྒྱུག་མཆོངས་ཀྱིས་བརྒལ་བ་ན། ཆུ་བོའི་ཚུར་རོལ་ནས་ཚྭ་ཞེས་པ་བརྗེད་དེ་“ཧོབ་པ། ཧོབ་པ”ཞེས་བཟླས་བཞིན་ཆོང་ཁང་དུ་ཐོན་ཙ་ན། ཆོང་ཁང་ནང་ཧོབ་པ་ཟེར་བ་ཞིག་བཙོང་རྒྱུ་མེད་པས་ཕྱིར་ཡུལ་དུ་ལོག་ནས་སྙན་སེང་ཞུས་དུས། ཨ་ཕ་བུའི་གླེན་རྟགས་ལ་ཞེད་དེ་འགྲམ་ལྕག་གིས་གཞུས་པའི་དགོད་གཏམ་ཐོས་རྒྱུ་ཡོད། གལ་སྲིད་བུ་དེས་ཚྭ་ཞེས་ཡིག་ངོར་ཕབ་ནས་སོང་ན་འགྲམ་ལྕག་ཀྱང་ཉོ་དགོས་མེད། དེ་ལས་ཀྱང་ཁ་སྐད་ལ་དུས་དང་ཡུལ་སོགས་ཀྱི་བཀག་རྒྱའི་རང་བཞིན་ཆེ་བ་དང་ཡིག་སྐད་ཀྱིས་དེད་གསེལ་ཐུབ་པ་བརྗོད་ཡོད།
གསུམ་པ། ཁ་སྐད་དང་ཡིག་སྐད་བར་གྱི་མཐུན་སྦྱོར་བྱེད་སྟངས་སྐོར།
ཁ་སྐད་དང་ཡིག་སྐད་ནི་ཡི་གེ་ཡོད་པའི་རྒྱལ་ཁབ་དང་མི་རིགས་གང་རུང་ལ་ཡོད་པའི་སྐད་ཆའི་གནས་སྟངས་གཉིས་ཡིན། དུས་ཚོད་ཀྱི་འཁོར་ལོ་མདུན་དུ་བསྐྱོད་པ་དང་བསྟུན་ནས་དེ་གཉིས་ཀར་འགྱུར་ལྡོག་མི་འདྲ་བ་བྱུང་ཡོད་ན་ཡང་རང་རེའི་བོད་ཡིག་ལྟར་བར་ཐག་ཆེས་ཆེར་གྱེས་ཡོད་པ་ནི་རེ་གཉིས་ཙམ་ལས་མེད། སྔོན་ཆད་དེ་འདྲའི་བར་ཁྱད་བྱུང་མེད་པ་ཏུན་ཧོང་ཡིག་རྙིང་དང་བཙན་པོའི་དུས་སྐབས་སུ་བཞེངས་པའི་རྡོ་རིང་། དྲིལ་བུའི་སྟེང་གི་བརྐོས་ཡིག་སོགས་ལས་རྟོགས་ཐུབ་པ་ཡིན་ལ། 《དཀར་ལེབ་སུམ་རྟགས་དཀའ་འགྲེལ》ལས་ཀྱང་།“ཁྲི་སྲོང་སྐུ་དུས་རིག་པས་ཀྱང་།། རྟོགས་ནུས་གངས་ཅན་བརྡ་སྤྲོད་དེ།། ད་ནི་མཁས་པ་སྟོང་གི་ཞལ།། བསྡུར་ཀྱང་མི་རྟོགས་འདི་ཅིའི་སྐྱོན།།”ཞེས་དང་། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཁྲིམས་ཡིག་དུའང་བྱིས་པ་བརྡ་སྤྲོད་འབྲི་ཀློག་ཡོན་ཏན་སློབ”ཅེས་གསུངས་པ་ལྟར་སྐབས་དེས་བྱིས་པའི་བློ་གྲོས་སོར་མོས་ཀྱང་འགྲོལ་ནུས་པའི་གངས་ཅན་པའི་བརྡ་སྤྲོད་དེ་ནི་ལེགས་སྦྱར་དང་གཏན་ཚིགས་སོགས་ཀྱི་ལྕགས་མདུད་ཞུ་ལུགས་སུ་སོང་ནས་གཞུང་མང་མཁྱེན་པའི་སྙུང་བུས་ཀྱང་མི་འགྲོལ་བའི་མཚམས་སུ་གྱུར”①ཞེས་བ་གསུངས་པ་དང་། གསུང་དུམ་འདི་དག་ལས་སྔོན་ཆད་བར་ཁྱད་ཆེར་མེད་པ་གསལ་བོར་བརྗོད་ཡོད། 