༄༅།། བོད་ཀྱི་གནའ་རབས་སྒྲུང་གཏམ་ལ་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པའི་སྐོར་གྱི་དཔྱད་པ།

ཚེ་རིང་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-13



 ཚེ་རིང་ཐར།
སྤྱིར་བཤད་པ།
          བོད་ཀྱི་གནའ་རབས་རྩོམ་རིག་ལ་མཚོན་ན་སྒྲུང་རྩོམ་ཞེས་པའི་རྩོམ་ལུས་ཀྱི་མིང་འདི་ཐོག་མ་ནས་ཡོད་པ་ཞིག་མ་ཡིན་པར་ཉེ་བའི་ལོ་འདི་འགའི་རིང་ལ་མི་རིགས་གཞན་པའི་མིང་བརྡ་ནས་དོན་བསྒྱུར་བྱས་པ་ཡིན་མོད། འོན་ཀྱང་རྩོམ་ལུས་དེར་གཏོགས་པའི་བརྩམ་བྱ་ནི་གནའ་སྔ་མོ་ནས་བོད་ལ་དར་ཞིང་ད་རེག་བར་དུ་ལོ་འཁོར་བརྒྱ་ཕྲག་དུ་མ་འགོར་ཡོད། ད་ལྟ་རྒྱལ་ཡོངས་རིག་གཞུང་གི་ཆེས་མཐོ་བའི་ཆུ་ཚད་མཚོན་པའི《མིང་གི་རྒྱ་མཚོ》བྱ་བར“སྒྲུང་རྩོམ་ནི། མི་སྣའི་གཟུགས་བརྙན་བཞེང་རྒྱུ་གཙོར་བཟུང་ཞིང་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་བ་དང་། དངོས་བབ་ཀྱི་ཁོར་ཡུག་ཞིབ་འབྲི་བྱེད་པ་བརྒྱུད་དེ། རྒྱ་ཆེ་ཞིང་ཕྱོགས་མང་བའི་ཆ་ནས་སྤྱི་ཚོགས་འཚོ་བ་མཚོན་པའི་རྩོམ་ལུས་ཤིག་ལ་ཟེར”ཞེས་མཚན་ཉིད་བཞག་ཡོད། མཚན་ཉིད་དེ་ལྟར་ན་《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》དང《པད་མ་འོད་འབར་གྱི་རྣམ་ཐར》སོགས་ནི་སྒྲུང་རྩོམ་གྱི་གྲས་སུ་ཚུད་དཀའ་མོད། འོན་ཀྱང་མཚན་ཉིད་དེ་ནི་ད་ལྟའི་སྒྲུང་རྩོམ་ལ་ཟེར་ཞིང་དེ་ད་ལྟའི་སྒྲུང་རྩོམ་གྱི་ཆ་ཡོངས་སུ་མ་རྫོགས་པའི་གནའ་རབས་སྒྲུང་རྩོམ་དང་ཁྱད་པར་ཅུང་ཙམ་ཡོད་དགོས་པས། རྒྱ་གར་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱ་ནག་གི་མཁས་པ་ཅིན་ཁི་མོས། “བཅད་ལྷུག་གཉིས་ལྡན་གྱི་ཡིག་ཐོག་གཏམ་རྒྱུད་དང་འཆད་གྱེར་གཉིས་ལྡན་གྱི་ངག་ཐོག་རྩོམ་རིག་མང་དུ་བསགས་པའི་དུས་སུ། གཏམ་རྒྱུད་ལྷུག་མརབརྗོད་ཅིང་རིང་དུ་སྦྲེལ་བར་མ་ཟད།  དེའི་བྱུང་རིམ་དང་ཁོར་ཡུགམི་སྣ་རྣམས་ལ་ཞིབ་འབྲི་བས་པའི་བརྩམ་བ་རྣམས་གནའ་རབས་སྒྲུང་ཙོམ་གྱི་གྲས་སུ་རྩི་དགོས། ”ཞེས་ཁོང་གིས་བརྩམས་པའི་སཾསྐྲྀཏའི་སྐད་ཀྱི་རྩོམརིག་གི་ལོ་རྒྱུས་ནུས་སུ་གསུངས། ལུང་གི་རྒྱབ་རྟེན་འདི་ལ་གཞི་བཅོལ་ནས་ཁོ་བོས《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》དང་། 《པད་མ་འོད་འབར་གྱི་རྣམ་ཐར》།  《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》། 《བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར》། 