སྒྲ་སྒྱུར་རྒྱ་གར་གླིང་དང་ཐི་ལེ་ཏའོ་ཡིག་སྒྱུར་གླིང་གཉིས་བར་ གྱི་དཔྱད་བསྡུར་རགས་ཙམ།
སྐལ་བཟང་དབང་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03
དང་བོ། བྱུང་བའི་དུས་ཀྱི་སྐོར།
རང་རེའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་དུས་ཀྱི་ཆ་ལ་གཅིག་མཐུན་གྱི་ལྟ་བ་ཞིག་ཆགས་མེད་ཀྱང་། ཁོ་བོས་ནི་ 《 དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》སུ། ཆུ་ཕོ་སྟག་གི་ལོ་ལ་བསིལ་ལྡན་ཁ་བས་སྐོར་བའི་དོ་རར་འཁོད་པའི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་རླབས་པོ་ཆེ་གྱུར་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིངས་ཞེས་དང་། དེ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ་ཞེས་གསུངས་པ་སྤྱི་ལོར་སྦྱར་ན་762ལ་རྨང་བཏིངས་ནས་766ལ་ཡོངས་སུ་གྲུབ་པར་བཀོད་པ་དེ་བདེན་པར་སྙམ། གཙུག་ལག་ཁང་(མཁན་སློབ་ཆོས་གསུམ་གྱིས་བཞེངས)ནི་རྒྱ་གར་གྱི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་དབུ་རྩེ་ཡང་ཐོག་རྒྱ་གར་ལུགས་སུ་ཤིང་ལས་གྲུབ་པ་དང་། བར་ཐོག་རྒྱ་ནག་ལུགས་སུ་སོ་ཕག་ལས་གྲུབ་པ། འོག་ཐོག་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་པར་བཤད། གཙུག་ལག་ཁང་ཧྲིལ་བོར་བསྡོམས་པས་རྣམ་དག་ཁྲིམས་ཁང་གླིང་དང་མཁྱེན་རབ་འཇམ་དཔལ་གླིང་སོགས་གླིང་བཅུ་གཉིས་ཡོད་ལ། སྒྲ་སྒྱུར་རྒྱ་གར་གླིང་ནི་ལོ་ཙཱའི་ལས་ལ་བརྩོན་གཉེར་གནང་སའི་ནང་ཚན་གྱི་གླིང་ཞིག་ཡིན། དེ་བཞེངས་གྲུབ་ཀྱི་དུས་ཚོད་ཀྱང་ཧ་ལམ་གཙུག་ལག་ཁང་བཞེངས་གྲུབ་ཀྱི་ལོ་ཚིགས་དང་གཅིག་པ་ཡིན་པ་རྗེས་དཔག་གི་བློ་ལས་གྲུབ་པར་ནུས། ཐི་ལེ་ཏའོ་ཡིག་སྒྱུར་གླིང་ནི་སི་ཕན་གྱི་རྒྱལ་ས་མུ་ཏྲི་རེ་ཏིའི་(Madrid) ལྷོ་མཚམས་ཀྱི་སྤྱི་ལེ་70ཡི་མཚམས་སུ་ཡོད། དེ་བཞེངས་གྲུབ་ཀྱི་ལོ་ཚིགས་ཐད་ལ་འབྲེལ་ཡོད་ཀྱི་ལོ་ཙཱའི་དེབ་ཐེར་དག་ན་སྤྱི་བམ་པ་ཙམ་ལས་ཁ་གསལ་བོ་ཞིག་བཀོད་མི་འདུག