《སྙན་ངག་མེ་ལོང་མ》བོད་དུ་དར་བས་ས་དགེ་བཀའ་རྙིང་གི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚང་མས་རྩོམ་རིག་ཀུན་གྱི་འཇུག་སྒོ་སྙན་གཞུང་འདི་བྱས་པས་མེ་ལོང་མའི་རྒྱན་གྱི་རྩ་ཚིག་ལ་དཔེར་བལྟོས་ཀྱིས་བྲིས་པའི་སྙན་ངག་ཞིག་ཡིན་ཕྱིན་དེ་ལ་ཕན་ཚུན་དཔེ་དང་གཟུགས་ཅན་འཕར་མ་སོགས་རྒྱན་རབ་དང་རིམ་པར་སྦྱར་ནས་བྲིས་པ་མ་ཡིན་པ་ཞིག་མེད། དཔེར་ན་བོད་མཁས་པའི“གངས་ལྗོངས་བསིལ་བའི་རེག་བྱས་དབྱངས་ལྷ་མོ། ། གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་ལ། དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ། ལེན་པའི་ཟོལ་གྱིས་བག་ཕེབས་གནས་སམ་སྙམ། །”ཞེས་པའི་སེམས་ལྡན་རབ་བཏགས་གི་དཔེ་བརྗོད་འདི་ལྟ་བུར་མཚོན་ན། རྩོམ་པ་པོས་བརྗོད་པར་འདོད་པ་ནི་རང་ཉིད་སྙན་ངག་འབྲི་བ་ལ་བྱང་ཆ་ལྡན་ཚུལ་བརྫོད་པ་ཡིན་མོད། ཁོས་ཐད་ཀྱི་ཁྲོ་དེ་ལྟོར་བརྫོད་པར་དབྱངས་ཅན་ལྷ་མོ་གྲང་བེས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ་ཡོད་པ་སོགས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་སྒྲོ་འདོགས་སྒོས་སེམས་ལྡན་རབ་བཏགས་ཀྱི་འབྲི་སྟངས་བེད་སྤྱད་ནས་རང་ཉིད་ཀྱི་བསམ་དོན་བསྟན་ཡོད། གལ་ཏེ་ང་ཚོས་ཁ་སྐད་ལམ་ནས་བརྗོད་པར་བྱས་ན“ང་སྙན་ངག་མཁན་ཞིག་ཡིན”ཞེས་ཐད་ཀར་བཤད་པ་ལས་གངས་ལྗོངས་དང་དབྱངས་ཅན་ལྷ་མོ། དྲི་ཟའི་འཇིག་རྟེན་སོགས་ཕྱི་རོལ་བའི་ཆོས་འགའ་འཁྱེར་ནས་བསྟན་བྱ་མི་སྟོན་ཁོ་ཐག་གོ འདི་དང་འདི་ལྟ་བུས་མཚོན་པའི《མེ་ལོང་མ》བོད་དུ་དར་བ་ནས་བོད་ཀྱི་སྔ་རབས་མཁས་པ་དག་གིས་ཡིག་ཐོག་སྙན་ངག་འབྲི་ཚུལ་ཐད་སྐད་ཆ་དེ་དཔེ་དང་དཔེ་ཅན། གཟུགས་དང་གཟུགས་ཅན་གྱི་ལམ་དུབཏང་བས་རྒྱན་སྦྱོར་ཚུལ་ཐད་དང་དོད་ཆེར་མཛད་པ་ལས་ཁ་སྐད་ཀྱི་སྦྱོར་བ་དག་གི་རྗེས་སུ་བསྐྱུར་བའི་བྱེད་ལས་ཀྱིས་ཕལ་སྐད་ལས་ཆོས་སྐད་ཟེར་བ་ཞིག་ལོགས་སུ་གྱེས། རྐྱེན་དེ་འདྲ་ཞིག་གིས་ཚིག་རྒྱན་ཡོངས་སུ་དོར་བའི་ཁ་སྐད་དང་རྒྱན་གྱིས་རྣམ་པར་བཟུང་བའི་ཡིག་སྐད་གཉིས་བར་ཐག་ཇེ་ཆེར་ཕྱིན་པས་གོ་བརྡ་འཕྲོད་པའི་གནས་སྐབས་ཧ་ལམ་མེད་སོང་པ་རེད། ཁ་ཐོར་དུ་འཚོ་སྡོད་བྱེད་པའི་ཡུལ་ལུང་ཚོ་ཁག་སོ་སོའི་མི་རྣམས་ཀྱི་