《སྣང་ས་འོད་འབུམ་གྱི་རྣམ་ཐར》སོགས་ཀྱང་གནའ་རབས་སྒྲུང་རྩོམ་གྱི་གྲས་སུ་གཏོགས་པར་བྱས་ཡོད། རྩོམ་རིག་གི་བསྟན་བཅོས་འདི་དག་གི་ཁ་བྱང་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་ལུགས་ལྟར་རྣམ་ཐར་དུ་བཏགས་ཡོད་མོད། ད་ལྟའི་ཡོངས་ཁྱབ་ཀྱི་སྲོལ་ལྟར་ན་སྒྲུང་རྩོམ་དུ་གཏོགས་པ་ཤ་སྟག་རེད།  དེར་མ་ཟད། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》སོགས་ཀྱི་ཁ་བྱང་གཏམ་རྒྱུད་དང་རྟོགས་བརྗོད་དུ་བཏགས་ཡོད་མོད། དེ་དག་ཀྱང་ད་ལྟ་ལྟར་ན་སྒྲུང་རྩོམ་དུ་གཏོགས་པ་དེ་བཞིན་ནོ།  ། 
          ད་ལྟ་ཡོངས་ཁྱབ་ཏུ《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》དང་། 《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》།  《འགྲོ་བ་བཟང་མོའི་རྣམ་ཐར》། 《གཅུང་པོ་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར》།  《བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར》། 《པད་མ་འོད་འབར་གྱི་རྣམ་ཐར》།  《རྒྱ་བཟའ་ཀོང་ཇོའི་རྣམ་ཐར》། 《སྣང་ས་འོད་འབུམ་གྱི་རྣམ་ཐར》རྣམས་ལ་ཟློས་གར་ཆེན་པོ་བརྒྱད་ཟེར། རྣམ་ཐར་འདི་ཐམས་ཅད་ཟློས་གར་དུ་བཅོས་ནས་འཁྲབ་སྟོན་བྱེད་པའི་སྲོལ་ཡོད་པས་མིང་དེ་འདྲ་བཏགས་ན་མི་འགྲིག་རྒྱུ་མེད་མོད། འོན་ཀྱང་ཡོངས་ཁྱབ་ཏུ་རྣམ་ཐར་འདི་རྣམས་ཀྱི་མིང་གླེང་བ་ཙམ་གྱིས་ཟློས་གར་ཁོ་ནར་གཏོགས་པར་བྱེད་ཅིང་ད་ལྟ་པར་དུ་བསྐྲུན་པའི་དཔེ་ཆ་དེ་རྣམས་ཀྱང་ཟློས་གར་གྱི་འཁྲབ་གཞུང་དུ་རྩིས་འདུག་པས། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་སེམས། རྣམ་ཐར་འདི་རྣམས་སུ་བརྗོད་པའི་མི་སྣ་མང་ཤོས་ནི་ལོ་རྒྱུས་ཀྱི་མི་སྣ་མ་ཡིན་ཞིང་། ལོ་རྒྱུས་ཀྱི་མི་སྣ་ས་བོན་བྱས་པའི《རྒྱ་བཟའ་ཀོང་ཇོའི་རྣམ་ཐར》ལྟ་བུ་ཡང་བོད་ལ་ཐུབ་པའི་བསྟན་པ་དར་བའི་རྟེན་འབྲེལ་དུ་གམིགས་ནས་རྒྱས་སྤྲོས་བྱས་པ་མ་གཏོགས་ལོ་རྒྱུས་གཙོ་བོར་བཟུང་བ་ཞིག་ག་ལ་ཡིན། དེ་བས། དེ་རྣམས་ཀྱི་ཕལ་ཆེ་བ་རྩོམ་ལུས་ཀྱི་ཆ་ནས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་གྲས་སུ་གཏོགས་དགོས། དེ་སྒྲུང་རྩོམ་དང་ཟློས་གར་གྱི་རྩོམ་ལུགས་ཀྱི་ཆ་ནས་ཀྱང་མངོན་གསལ་དུ་ཤེས་ཐུབ་ལ། སྒྲུང་རྩོམ་སྔར་སྨྲས་ལྟར་ཡིན་ཞིང་ཟློས་གར་ཡིན་ན་མི་སྣའི་བར་གྱི་ཕན་ཚུན་ཁ་ཏ་དང་གར་སྟེགས་སྟེང་གི་མཛུབ་སྟོན་དེ་གཉིས་ངེས་པར་དུ་འཛོམ་དགོས། གོང་སྨྲས་ཀྱི་རྣམ་ཐར་དེ་རྣམས་སུ་མི་སྣའི་ཁ་ཏ་ཡོད་ཀྱང་གར་སྟངས་ཀྱི་མཛུབ་སྟོན་མེད་པས་འཁྲབ་གཞུང་དུ་གཏན་ནས་བརྩི་མི་རུང་། འདི་ཐམས་ཅད་ཟློས་གར་དུ་འཁྲབ་དུས་དེ་ཚོའི་སྒྲུང་རྩོམ་གྱི་བསྟན་བཅོས་རྣམས་འཁྲབ་གཞུང་དུ་བཟོ་བཅོས་བྱས་