འདིར་ཡང་རྒྱ་ཡིག་གི་རྒྱུ་ཆ་གཡག་རྔ་ཙམ་དེ་དག་གཞིར་བཟུང་བ་ལྟར་ན། དེ་ནི་“དུས་རབས་བཅུ་གཅིག་པའི་ནང་ལ། ཨ་རབ་ཀྱི་བརྩམས་ཆོས་ཕལ་ཆེ་བ་སི་ཕན་གྱི་སྐད་དུ་བསྒྱུར་ཞིང་། ཐི་ལེ་ཏའོ་ཡིས་པཱ་ཀུ་ཏ་ཏིའི་(Baghhad)ཚབ་བྱས་ཏེ་ཡོ་རོབ་ཀྱི་‘ཡིག་སྒྱུར་གླིང་’དུ་གྱུར།” ཞེས་པར་གཞིགས་ན། ཐི་ལེ་ཏའོ་ཡིག་སྒྱུར་གླིང་ནི་ཧ་ལམ་དུས་རབས་བཅུ་གཅིག་པའི་ནང་དུ་བཙུགས་པར་སྙམ། ཡིན་ནའང་བྱེ་བྲག་གི་ལོ་ཚིགས་ཐད་ལ་འབྲེལ་ཡོད་ཀྱི་རྒྱུ་ཆ་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པས། མུན་སྤྲུལ་གྱིས་ཐག་གཅོད་མི་སྤོབས་པར་བཏང་སྙོམས་ཀྱི་གནས་སུ་མི་འཇོག་ཐབས་མེད་དུ་སྣང་།
གཉིས་པ། བསྒྱུར་གྲྭའི་ཁྱད་ཆོས་ཀྱི་སྐོར།
1.བསྒྱུར་བྱའི་གཞུང་གི་ཁྱད་པར། རི་བོའི་གཏོས་དང་མཉམ་པའི་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་ནི་རང་རེའི་སྲོལ་རྒྱུན་ལོ་ཙཱའི་ཕྱི་མོ་ཡིན་ལ། ཞོར་དུ་རྩིས་གཞུང་དང་སྨན་དཔྱད་ཀྱི་གཞུང་། དམག་རྒྱག་ཐབས་དང་གནའ་དཔེ་སོགས་ཡིན་པ་དགེན་འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས་པའི་《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས།》ཅེས་པའི་ནང་དུ་གསལ་བོར་བཀོད་ཡོད་སྟབས། འདིར་རེ་རེ་བཞིན་ངོ་སྤྲོད་བཅའ་བའི་དགོས་པ་མ་མཆིས་ལ། མཁྱེན་འདོད་ཡོད་མཁན་དག་གིས་དེར་གཟིགས་པར་འཚལ། ཡང་བསྒྱུར་བྱའི་ཆོས་གཞུང་དེ་དག་གི་འབྱུང་ཁུངས་ནི་“ཁྲི་སྲོང་བཙན་གྱི་བར་སྐབས་སུ་ཆོས་གཞུང་ལོ་ཙཱའི་ཕྱི་མོ་ཡོངས་རྫོགས་འཕགས་ཡུལ་ནས་དྲངས་པ་དང་། ཁྲི་སྲོང་ལྡེའུ་བཙན་གྱི་བར་སྐབས་སུ་ཉུང་ཤོས་ལས་མ་གཏོགས་པའི་ཕལ་ཆེ་བ་མ་ཧཱ་ཙི་ནའི་ཡུལ་ནས་དྲངས་པར་བཤད་མོད། འདི་ནས་མནོ་བསམ་བགྱིད་འོས་པ་ཞིག་ལ། སྐབས་དེ་དུས་སུ། ཁ་ཆེ་དང་ལི་ཡུལ། ཟ་ཧོར་སོགས་སུའང་སངས་རྒྱས་ཀྱི་བསྟན་པ་ཆེ་ཆེར་འཕེལ་ཡོད་པའི་རྐྱེན་གྱིས་ཡུལ་གྲུ་ཐ་དད་དེ་དག་ནས་ཀྱང་ཆོས་གཞུང་རེ་ཟུང་བོད་ཁུལ་དུ་དྲངས་ནས་བསྒྱུར་ཡོད་པར་སྙམ། ཐི་ལེ་ཏའོ་ཡིག་སྒྱུར་གླིང་གི་“བསྒྱུར་བྱའི་ཕྱི་མོ་ནི། ཀུ་རུ་སིའི་བརྩམས་ཆོས་ཨ་རབ་ཀྱི་སྐད་དུ་བསྒྱུར་པའི་འགྱུར་ཆོས་དག་ཡིན་ལ། དེའི་འཕྲོ་ཨ་རབ་ཀྱི་ཕྱི་མོ་དང་ཀུ་རུ་སིའི་ཕྱི་མོ་ཡིན།” ཞེས་ཨ་རབ་ཀྱི་སྐད་དུ་བསྒྱུར་བའི་ཀུ་རུ་སིའི་འགྱུར་ཆོས་དག་ཡིན་པ་དང་། འགྱུར་ཆོས་དེ་དག་ནི། “ཨ་རའེ་སི་ཏོ་ཐོ་(Aristotle)དང་ཕི་ལེར་ཐུ། (Plato) ཀེར་ལིན་(Galen)དང་ཧེ་ཕའོ་ཁིར་ཁྲེ་ཟི་(Hippocrates)སོགས་གཙོར་བྱས་པའི་མཚན་ཉིད་རིག་པ་དང་ཚན་རིག་གི་དེབ་གྲགས་ཅན་དག་ཡིན་ཞེས་པ་དང་། ཡང་“འགྱུར་ཆོས་དེ་དག་ཐོག་མར་མ་ཡིག་ནས་སེ་རའེ་ཡའི་(Syria)སྐད་དུ་བསྒྱུར་ཞིང་། དེ་ནས་ཨ་རབ་ཀྱི་སྐད་དང་ལྰ་ཏིང་གི་སྐད་དུ་བསྒྱུར། དུས་རབས་13པའི་ནང་ཀུ་རུ་སིའི་ཕྱི་མོ་དག་ཐི་ལེ་ཏའོ་རུ་མཆེད་པར་འགོ་རྩོམ་པ་དང་མཁས་དབང་རྣམ་པས་ཀྱང་ད་གཟོད་ཀུ་རུ་སིའི་ཕྱི་མོ་ནས་ཐད་ཀར་དུ་ལོ་ཙཱ་བྱེད་པ་ལས། སུམ་སྒྱུར་དང་བཞི་སྒྱུར་གྱི་བརྒྱུད་སྒྱུར་དེ་ལ་སུན་པོ་སྣང་བར་བྱེད།” ཅེས་བསྒྱུར་བྱའི་གཞུང་དེ་དག་ཐོག་མར་ཕྱི་མོ་ནས་བསྒྱུར་བ་མིན་པར་ཕྱིས་སུ་ཕྱི་མོ་ནས་བསྒྱུར་བར་བཤད།
2. བསྒྱུར་གྲྭའི་སྒྲིག་འཛུགས་ཀྱི་ཁྱད་པར། སྒྲ་སྒྱུར་རྒྱ་གར་གླིང་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྒྱབ་སྐྱོར་འོག་བཙུགས་པའི་སྲིད་གཞུང་གི་ལོ་ཙཱའི་ལས་ཁུངས་ཡིན་པས། དེར་ཐུན་མོང་གི་སྒྲིག་འཛུགས་དང་འཐུས་ཚང་གི་གོ་རིམ་ཡོད་པ་དཔེར་ན།“བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་པ་དང་བསམ་ཡས་སྒྲ་སྒྱུར་གླིང་ཞེས་པའི་ལོ་ཙཱ་བའི་སློབ་གྲྭ་ཞིག་བཙུགས་ནས་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་བོ་གསོ་སྐྱོང་གནང་བ་དང་། རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་སྐུ་ངོ་མས་སློབ་གྲྭའི་དབུ་འཛིན་གནང་ཞིང་། སློབ་ཁྲིད་གནང་མཁན་གཙོ་བོ་མཁན་པོ་བོ་དྷི་ས་ཏྭ་དང་། སློབ་དཔོན་པད་མ་འབྱུང་གནས་ཡིན་པ་དང་། སློབ་ཁྲིད་ཕྱག་རོགས་གནང་མཁན་གྱི་གྲས་སུ་བེེ་རོ་ཙཱ་ན་དང་། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་བཅས་ཡོད།” ཅེས་བཙན་པོར་དབང་གྲགས་ཆེན་པོ་ཡོད་པ་དང་། དེ་ལས་མཁན་པོ་དང་། དེ་ནས་ལོ་ཙཱ་བ། མཐའ་མར་གསོ་སྐྱོང་བྱེད་པའི་ལོ་ཙཱ་སློབ་མཁན་བཅས་རིམ་པ་ལྟར་བསྒྲིགས་ཡོད། ལོ་ཙཱ་བའི་གསོལ་ཐང་ནི་བློན་ཆེན་པོ་ཀུན་དང་མཉམ་མོ། བློན་ཆེན་པོའི་ཟ་ཐང་ནི་རྒྱལ་བོས་གསོལ་བོའི་སུམ་ཆ་གཅིག་ཡིན་ནོ། རྒྱལ་བོ་ཆེན་པོའི་གསོལ་ཐང་གི་སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ན་ཡོད་དོ་ཞེས་ལོ་ཙཱ་བར་སྤྱི་ཚོགས་ཀྱི་གོ་གནས་མཐོན་པོ་ཡོད་པ་ཤེས་ཐུབ། ལོ་ཙཱ་བྱེད་པའི་གོ་རིམ་ལ། ཐོག་མར་གཅིག་གིས་མ་ཡིག་ཀློག་པ་དང་། གཅིག་གིས་ཡིག་ཐོག་ཏུ་ཕབ་པ། གཅིག་གིས་དེར་ཞུས་དག་མཛད་པ། དེ་ནས་ལོ་ཙཱ་བ་དང་མཁན་པོ་རྣམས་ཀྱི་མདུན་གྲལ་དུ་ཕུལ་བ། མཐར་བཙན་པོས་བཀའ་རྒྱའི་ལམ་ནས་གཏན་དུ་འཁེལ་བ་སོགས་བརྒྱུད་རིམ་ལྔ་ལྡན་པ་ཡིན། ལོ་ཙཱ་བའི་འགན་སྲུང་གི་ཐད་ནས། གཞུང་ལས་“སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས། སོ་སོ་ནས་སུའང་འཆོས་ཤིང་། འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲ་ས་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲ་གྲར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་བཀས་སུ་བསྣན་ནོ། སྔགས་ཀྱི་རྒྱུད་རྣམས་གཞུང་གིས་ཀྱང་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་རྣམས་ལ་བཤད་ཅིང་བསྟན་པར་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱིས། ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་ཞེས་ཆོས་གཞུང་གཙོར་བྱས་པའི་ལོ་ཙཱའི་ལས་ཀ་དེ་ནི་ཧ་ཅང་གཟབ་ནན་བྱ་དགོས་པ་ཡིན་པ་གསལ་ལོ། གཞན་ཡང་གཞུང་ལུགས་ཀྱི་ཐད་ནས་སྲོང་བཙན་སྐབས་ཀྱི་ལོ་པཎ་དང་མཁན་པོ་དག་གིས་ལོ་ཙཱའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཏེ། ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་འབྲིང་བ།》འམ ་《སྒྲ་སྦྱོར་བམ་པོ་གཉིས་པ།》 ནང་དུ་གཏན་འཁེལ་བྱས་པའི་བསྒྱུར་གྱི་རྩ་དོན་དང་ཚད་གཞི་བརྩི་སྲུང་བྱ་དགོས། སྒྱུར་ཐབས་ཀྱི་ཕྱོགས་ནས་བསྒྱུར་གྱི་ཐབས་ཤེས་ཆེ་བ་གསུམ་སྟེ། ཐད་སྒྱུར་དང་དོན་སྒྱུར། སྒྲ་སྒྱུར་བཅས་གང་ལ་གང་འཚམ་གྱི་སྤྱོད་དགོས་པ། བྱེ་བྲག་ཏུ་བསྒྱུར་གྱི་ཐབས་རྩལ་གཙོ་ཆེ་བ་ལྔ་རུ་དབྱེ་སྟེ། བསྣོར་ཏེ་བསྒྱུར་བ་དང་། ཕྲལ་ཏེ་བསྒྱུར་བ། བསྣན་ཏེ་བསྒྱུར་བ། སྟབས་བསྟུན་གང་འཚམ་པར་བསྒྱུར་བ། ཡུལ་སྲོལ་དང་མཐུན་པར་བསྒྱུར་བ་བཅས་ཕྲ་ཞིང་ཞིབ་པར་བཀོད་ཡོད།
གསུམ་པ། བླངས་པའི་གྲུབ་འབྲས་ཀྱི་སྐོར།
བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་ལྷག་ཏུ་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་ནས་བཟུང་། བོད་ཀྱི་ལོ་ཙཱའི་ལས་ལ་གཞས་ཡས་ཀྱི་གུར་ཁང་བསྐྲུན་པ་ལྟ་བུའི་དོན་སྙིང་ཆེན་པོ་ལྡན་པ་རེད། རང་རེའི་ལོ་ཙཱའི་བྱ་གཞག་གོང་དུ་ཆེ་ཆེར་སྤེལ་ཞིང་ལག་ལེན་ལ་མཛུབ་སྟོན་དུ་རུང་བའི་གཞུང་ལུགས་ཀྱི་ཐོག་མ་《སྒྲ་སྦྱོར་བམ་པོ་གཉིས་པ།》བྱུང་བ་དང་གཅིག རྒྱ་གར་དང་རྒྱ་ནག བལ་བོ། ཁ་ཆེ། ཟ་ཧོར་སོགས་ནས་སློབ་དཔོན་དུ་མ་གདན་དྲངས་ཏེ་ཆོས་གཞུང་དང་། དེ་མིན་རིག་གནས་དང་འབྲེལ་བའི་གཞུང་མང་པོ་བོད་སྐད་དུ་བསྒྱུར་ཞིང་། ལོ་ཙཱ་ལ་ངེས་པར་དུ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་གཉིས། དུས་ཕྱིས་ཀྱི་ལོ་ཙཱའི་བྱ་གཞག་ལ་ཟངས་གྱང་ལྕགས་རྩིག་ལྟ་བུའི་གཞུང་ལུགས་དང་ལག་ལེན་གྱི་རྨང་གཞི་བརྟན་པོ་བཏིངས་པ་དང་གསུམ། ཕོ་བྲང་འོན་ཅང་རྡོའི་བསྒྱུར་གྲྭ་དང་བསྟན་པ་ཕྱི་དར་སྐབས་ཀྱི་མཐོ་ལྡིང་གཙུག་ལག་ཁང་གི་བསྒྱུར་གྲྭ གཞན་ས་སྐྱ་དགོན་པ་གཙོར་བྱས་པའི་དགོན་སྡེ་ཁག་ཏུ་ལོ་ཙཱའི་བྱ་འགུལ་སྤེལ་བར་ཉམས་མྱོང་གསེར་གྱི་ཞུན་མ་ལྟ་བུའི་བསླབ་བྱ་གནང་བ་དང་བཞི། བསྒྱུར་ཚར་བའི་འགྱུར་ཆོས་དག་ལ་འགྱུར་ཞུས་ལེགས་པར་གནང་སྟེ་བཀའ་བསྟན་གྱི་དཀར་ཆག་ཏུ་བསྒྲིགས་པ་དང་ལྔ། ཆོས་གཞུང་གི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ནས་བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རྐང་བརྟན་པོ་ཚུགས་པ་དང་དྲུག་བཅས་དགེ་མཚན་བླ་ན་མེད་པའོ།
མདོར་ན། སྒྲ་སྒྱུར་རྒྱ་གར་གླིང་དང་ཐི་ལེ་ཏའོ་ཡིག་སྒྱུར་གླིང་གཉིས་བྱུང་བའི་དུས་དང་། དེའི་བསྒྱུར་བྱའི་གཞུང་། སྒྲིག་འཛུགས། གྲུབ་འབྲས་སོགས་ཕྱོགས་གང་ཐད་ནས་བསྡུར་བ་བྱས་ན། སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་ཡང་ཤུགས་སུ་རྟོགས་པར་ནུས། གཞན་ཡང་འདི་ནས་མགོ་བོ་གཟེངས་སུ་བཏེགས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་གླེང་ཆོག་པ་ཞིག་ནི། བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་དེ་ནི་རྒྱལ་ནང་ཙམ་མ་ཟད་འཛམ་གླིང་ཁྱོན་དུ་བསྒྱུར་གྲྭ་བཙུགས་པར་སྔ་ཤོས་ཀྱི་གྲས་ཡིན་ཞེས་པ་དེའོ། །