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་ཀྱི་རྐྱེན་པས་སྐད་བརྡའི་གྲུབ་ཆ་སོ་སོ་སྟེ་ངག་སྦྱོར་གྱི་གཞི་གདངས་དང་། ཐ་སྙད་ཀྱི་་གྲུབ་ཚུལ། ཚིག་གི་སྒྲིག་གཞི་སོགས་ཡུལ་གྲུ་རང་ས་རང་མལ་ནས་ལེགས་སྒྲིག་དང་གསར་སྤེལ་བྱས་པས། ཡུལ་ཚོ་ལུང་སྡེ་དག་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྐད་བརྡའི་འགྲོ་ལུགས་ཤིག་ཆགས་འདུག་པ་སྟེ། ཐ་སྙད་ཀྱི་གྲུབ་སྟངས་ཐད་དུ་ལྷ་སའི་སྐད་དུ“མགོ་སྔས”ཞེས་པ་ལ་ཨ་མདོའི་སྐད་དུ་སྙེས་མགོ་དང་། རྒྱལ་རོང་སྐད་དུ་ད་བགོམ་ཟེར་སྲོལ་ཡོད་ལ། “བག་ཟན”ཞེས་པར་ལྷ་སའི་སྐད་དུ་བག་ལེབ་དང་རྒྱལ་རོང་སྐད་དུ་རྗ་མྱོག འབའ་ཐང་སྐད་དུ་མོག་མོག བླ་བྲང་སྐད་དུ་གོ་རེ་སོགས་ཟེར་སྲོལ་ལས་ས་ཆ་སོ་སོར་ཆོས་གཅིག་ལ་བརྗོད་པའི་མིང་ཀྱང་གཏན་ནས་མི་མཐུན་པ་ཤེས་ཐུབ། བརྡ་སྤྲོད་ཀྱི་ཐད་ནས་ཀྱང་ལྷ་སའི་སྐད་དུ་“ལྕགས་སྨྱུག་འདི་ཡག་པོ་ཞེ་དྲགས་འདུག”ཅེས་པ་ལ་ཨམ་སྐད་ཀྱིས་ལྕགས་སྨྱུག་འདི་ཧོང་གིས་བཟང་གི་དང་། ཨམ་སྐད་ཀྱིས“འུ་ཆོ་མཉམ་གཅིག་གིས་འགྱོ”ཞེས་པ་ལ་ཁམས་སྐད་དུ་ངེད་རིགས་རྣམས་ཕྱོགས་ལེ་བུད་འགྲོ་ལྟ་བུ། ལྷ་སའི་སྐད་དུ“གཏན་གཏན་ཡོང་གི་ཡིན”ཞེས་པ་ལ་ཨམ་སྐད་ཀྱི་ས་ཡོང་ཁོ་ཐག་ཡིན་ཞེས་སོགས་འདི་དང་འདི་ལྟ་བུའི་རྗོད་པ་ཅི་རིགས་སྣ་ཚོགས་སྤེལ་ན་སྤྱི་སྐད་ཆགས་རྒྱུ་དང་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཐུང་དུ་གཏོང་ཐབས་ལ་འགལ་རྐྱེན་ཆེན་པོ་ཐེབས་སྲིད་པས་ཅིས་ཀྱང་གཟབ་དགོས།
འདིར་རང་བློས་དང་ག་ཚོད་ཀྱིས་བརྟག་ཅིང་དཔྱད་མཐར་ཁ་སྐད་དང་ཡིག་སྐད་བར་གྱི་མཐུན་སྦྱོར་བྱེད་སྟངས་ཐད་དོ་སྣང་བྱ་དགོས་པའི་གནད་དོན་འགའ་མཆིས་པ་གཤམ་གསལ་ལྟར།
གཅིག མང་ཚོགས་ཀྱི་ཐད་ནས་བརྗོད་ན་གཙོ་བོ་ཡིག་རྨོངས་སེལ་རྒྱུ་དེ་རེད།
ལེ་ཉིན་གྱིས་ཡིག་རྨོངས་ཀྱིས་ཁེངས་པའི་མི་རིགས་ཤིག་ཡིན་ན་དེ་ལ་འཕེལ་རྒྱས་གྱི་རེ་བ་མེད་ཅེས་པ་ལྟར་རང་རེ་རྣམས་གདོད་མ་ནས་འཚོ་སྡོད་ཀྱི་ཁོར་ཡུག་མཐའ་འཁོབ་དང་བསམ་པའི་གོ་རྟོགས་ཀྱི་ཆུ་ཚད་དམའ་རྐྱེན་སློབ་གསོ་ཐོབ་པའི་གོ་སྐབས་ཤིན་ཏུ་ནས་ཕྲ། བོད་མིའི་གྲངས་འབོར་ལས་མི་མང་ཆེ་ཤོས