པའི་རྗེས་སུ་དག་ཟོད་སྐྱོར་འདོན་དང་འཁྲབ་སྟོན་བྱས་པ་ཡིན་ལ། སྲོལ་དེ་ད་ལྟའང་དམངས་ཁྲོད་དུ་མ་ཉམས་པར་གནས་ཡོད། གནའ་རབས་སྒྲུང་རྩོམ་དེ་དག་ཁ་ཤས་ཀྱི་རྩོམ་པ་པོ་ཤེས་ལ་ཁ་ཤས་ཀྱི་རྩོམ་པ་པོ་མི་ཤེས་པས་དེ་རྣམས་ནམ་བརྩམས་པའི་དུས་ཀྱི་ཆ་ལ་བཤད་ཚུལ་མི་མཐུན་པ་འགའ་རེ་བྱུང་། དེང་དུས་མཁས་པའི་དབང་བོ་ཧོར་ཁང་བསོད་ནམས་དཔལ་འབར་ནས། དེ་ཚོ་ཡང་སྤྱི་ལོ༡༧༢༠ལོ་ནས་སྤྱི་ལོ༡༩༢༠ བར་ལ་བྱུང་བ་ཤ་སྟག་རེད་སྙམ།  ཞེས་གསུངས་མོད། དེ་དག་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་པར་ཡིག་ཆ་མ་འཛོམས་པས་རེ་ཞིག་བཏང་སྙོམས་སུ་ཞོགད་ལྟ་ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་བོད་ཀྱི་གནའ་བོའི་ཟློས་གར་ནི་ཐང་སྟོང་རྒྱལ་བོའི་དུས་སུ་བྱུང་བ་ཡིན་ན་ཟློས་གར་ནི་སྒྲུང་རྩོམ་ལས་བྱུང་སྔ་མོད། འོན་ཀྱང་གོང་སྨྲས་ཀྱི་ཟློས་གར་དེ་ཐམས་ཅད་ཐོག་མར་སྒྲུང་རྩོམ་གྱི་རྩོམ་ལུས་སུ་བྱུང་ཞིང་ཕྱིས་སུ་དེ་གཞིར་བཟུང་ནས་ཟློས་གར་གྱི་གཞུང་དུ་བཟོ་བཅོས་བྱས་པ་ཡིན་པས་དེ་རྣམས་ཀྱི་ཆ་ནས་ཀྱང་སྒྲུང་གཏམ་དུ་གཏོགས་པའི་རྣམ་ཐར་རྣམས་ཟློས་གར་གྱི་འཁྲབ་གཞུང་ལས་སྔ་བར་བྱུང་བ་ངེས་པར་དུ་ཤེས་དགོས། 
          སྤྱིར་བོད་ཀྱི་གནའ་རབས་སྒྲུང་རྩོམ་ནི་ཁ་བ་རི་བོའི་ལྗོངས་འདིར་རྐང་ཚུགས་ཤིང་བོད་རང་གི་རྩོམ་པ་པོས་བརྩམས་པའི་གནའ་རབས་བོད་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་རྩོམ་ལུས་ཤིག་རེད། ཡིན་ན་ཡང་། ལོ་རྒྱུས་ཀྱི་དབང་གིས་དེར་གནའ་རབས་རྒྱ་གར་གྱི་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པ་ནི་ཡང་བཅོས་སུ་མེད་པའི་ལོ་རྒྱུས་རེད། དེའི་ཤན་ཞུགས་པའི་སྐོར་ནི་ཕྱོགས་མང་ཞིང་གཏིང་ཟབ་པས་དེ་གསལ་རྗེན་ལྷག་མེད་དུ་འཆད་རྒྱུ་ནི་ཤིན་ཏུ་དཀའ་བར་གྱུར་མོད། གཤམ་ནས་ཀྱི་ན་པ་རང་གི་རིག་པས་ཐུབ་ཚད་དང་བསམ་བློས་དཔག་ཚོད་ཀྱིས་སྒྲུང་རྩོམ་གྱི་ས་བོན་དང་། རྩོམ་པར་བྱེད་པའི་སྒྱུ་རྩལ། བསམ་བློའི་འདུ་ཤེས་བཅས་གསུམ་དུ་དབྱེ་ནས་དེར་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པའི་ཚད་ལ་དཔྱད་པ་ངེས་ཅན་རེ་གཏོང་བར་བྱ།                      
དང་པོ།  ས་བོན་གྱི་ཕྱོགས་ནས། 
          ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད།
          ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་ཅེས་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དང་དེར་མཁས་གྲུབ་ཚད་ལྡན་རྣམས་ཀྱི་འགྲེལ་པ་མང་པོ་མཆིས་པ་དེ་དག་གི་ཁྲོད་ཀྱི་རྩོམ་རིག་སྐོར་གྱི་ཆ་ཤས་ཤིག་ལ་ཟེར།  ཐུབ་པའི་བཀའ་བསྟན་ཁྲོད་དུ་རྩོམ་རིག་གི་སྐོར་ཕོན་ཆེན་པོ་བཞུགས་ཏེ། རྣམ་པའི་ཆ་ནས་གཙོ་བོ་སྙན་ངག་དང་གཏམ་རྒྱུད། དོན་གྱི་ཆ་ནས་གཙོ་བོ་ཐུབ་བསྟན་པའི་གྲུབ་མཐའ་འབའ་ཞིག་གོ། དེའི་ནང་གི་གཏམ་རྒྱུད་མང་ཆེ་ཤོས་ནི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་རྒྱ་གར་དང་ཡ་གླིང་ཤར་ལྷོའི་ཕྱོང་ས་སུ་དར་ཆེ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཡིན་ཞིང་སྟོན་པ་ཤཱཀྱ་ཐུབ་པས་ཁོང་གི་དགོངས་དོན་ངེས་ཅན་རེ་གསལ་བཤད་བྱེད་པའི་ཆེད་དུ་གཏམ་རྒྱུད་དེ་དག་གང་ལ་གང་འཚམ་དུ་བཀོད་པ་རེད། གཏམ་རྒྱུད་དེ་དག་མང་ཤོས་ནི་དུས་དེའི་དམངས་ཁྲོད་དུ་དར་བ་ཡིན་པས། ང་ཚོས་གཏམ་རྒྱུད་འདི་དག་ལ་བལྟས་ན་དུས་རབས་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་ཕྱི་ཚུལ་མཐོང་ཐུབ་པ་དང་། སྤྱི་ཚོགས་དེར་གནས་པའི་ཛ་དྲག་ཆེ་བའི་གྲལ་རིམ་གྱི་འགལ་ཟླ་ཚོར་ཐུབ། སྒྱུ་རྩལ་ཐོག་ནས་བཤད་ན། དེ་དག་རང་རང་ལ་ཐོག་མ་ནས་གྲུབ་པའི་སླད་སྐྱོན་མཆིས་པ་དང་ཕྱིས་སུ་ཆོས་ཀྱི་བསྟན་བཅོས་སུ་དྲངས་རྗེས་དེའི་དགོས་མཁོ་དང་བསྟུན་པའི་བཟོ་བཅོས་ཀྱང་བྱས་ཡོད་སྲིད་མོད། འོན་ཀྱང་དེ་དག་གི་དམངས་ཁྲོད་རྩོམ་རིག་གི་བབ་ཆགས་ཀྱི་ཉམས་གཤིས་མངོན་པར་མཐོང་། ལྷག་པར་དུ་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་རྩོམ་རིག་ཁ་ཤས་ནི་སྒྱུ་རྩལ་གྱི་ཆུ་ཚད་ཤིན་ཏུ་མཐོ་བས་དེ་མཚུངས་ཀྱི་རྩོམ་རིག་གཞན་རྣམས་ལས་ལེགས་པའི་རྩེ་མོར་སོན་ཡོད། ཤཱཀྱ་ཐུབ་པས་གསུངས་པའི་གཏམ་རྒྱུད་འདི་དག་གི་ནང་དོན་གཙོ་བོ་ནི་འདྲ་མཉམ་དང་། སྙིང་རྗེ།  གཏོང་ཕོད།  བཟོད་པ།  གཞན་སེམས་ལས་སྒེར་སེམས་མེད་པ། སྲོག་གཅོད་དང་འདོད་སྲེད་འགོག་པ་སོགས་ཡིན་ལ། ལྷག་པར་དུ་ཆ་སྙོམས་རིང་ལུགས་དང་གཏོང་ཕོད་ཀྱི་བསམ་བློ་ནི་ཤིན་ཏུ་མངོན་གསལ་དུ་གྱུར་ཡོད་དེ། ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་གྱི་རྒྱ་གར་དུ་བྲམ་ཟེའི་ཆོས་ལུགས་དར་ཆེ་ཞིང་དེས་མི་རྣམས་རྒྱལ་རིགས་དང་། རྗེ་རིགས།  བྲམ་ཟེའིརིགས། གདོལ་བའི་རིགས་བཅས་བཞི་རུ་བཀར་ནས་རིགས་རུས་ཤིན་ཏུ་གཙོ་ཞིང་མཆོག་དམན་གྱི་དབྱེ་བ་ཧ་ཅང་བཙན་ན་ཡང་། སྟོན་པས་དེ་དག་དོན་མེད་དུ་མཐོང་ནས་རིགས་རུས་ཀྱི་མཐོ་དམའ་ལ་མི་ལྟ་བར་རྔོན་པ་དང་སྨད་འཚོང་མ་སོགས་སྤྱི་ཚོགས་ཀྱི་ཆེས་འོག་རིམ་གྱི་མི་རུ་མཐོང་བ་རྣམས་ལའང་ཆོས་བཤད་ཅིང་དགེ་བའི་ལམ་ལ་དྲངས། དེར་མ་ཟད། འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་ནས་དཀའ་ཐུབ་ཀྱི་ཉམས་ལེན་དང་ཕངས་མེད་ཀྱི་གཏོང་ཕོད་ལ་བརྩོན་ཞིང་། ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་གཏོང་ཕོད་པའི་བཀོད་པ་མང་པོ་འདུགརིགས་རུས་གང་ལ་གཏོགས་རུང་དེ་དག་ཐམས་ཅད་ཆ་སྙོམས་སུ་མཐོང་བ་དང་། གཞན་གྱི་ཁེ་ཕན་གྱི་ཆེད་དུ་རྒྱུ་ནོར་ལྟ་ཅི། རང་གི་ཆུང་མ་དང་བུ་ཕྲུག་ཐ་ན་ཚེ་སྲོག་ཀྱང་འབུལ་ནུས་པའི་བསམ་པ་དེ་དག་ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་གྱི་རྒྱ་གར་སྤྱི་ཚོགས་སྟེང་གྲུབ་པའི་རིགས་རུས་དང་དེའི་མཆོག་དམན་གྱི་ལྟ་བ་སྲ་མཁྲེགས་ཆགས་ཡོད་ཅིང་། གྲལ་རིམ་སྤྱི་ཚོགས་སུ་ཕན་ཚུན་ཕྲག་དོག་དང་དམར་གསོད་སོགས་གྲལ་རིམ་གྱི་འགལ་ཟླ་ཤིན་ཏུ་ཛ་དྲག་ཏུ་གྱུར་པའི་ཁོར་ཡུག་ནང་དུ་ལྷག་པར་བླ་ན་མེད་པའི་མཛད་སྤྱོད་དུ་མཐོང་དགོས། བསམ་བློ་འདི་དག་ཁ་བཤད་ཙམ་མ་ཡིན་པར་ཁོང་རང་གི་མཛད་སྤྱོད་ལས་ཀྱང་མཐོང་ཐུབ་སྟེ། རྒྱལ་སྲས་ཤིག་ཡིན་རུང་ཁོང་གིས་སྲིད་ཀྱི་གྲགས་པ་དང་ནོར་གྱི་ལོངས་སྤྱོད་ཐམས་ཅད་སྤངས་ཤིང་ཁྱིམ་ལས་རབ་ཏུ་བྱུང་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་ནས་དཀའ་བ་གྲངས་མེད་པ་སྤྱད་ཅིང་སེམས་ཅན་ཐར་བའི་ལམ་དུ་འདྲེན་པར་བརྩོན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཁྱིམ་ལས་རབ་ཏུ་བྱུང་བ་ནི་ལམ་ཧ་ཅང་ནོར་འཁྲུལ་ཅན་ཞིག་ཡིན་པ་བཤད་མ་དགོས་མོད། འོན་ཀྱང་བསམ་བློ་དང་མཛད་སྤྱོད་དེ་དག་ནི་དུས་དེའི་ལུགས་དང་མི་མཐུན་པའི་སྤྱི་ཚོགས་ལམ་ལུགས་ལ་ངོ་རྒོལ་དང་སེམས་ཅན་གྱི་བདེ་སྡུག་ལ་ཐུགས་ཁུར་ཆེན་པོ་བྱས་པ་ཁོ་ན་ལགས་པས། བསམ་སྦྱོར་དེ་དག་དང་དེ་མཚུངས་སྐབས་བབ་ཀྱི་སྔོན་ཐོན་བསམ་བློ་མཚོན་པའི་གཏམ་རྒྱུད་རྣམས་ཀྱི་ཐོག་མཐའ་བར་གསུམ་དུ་སྟོན་པ་ཤཱཀྱ་ཐུབ་པའི་རླབས་ཆེ་བའི་གཟུགས་བཪྙན་ཤར་འདུགལོ་རྒྱུས་སྟེང་གི་ཤཱཀྱ་ཐུབ་པ་ནི་རླབས་ཆེ་བའི་བྱམས་ལྡན་པ་ཞིག་རེད། ཁོང་གིས་གསུངས་པའི་གཏམ་རྒྱུད་དེ་རྣམས་ཀྱིས་ཁོང་གིས་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཇི་ལྟར་ངོས་བཟུང་བའི་འཇིག་རྟེན་ལྟ་ཚུལ་ལྷག་མེད་དུ་མཚོན་ཡོད། ཡིན་ན་ཡང་ཆོས་ལུགས་ཀྱི་དྲིལ་བསྒྲགས་མཁན་སུ་ཡིན་རུང་གོ་སླ་ཞིང་གསོན་ཉམས་ལྡན་པའི་གཏམ་རྒྱུད་རྣམས་ལ་བཟོ་བཅོས་བྱས་ནས་རྟོགས་དཀའ་བའི་ཆོས་ལུགས་ཀྱི་ནང་དོན་གསལ་བཤད་བྱེད་རྒྱུ་ནི་ཁོ་ཚོའི་ཐུན་མོང་གི་ཡོན་ཏན་རེད་ལ། ཡེ་ཤུའི་ཆོས་ལུགས་ཀྱི《དམ་པའི་གསུང་རབ》དང་དབྱི་སི་ལན་ཆོས་ལུགས་ཀྱི《ཁོ་རན་གསུང་རབ》དེ་ལྟར་ཡིན་ལ། ཐུབ་པའི་བཀའ་བསྟན་དུ་བཞུགས་པའི་གཏམ་རྒྱུད་རྣམས་ཀྱང་དེ་ལས་མ་འདས་པ་ལགས། “ཐུབ་པའི་བཀའ་བསྟན་དུ་བཞུགས་པའི་གཏམ་རྒྱུད་རྣམས་ལ་སོ་སོར་སྒེར་ཚུགས་ཐུབ་པ་དང་། སྐད་ཆར་གསོན་ཉམས་ལྡན་པ།  བྱུང་རིམ་གྱིས་མི་སེམས་སྒུལ་བ། གཟུགས་བཪྙན་རྣམས་རང་གཤིས་གསལ་བ། སྤྱི་ཚོགས་འཚོ་བའི་དོན་དང་མཐུན་པ་སོགས་ཀྱི་དགེ་མཚན་ལྡན་པས། དམངས་ཁྲོད་དུ་རྒྱ་ཆེན་པོར་དར་ཡོད་པ་མ་ཟད་ཐུབ་པའི་བསྟན་པ་དར་ཡོད་སའི་མི་རིགས་ཁག་གི་རྩོམ་རིག་དང་སྒྱུ་རྩལ་ལའང་ཤན་ཞུགས་ཆེན་པོ་ཐེབས་ཡོད། དེའི་རྐྱེན་གྱིས་རང་རྒྱལ་རྩོམ་རིག་གི་མཁས་དྲག་སྐུ་ཞབས་ལུའུ་ཞུན་གྱིས་ཀྱང་དེ་ལ་མཐོང་ཆེན་བྱས་པར་མ་ཟད་དངུལ་ཕུལ་ནས《ཤེས་རབ་བརྒྱ་བ》བྱ་བའི་བསྟན་བཅོས་པར་དུ་བསྐྲུན་མྱོང་། 
          བོད་ཀྱི་རྩོམ་རིག་དང་ལྷག་པར་དུ་གནའ་རབས་སྒྲུང་རྩོམ་ལའང་དེ་བཞིན་ཡིན་ཏེ། ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་ཀྱི་ཤན་ཞུགས་པ་ཤིན་ཏུ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། །  
                                       (དང་པོ) 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》
          ༡《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》གྱི་གཏམ་རྒྱུད་ཀྱི་ས་བོན་དེ་ཕྱི་རྒྱལ་དང་མི་རིགས་གཞན་ལ་དར་བའི་སྐོར། 
          《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》གྱི་ཐོག་མའི་ས་བོན་ནི་གནའ་རབས་ཀྱི་རྒྱ་གར་ནས་བྱུང་ཞིང་དེ་ནས་རྒྱལ་ཁབ་དང་མི་རིགས་གཞན་ལ་དར་བའི་ལྷ་སྒྲུང་གི་གཏམ་རྒྱུད་ཧ་ཅང་ཡག་པོ་ཞིག་རེད། དེ་ནམ་བྱུང་གི་དུས་ལ་གསལ་ཆ་མེད་པ་དང་དེ་མཚུངས་ཀྱི་གཏམ་རྒྱུད་མི་རིགས་གཞན་པར་ཡང་ཡོད་ན་ཡང་། ཐོག་མར་རྒྱ་གར་ནས་བྱུང་ཞིང་དེ་ནས་གཞན་དུ་དར་བ་ཡིན་པར་མཁས་པ་རྣམས་ཞལ་མཐུན་པར་མཐོང་། འབྲེལ་ཡོད་ཀྱི་ཡིག་ཚང་ལྟར་ན་གཏམ་རྒྱུད་འདི་མ་མཐའ་ཡང་དུས་རབས་བརྒྱད་པ་ནས་བཟུང་ཐེ་གོ་དང་འབར་མ། ལོ་ལོ།  རྒྱ་ནག བོད་སོགས་སུ་དར། ཡུལ་རེ་རེ་ལ་དར་བའི་གཏམ་རྒྱུད་དེའི་མིང་དང་མི་སྣ་རྣམས་ཀྱི་མིང་ལ་མི་མཚུངས་པ་དུ་མ་ཡོད་ཀྱང་གཏམ་རྒྱུད་ཀྱི་བྱུང་རིམ་ཕལ་ཆེར་འདྲ་བས་གཏམ་རྒྱུད་གཅིག་གི་དར་རྒྱུན་མི་འདྲ་བ་ཡིན་པར་མངོན། གཏམ་རྒྱུད་དེ་རྒྱ་གར་ནས་ཕྱོགས་གཞན་དུ་དར་བའི་ནང་ནས་ཐེ་གོར་དར་བ་ནི་གཞན་ལས་གལ་འགངས་ཆེ་བས་འདིར་ཆེ་ལོང་ཙམ་གླེང་ན། ཐེ་གོ་ལ་ནམ་དར་བའི་ལོ་ཚིགས་ལ་གསལ་ཆ་མེད་མོད།  གནའ་སྔ་མོའི་མཁར་ཆེན་རྒྱལ་རབས (སྤྱི་ལོ༡༤༥༠ - ༡༧༦༧ལོ ) ཀྱི་དུས་ནས་བཟུང་། ཐེ་གོའི་སྒྱུ་རྩལ་བ་རྣམས་ཀྱིས་གཏམ་རྒྱུད་དེ་སྒྱུ་རྩལ་དང་རྩོམ་རིག་གི་རྣམ་པ་དུ་མར་བསྒྱུར་ནས་རྒྱལ་བོའི་ཕོ་བྲང་དང་དམངས་ཁྲོད་དུ་གར་སྟོན་དང་ལག་རྒྱུན་བྱེད་བཞིན་འདུག༡༨༥༡ལོའི་མན་ཀོའུ་རྒྱལ་རབས་ནས་བཟུང་གཏམ་རྒྱུད་དེའི་བརྩམ་བྱ་ཐེ་གོ་རྒྱལ་ཁབ་ཀྱི་རྩོམ་རིག་བསྟན་བཅོས་ཀྱི་གྲས་སུ་ཚུད་པ་དང་མཉམ་དུ་ས་གནས་སོ་སོ་ནས་ནོ་ལའི་གར་ཚོགས ( ཐེ་གོར་དར་བའི་གཏམ་རྒྱུད་དེའི་ནང་གི་ཡིད་འཕྲོག་མའི་མིང་ལ་ནོ་ལ་དང་ཡང་ན་མ་ནོ་ལ་ཟེར་བས་སོ ) མང་པོ་བཙུགས་པས། གྲོང་ཁྱེར་ཞིག་གིས་གེར་འདི་འཁྲབ་ནས་སྙན་གྲགས་ཤིན་ཏུ་རྒྱས་པས་དེ་ལ་ནོ་ལའི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོགས་པ་དང་། སློབ་གྲྭ་ཆེན་མོ་ཞིག་ནས་ད་རུང་ནོ་ལའི་གར་གྱི་ཆེད་སློབ་འཛིན་གྲྭ་ཞིག་བཙུགས་ནས་དེ་ཁོ་ན་གར་སྟོན་བྱེད་པའི་མི་སྣ་སྐྱེད་སྲིང་བྱས། དེར་མ་ཟད་མཁས་པ་རྣམས་ཀྱིས་ཀྱང་གཏམ་རྒྱུད་དེ་གཙིགས་ཆེན་དུ་མཐོང་སྟེ། ཐེ་གོའི་འདས་ཟིན་པའི་སྐེད་གྲགས་ཅན་གྱི་སློབ་དཔོན་བྷོ་ཡིས་ཨ་ནོ་མན་ལ་ཁྲ་ཐིན་གྱིས་ཁོང་གིས་བརྩམས་པའི《འདས་དོན་ཕྱིར་དྲན་པ》བྱ་བའི་བསྟན་བཅོས་ནང་དུ། ཡ་གླིང་རྒྱལ་ཁབ་སོ་སོར་དར་བའི་ནོར་བཟང་གི་རྣམ་ཐར་སྣ་ཚོགས་གྲས་གཅིག་ཏུ་བསྡུས་ནས་ཞིབ་བསྡུར་དང་རྟོག་དཔྱོད་ཕྲ་ཞིང་ཞིབ་པ་བྱས་ཡོད་སྐད། རང་རྒྱལ་ནས་ཏའི་རིགས་ལ་དར་བའི《ཀྲོ་ཧྲུའུ་ཐོང་གི་གཏམ་རྒྱུད》ཅེས་པ་དེ་ཡང་ནོར་བཟང་གི་རྣམ་ཐར་ཡིན་ལ་དེ་གཞིར་བཟུང་ནས་པེ་ཅིན་གློག་བརྙན་བཟོ་གྲྭས《རྨ་བྱའི་སྲས་མོ》བྱ་བའི་གློག་བརྙན་ཞིག་བསྒྱུར་ཡོད་པ་དང་། བོད་དུ་དར་བའི་ནོར་བཟང་གི་རྣམ་ཐར་གཞིར་བཟུང་ནས་རང་རེའི་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་རྩལ་ཚོགས་པས《རྒྱལ་སྲས་ནོར་བཟང》དང《ཡིད་འཕྲོག་ལྷ་མོ》བྱ་བའི་གླུ་གར་གཉིས་བསྒྱུར་ཡོད་པ་རྣམས་ཀྱང་ཀུན་གྱི་འདྲེན་བྱེད་ཡུལ་དུ་གྱུར་པ་ལྟ་བུའོ། ། 
          གོང་གསལ་ལྟར་ནོར་བཟང་གི་རྣམ་ཐར་འདི་ཡ་གླིང་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དང་མི་རིགས་མང་པོར་དར་ཡོད་པར་མ་ཟད། དེ་རེ་རེར་དར་བའི་རྣམ་པ་ཡང་མི་འདྲ་སྟེ། ཐུབ་པའི་བསྟན་བཅོས་དང་མཉམ་དུ་ཡིག་བསྒྱུར་བྱས་ནས་དར་བ་དང་དམངས་ཁྲོད་ནས་ངག་རྒྱུན་དུ་དར་བ་ལྟ་བུའོ། ། ད་ཡོད་ཀྱི་ཡིག་ཚང་ལྟར་ན། བོད་ལ་དར་བ་ནི་གོང་གསལ་གྱི་སྔ་མ་ལྟར་ཏེ་རྒྱ་གར་གྱི་ཐུབ་པའི་བསྟན་བཅོས་པོད་དུ་བསྒྱུར་བའི་དུས་སུ་བོད་འགྱུར་ཐོག་མ་བྱུང་བ་རེད། ཡིན་ན་ཡང་།  