་ཡིག་རྨོངས་ཡིན་པའི་གནས་ཚུལ་འདི་ལྟ་བུ་བྱུང་བ་རེད། ཡིག་རྨོངས་པ་གཙང་སེལ་བྱས་ནས་སྤྱི་དམངས་ཡོངས་ཀྱི་ནང་བསམ་པའི་དཔལ་ཡོན་དང་། ཕྱི་དངོས་པོའི་ལོངས་སྤྱོད་ཀྱི་ཆུ་ཚད་གོང་མཐོར་བུད་སོང་ན་སྐད་ཆའི་སྒྲིག་ལུགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཆགས་པར་གདོན་མི་ཟའོ།། རིག་གནས་ཡོན་ཏན་ལ་དགའ་མཁན་དག་གཞུད་མང་སྦྱངས་པའི་ཐོས་བསམ་ལ་གཙིགས་ཆེན་པོ་བྱས་ཏེ་མཁས་པའི་གོ་འཕང་བསྙེགས། གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་མང་པོ་ཡང་ཚིག་རྒྱན་གྱི་སྦྱོར་བས་ཡོངས་སུ་བཅིངས་རྐྱེན། ཀ་ངོ་ཡིག་ངོ་མི་ཆོད་མཁན་དང་ཁྱིམ་གྱི་ལས་ཀར་བྲེལ་ཡོད་མཁན་ཚོ་རྒྱུན་པར་ཡང་གསུང་རྩོམ་དེ་དག་ལ་མཇལ་བའི་བསྐལ་བས་དབེན་རྐྱེན་མང་ཚོགས་དང་ཤེས་ཡོན་པའི་བར་དུ་གཟུགས་མེད་ཀྱི་བར་ཐག་ཅིག་རང་བཞིན་གྱིས་ཐོན་གྱིན་འདུག དེའི་རྐྱེན་གྱིས་མཁས་དབང་དགེ་ཆོས་ཀྱིས“རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་པའི་གླེགས་བམ་གྱི་ཕུང་བོ་ཙམ་དུ་འགྲོ་ངེས”པའི་ཐུགས་ཁྲལ་འདི་ད་ལྟ་ཏག་ཏག་འུ་ཅག་ལ་འབྱུང་གིན་འདུག སྣང་ཚུལ་འདི་ནི་ཆེས་མི་ལེགས་པ་ཞིག་སྟེ་ཚབས་ཇེ་ཆེར་སོང་ན་མདོ་རྒྱུད་བསྟན་བཅོས་དག་ཀྱང་བཤམས་སྟོན་ཁང་གི་ནོམ་རྫས་སུ་མི་འགྱུར་བའི་ངེས་པ་མེད། དེའི་རྐྱེན་པས་ང་ཚོས་ཐོག་མར་ཡིག་རྨོངས་སེལ་རྒྱུར་ཤུགས་ཆེན་པོ་སྣོན་དགོས་པ་སྟེ། ཡིག་རྨོངས་སེལ་སྟེ་བོད་སྐད་བོད་ཡིག་གི་ཡོན་ཚད་ཡང་གྲ་མ་ཆག་པ་ཞིག་ཆགས་ཐུབ་སོང་ཚེ་མདོ་རྒྱུད་བསྟན་བཅོས་དེ་དག་ལ་ཡང་ཕྲ་མོའི་མིག་གིས་བལྟ་ཆོག་གི་རེད་ལ། དུས་སྐབས་དེར་བསྟན་བཅོས་ཀྱི་ཆོས་སྐད་ཟེར་བ་ཞིག་ལོགས་སུ་མེད་ལ་དམངས་ཕལ་བའི་ཡུལ་སྐད་ཟེར་བ་ཞིག་ཀྱང་ཟུར་ཏུ་སྟོན་རྒྱུ་མེད་པར། ཁ་སྐད་དང་ཡིག་སྐད་གཉིས་གཞི་གཅིག་ཏུ་འདྲེས་པ་ལྟ་བུའི་ཉམས་དགའི་སྣང་ཚུལ་འབྱུང་སྲིད་པས། དུས་སྐབས་དེ་ལྟ་བུར་ང་ཚོའི་དམིགས་བྱ་འགྲུབ་ཡོད་པ་རེད་ཨང་། སྤྱི་སྐད་ཟེར་བ་ཡང་དོན་གྱིས་བཤད་ན་ཁ་སྐད་དང་ཡིག་སྐད་བར་གྱི་མཐུན་སྦྱོར་གྱི་འབྲེལ་བ་ཞིག་ཡིན་པ་ལས་མཐའ་གཅིག་ཏུ་ཡིག་སྐད་གཞིར་བྱས་པའམ་ཡང་ན་མཐའ་གཅིག་ཏུ་ཁ་སྐད་གཞིར་བྱས་པ་ཞིག་མ་ཡིན། འདི་དག་ཚང་མའི་ལེགས་འགྲུབ་ལ་ཐོག་མར་ཅིས་ཀྱང་ཡིག་རྨོངས་སེལ་རྒྱུ་དེ་རེད། སྲིད་བྱུས་གསར་བའི་དགོངས་དོན་ལག་བསྟར་རམ་ཡང་ན་དམངས་ཡོངས་ཀྱི་བསམ་བློའི་ཆུ་ཚད་གོང་འཕེལ་གཏོང་ཕྱིར་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཡིག་རྨོངས་སེལ་བའི་འཛིན་གྲྭ་གཟུག་རྒྱུའམ་ཡིག་རྨོངས་སེལ་བའི་སློབ་དེབ་སོགས་འགྲེམ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ལགས་པས་འདི་འདྲའི་ལས་འགུལ་སྤེལ་བ་ནི། བོད་སྤྱི་ལ་ཚད་ལྡན་གྱི་སྤྱི་སྐད་ཅིག་ཆགས་རྒྱུའམ་ཁ་སྐད་དང་ཡིག་སྐད་བར་གྱི་བར་ཐག་ཐུང་དུ་བསྟུངས་ཐབས་གང་ཡིན་ན་ཡང་ཐར་ལམ་གཅིག་པུ་ལྟ་བུར་མཐོང་ངོ་། ཡིག་རྨོངས་པའི་སྡེ་མ་སེལ་བས་ཁོ་ཚོས་ཡིག་སྐད་ཀྱི་བརྡ་སྤྲོད་པའི་ཆོས་ཉིད་དེ་གཏན་ནས་ཤེས་མི་སྲིད། ཡིག་སྐད་ཀྱི་བརྡ་སྤྲོད་གྲུབ་ཆར་བྱང་ཆ་མེད་པས་ཁོ་ཚོའི་ལུང་སྐད་དེ་ནམ་ཡང་ལུང་སྐད་ཁོ་ནའི་སར་སྡོད་པ་ལས་དེ་ཉིད་ཡིག་སྐད་དུ་འགྱུར་བའི་གླགས་ཡོད་མི་སྲིད་དོ།།
གཉིས། རྩོམ་པ་པོ་དག་གིས་ལུས་གང་གི་སྒོ་ནས་སྒྱུ་རྩལ་བརྩམས་ཆོས་གང་རྩོམ་ན་ཡང་མངོན་བརྗོད་དང་བརྡ་རྙིང་། རྒྱན་སྣ་ཚོགས་ཀྱིས་མི་བཅིངས་པར་ལྗོངས་ཆེའི་ཕལ་སྐད་ཀྱིས་ཁ་གསལ་གཏིང་གསལ་ངང་མཚོན་དགོས། སྒྱུ་རྩལ་བརྩམས་ཆོས་ནི་སྤྱི་ཆོགས་འཚོ་བ་ལས་འོངས་ཤིང་སྤྱི་ཚོགས་འཚོ་བ་ལས་ཚད་མཐོ་བ་ཞིག་ཡིན་མོད་རྩོམ་པ་པོ་དག་གི་གསར་རྩོམ་དེ་ཡང་ཚད་མེད་པའི་འཕུར་མཆོངས་ཤིག་མ་ཡིན་པར་ཀློག་པ་པོའི་བསམ་བློའི་གྲུབ་གཞིའི་སྟེང་ཅིས་ཀྱང་འབབ་དགོས་པ་རེད། རང་རྒྱལ་གྱི་རྒྱ་མི་རིགས་ལྟ་བུར་མཚོན་ན་ཐང་དང་སུང་རྒྱལ་རབས་དུས་སྐབས་ཀྱི་སྙན་ཚིག་དེ་དག་དུས་རབས་འདིའི་མིས་གོ་དཀའ་བ་ལྟ་བུར་ཆགས་དོན་ཀྱང་ཁ་སྐད་དང་བར་ཐག་ཇེ་རིང་དུ་གྱེས་པས་རེད། དོན་གྱིས་བཤད་ན་བར་ཐག་འདི་བསྲིངས་མཁན་ནི་བསྟན་བཅོས་རྩོམ་མཁན་དག་ལགས་ཏེ་ལྷག་ཏུ་ཡང་བོད་རྩོམ་ལྟ་བུ་ཡིན་ན་སྙན་ངག་གི་མཛེས་པ་དེ་ཚིག་རྒྱན་གྱི་ཐོག་ན་ཡོད་པའི་ཆ་ནས་རྒྱན་སྣ་ཚོགས་སྦྱོར་བའི་བྱེད་ལས་ཀྱིས་ཁ་སྐད་དང་རིང་དུ་གྱེས་ཡོད་པས་རེད། ཡུལ་སྐད་ཆེན་པོ་གསུམ་ཁོ་ནར་ཡང་དབུས་གཙང་གི་མིས་བྲིས་པའི་རྩོམ་དེ་ཨ་མདོའི་མིས་འབྱོང་བོར་གོ་མི་ཐུབ་པ་དང་ཨ་མདོའི་མིས་བྲིས་པའི་རྩོམ་དེ་དབུས་གཙང་བས་གོ་ཁག་པ་སོགས་གནད་དོན་ལ་འཕྲད་ཀྱིན་ཡོད། དེ་ཡང་མིང་བརྡའི་བཀོལ་སྤྱོད་དང་ཚིག་གི་སྦྱོར་ལུགས། བརྡ་སྤྲོད་སྟངས་བཅས་ཀྱི་ཁྱད་པར་གྱིས་དེ་འདྲའི་དཀའ་ངལ་ལ་འཕྲད་སོང་བ་རེད། འདིའི་ཐད་ནས་རྩོམ་པ་པོ་དག་ལ་རང་རིག་གི་ཐག་གཅོད་ནུས་པ་མངའ་བས་རྩོམ་པ་པོ་དག་གི་གསར་རྩོམ་དེ་ཡང་བོད་སྤྱིའི་བརྡ་སྤྲོད་ལུགས་དང་མཐུན་པ། ཡུལ་སྐད་ཀྱི་རིས་སུ་མ་འཁྱེར་བ། སྲོལ་རྒྱུན་བསྟན་བཅོས་ཁག་གི་དགོངས་དོན་དང་མ་འགལ་བ། ཁ་སྐད་དང་ཡང་རྒྱང་དུམ་བཀྱེད་པ་ཞིག་ཡོང་རྒྱུ་ནི་གནད་ཀྱི་དམ་པའོ།། དེ་ཡང་ཐལ་ཆེ་བའི་ཡུལ་སྐད་ལམ་གྱི་འབྲི་རྩོམ་དང་། ཡོད་པ་ལྟ་བུར་ཡོད་པ་རེད་དང་ཡོད་པ་ཡིན་པ་རེད་དམ་ཡང་ན་མེད་པ་ལྟ་བུར་ཡོད་པ་ཡིན་པ་མ་རེད་ལྟ་བུའི་ཚིག་ཚོགས་བསྐྱུངས་ན་ད་གཟོད་ཀློག་པ་པོ་དག་གིས་བདེ་བླག་ངང་གོ་ཐུབ་བམ་སྙམ་པའི་འདུ་ཤེས་ཐོག་མར་སྐྱེ་དགོས། ཀློག་པ་པོའི་བག་ཉལ་འདུ་ཤེས་སྐུལ་སློང་སྒོས་བྲིས་རྩོམ་གང་དེ་ཁོ་ཆོའི་ཡིད་ཀྱི་གསོས་དང་རྣ་བའི་བདུད་རྩིར་བསྒྱུར་ཐུབ་སོང་ཚེ་མང་ཚོགས་དང་བཅས་པའི་ཀློག་པ་པོ་དག་ཀྱང་རྟོགས་སད་ཀྱི་བགྲོད་ལམ་ཞིག་ཏུ་འཇུག་བདེ་བར་གྱུར་སོང་བའོ། །
གསུམ། ཚགས་པར་དང་དུས་དེབ། རྒྱང་བསྒྲགས་ལས་ཁུངས་དང་བརྙན་འཕྲིན་ཁང་སོགས་ཀྱིས་མང་ཚོགས་ཀྱི་བློ་ཁ་དང་འཚམ་པའི་ལེ་ཚན་མང་དུ་བཀོད་སྒྲིག་བྱེད་དགོས་ལ། གསར་འགྱུར་སོགས་བརྗོད་པ་རིང་ཐུང་གང་སྤེལ་ན་ཡང་མང་ཚོགས་ཀྱི་བློ་ངོ་ན་ཡོད་པའི་སྐད་བརྡའི་གྲུབ་ལུགས་དང་ཐག་ཉེ་གང་ཐུབ་ཀྱི་བཅར་དགོས། ད་དུང་རྒྱུགས་ཆེ་བའི་ཕལ་སྐད་དང་བརྡ་ཐབས་སླ་མོའི་རིགས་སྤྱད་ནས་ཁོ་ཆོའི་བསམ་བློའི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྐུ་ཞབས་ཡེ་ཧྲིན་ཐའོ་ནས་“རླུང་འཕྲིན་ལས་དོན་བྱེད་མཁན་རྣམས་ནི་དགེ་རྒན་དང་འཁྲབ་སྟོན་པ། རྩོམ་པ་པོ་བཅས་དང་འདྲ་བར་སྐད་ཆའི་སློབ་གསོ་གཏོང་མཁན་ཡིན་པས། ནང་དོན་གྱི་ངོ་བོར་ཕྱོགས་སོ་སོ་ནས་བསམ་གཞིག་མང་པོ་བྱེད་དགོས་པ་ཕུད། ད་དུང་སྐད་ཆའི་ཐད་ལ་འབད་བཅོན་བྱེད་དགོས། དེ་ལྟར་མ་བྱས་ན་སྐད་ཆའི་སློབ་གསོ་མཐའ་འཁྱོལ་བ་ཞིག་བྱེད་མི་ཐུབ། དེ་ནི་སྐྱོན་ཆ་ཞིག་རེད་ཅེས་གསུངས་པ་ལྟར་རླུང་འཕྲིན་ལས་དོན་གཉེར་མཁན་རྣམས་ནི་མང་ཚོགས་དང་ཤེས་ལྡན་པའི་བར་གྱི་འབྲེལ་རྡང་དམིགས་བསལ་བ་ཞིག་གམ། ཡང་ན་ཁ་སྐད་དང་ཡིག་སྐད་བར་མཐུན་སྦྱོར་གཏོང་སའི་སྟེགས་བུ་གལ་ཆེན་ཞིག་ལགས་པས་མདོ་འཛིན་པ་དང་སྙན་སྒྲོན་པ་དག་གིས་ཁ་སྐད་དང་ཡིག་སྐད་བར་གྱི་ལྟེ་ཐག་རྣལ་མ་ཞིག་འཚོལ་རྒྱུ་ནི་ཧ་ཅང་གི་གལ་ཆེ་བར་མངོན། དེ་ཡང་ཡུལ་གྱི་བསྐལ་བའི་དབང་གིས་ཁ་སྐད་དང་ཡིག་སྐད་བར་བར་ཁྱད་ཆེན་པོ་བྱུང་དུ་བཅུག་འདུག་ལ་ལུང་སྐད་མང་བས་སྤྱི་སྐད་ཆགས་རྒྱུར་བཀག་རྒྱ་ཆེན་པོ་བཟོས་འདུག་པ་དཔེར་ན། གཅེན་པོའམ་ཕུ་བོ་ཞེས་པར་ཨ་མདོའི་ཡུལ་སྐད་ཁོ་ནའི་ནང་འདོན་སྟངས་འདྲ་མིན་སྣ་ཆོགས་ཡོད་དེ་གཅན་ཚས་ཨ་རྒྱ[a hdma]དང་རྡོ་སྦིས་ཨ་བུ[awe]འབའ་རྫོང་གིས་ཨ་པ་དང[aba]ཆབ་ཆས་ཨ་བོ[awo ]བླ་བྲང་གིས་ཨ་རྒ[ahga]ཀླུ་ཆུས་ཨ་ཡ[a ja]དང་ཨ་ཀོ[ako]ཐེ་བོས་ཨ་རྗེ[a hdme]སོགས་སུ་འབོད། དེ་མིན་ཀན་ལྷོའི་རྫོང་བན་གྱི་ནང་ནས་འགྲོ་ཞེས་པར་འདོན་སྟངས་མི་འདྲ་བ་འདི་དག་ཡོད་དེ་བླ་བྲང་གིས་འགྱོ[ndmo]དང་ཐེ་བོས་མཛོ[ndzo]ཅོ་ནེས་འགྱེད[ndme]སོགས་རང་ས་རང་ཡུལ་ནས་དར་བའི་འདོན་ལུགས་སྣ་མང་ཞིག་ཆགས་འདུག ཁ་ཡོངས་ལ་ཕྱོགས་པ་དང་ཀུན་གྱིས་གོ་བདེ་བའི་ཆེད་དུ་ཕུ་བོ་དང་འགྲོ་སོགས་ཚད་ལྡན་ཡིག་སྐད་བཀོལ་དགོས་པ་ལས། ཕྱོགས་རིས་དང་འཐེན་འཁྱེར་གྱི་དབང་གིས་ཨ་བོ་དང་མཛོ་སོགས་བཀོལ་ན་དེ་ལས་ལྡོག་པའི་ནུས་པ་ཐོན་སྲིད། འདིའི་ཐད་དུ་རླུང་འཕྲིན་ལས་རིགས་པ་དག་གིས་དོ་གལ་ཆེན་པོ་མཛད་དེ་ཐུབ་ཚོད་ཀྱིས་སྤྱི་སྐད་དུ་ཕྱོགས་པ་དང་ཡིག་སྐད་ཀྱི་ལམ་ནས་བརྡ་སྤྲོད་ཅི་ཐུབ་བྱེད་དགོས། མཇུག་གི་གཏམ།
ཁ་སྐད་དང་ཡིག་སྐད་བར་གྱི་བར་ཐག་ནི་དུས་ཀྱི་འགྱུར་ལྡོག་ལས་མངོན་པའི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། སྐད་ཡིག་གཅིག་སྲོག་རྩར་བྱེད་པའི་ཆ་ནས་སོ་སོར་གྱེས་ཐབས་མེད་པ་དང་གཅིག་རམ་གཅིག་འདེགས་སྒོས་ཁ་སྐད་ཀྱི་འགྱུར་བ་དང་བསྟུན་ནས་ཡིག་སྐད་ལ་བཅོས་བསྒྱུར་འདྲ་མིན་བྱེད་དགོས། དེ་གཉིས་ཀྱི་འགྱུར་ལྡོག་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་རང་འདོད་དུ་བཞག་ན་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྒྱུར་འགྱུར་སྲིད་པས་དུས་དེར་མི་རིགས་ཞེས་པ་ཡང་གནས་ཐབས་ཡེ་ནས་མེད། ཁ་སྐད་དང་ཡིག་སྐད་བར་གྱི་མཐུན་སྦྱོར་བྱེད་ཐབས་གཙོ་བོ་ནི་སྨྱུག་ཐོགས་པ་རྣམ་པས་རྩོམ་གང་རུང་ཞིག་འབྲི་ན་ཡང་མངོན་བརྗོད་དང་རྗོད་པ་རིང་བོ་མི་སྤེལ་བར་མང་ཚོགས་ཀྱི་བློ་ཁ་དང་འཚམ་པོ་བྱ་རྒྱུ་དེ་རེད། འདི་ནི་རང་རེའི་སྐད་དང་ཡི་གེའི་སྲོག་རྩ་དང་མི་རིགས་རིག་གནས་ཡུན་རིང་གནས་ཐུབ་མིན་གྱི་དན་རྟགས་ལགས་པས་ཚང་མས་དོ་སྣང་མཛད་རོགས་ཞེས་རེ་བཅོལ་དང་བཅས་བྲིས་པ་ལགས་པས་གཟུར་གནས་བློ་ལྡན་དགྱེས་པའི་གསོས་སྨན་དུ་གྱུར་ཅིག་གུ།
རྩོམ་པ་པོ་ངོ་སྤྲོད།
བྱམས་ཕྲུག་བན་དེ་མཁར (1985- ) ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2009ལོའི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན།
①邢公畹,仲哲明: 《语言学概论》 语文出版社, 1992年版 p203.
①དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།) པོད་དང་པོ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན། ཤོག་ངོས247ན་གསལ།
② ཚེ་ཏན་ཞབས་དྲུང་། 《 ཐོན་མིའི་ཞལ་ལུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1980ལོར་པར་དུ་བསྐྲུན། ཤོག་ངོསl5ནས་l7བར་ན་གསལ།
①དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།) པོད་དང་པོ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན། ཤོག་ངོས275ན་གསལ།
① 叶蜚声,徐通锵:《语言学纲要》北京大学出版社,2008年版, p169.
① དཀར་ལེབ་དྲུང་ཡིག《དཀར་ལེབ་སུམ་རྟགས་དཀའ་འགྲེལ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1989ལོར་པར་དུ་བསྐྲུན། ཤོག་ངོས5lདང་82ན་གསལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1