དེ་ལ་འཕྲོས་པ་ཅུང་ཙམ་ཡོད་པ་ནི། གཏམ་རྒྱུད་འདི་ཡ་གླིང་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དང་མི་རིགས་ཁག་ལ་དར་བའི་ཁྱབ་ཆེ་ཞིང་དུས་སྔ་བར་བརྟགས་ན། བཀའ་བསྟན་དུ་བོད་ལ་འགྱུར་བ་མ་གཏོགས་དམངས་ཁྲོད་དུའང་བོད་ལ་དར་ཡོད་ལས་ཆེ། དེའི་རྒྱུ་མཚན་ནི།  གཅིག་ནས་གཏམ་རྒྱུད་འདི་རྒྱ་གར་ནས་ཤར་ཕྱོགས་སུ་འབར་མ་དང་ཐེ་གོལོ་ལོ་སོགས་དང་།  བྱང་ཕྱོགས་སུ་རང་རྒྱལ་ལྷོ་ཕྱོགས་ཀྱི་ཏའེ་རིགས་སོགས་ལ་དར་ཡོད་པས། དེ་དག་དང་ས་མཚམས་དམ་དུ་འབྲེལ་བའི་བོད་ཀྱི་ཁམས་ཕྱོགས་ནི་བོད་གནའ་རབས་ཀྱི་ཤེས་རིག་དར་བའི་ལྟེ་བ་ཞིག་ཡིན་པ་ད་ཡོད་ཀྱི་ཡིག་ཚང་དང་གནའ་རྫས་རྟོག་དཔྱོད་ཀྱིས་ར་སྤྲོད་བྱས་ཡོད་ལ། གནའ་སྔ་མོ་ནས་ཤེས་རིག་གི་ཆུ་ཚད་མཐོ་ཙམ་ཡོད་པའི་ཁམས་ཕྱོགས་ཀྱི་བོད་མི་རྣམས་ཁོ་ཚོ་དང་ས་མཚམས་དམ་དུ་འབྲེལ་བའི་གོང་སྨྲས་ཀྱི་རྒྱལ་ཁབ་དང་མི་རིགས་དེ་རྣམས་ལ་འཚོ་བ་དང་རིག་གནས་ཀྱི་འབྲེལ་དྲིས་ཡོད་སྲིད་པས། གཏམ་རྒྱུད་དེ་དང་དེ་མཚུངས་ཀྱི་དམངས་ཁྲོད་རྩོམ་རིག་ཕན་ཚུན་དུ་དར་བའི་མཐུན་རྐྱེན་རང་གྲུབ་རེད། གཉིས་ནས་ཚེ་རིང་དབང་འདུས་ཀྱིས་བསྒྲིགས་པའི་དེབ་ཏུ་ཡོད་པའི་ས་མིང་དང་མི་དམངས་སྐོར་ཞིག་བཀའ་བསྟན་དུ་ཡོད་པའི་དཔེ་སྣ་གཉིས་ཀ་དང་མི་འདྲ་བར་བལྟས་ན་ཡང་བཀའ་བསྟན་མ་གཏོགས་པའི་དར་རྒྱུན་གཞན་པར་བསྟུན་ས་ཡོད་པ་མངོན་གསལ་རེད།  
          ༢《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》གྱི་བོད་ཡིག་དཔེ་སྣ་གསུམ་པོ་འདྲ་མིན་གྱི་སྐོར།  
          བོད་ལ་འགྱུར་ཡོད་པའི་ནོར་བཟང་གི་རྣམ་ཐར་ནི་བཀའ་བསྟན་གཉིས་སུ་བཞུགས་ལ། སྡེ་དགེ་པར་མའི་བཀའ་འགྱུར་མདོ་སྡེ་ཁྲོད་ཀྱི་འདུལ་བའི་བམ་པོ་ཁ་བ་དང་བསྟན་འགྱུར་ཁྲོད་དགེ་བའི་དབང་པོས་བྱས་པའི《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང》གི་ཁེ་དུམ་པ་གཉིས་སུ་བཞུགས། དེ་དང་དེ་མཚུངས་ཀྱི་ནོར་བཟང་གི་རྣམ་ཐར་གཞན་རྣམས་གཞིར་བཟུང་ནས་སྡིངས་ཆེན་སྙོན་པ་ཚེ་རིང་དབང་འདུས་ཀྱིས་ད་ལྟ་པར་དུ་བསྐྲུན་པའི《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》འདི་ཕྱོགས་བསྒྲིགས་བྱས། ད་ལྟ་བོད་ཡིག་ཏུ་བཞུགས་པའི་པར་གཞི་མི་འདྲ་བ་འདི་གསུམ་པོའི་ནང་དོན་ཕལ་ཆེར་འདྲ་མཚུངས་ཡིན་མོད། མི་སྣ་ཁ་ཤས་ཀྱི་མིང་དང་གཏམ་རྒྱུད་ཀྱི་བྱུང་རིམ་ཅུང་ཙམ་རེ་མི་འདྲ་བ་ཡང་འདུག སྤྱིར་དཔྱད་ན་མི་འདྲ་བ་དེ་དག་བརྡ་གསར་རྙིང་གི་དབང་གིས་མི་འདྲ་བ་དང་དར་རྒྱུན་མི་གཅིག་པའི་དབང་གིས་མི་འདྲ་བ་གཉིས་སུ་གཏོགས་ཏེ། དང་པོ་བཀའ་འགྱུར་མར་ནོར་བཟང་གི་ཕའི་མཚན་ལ་ནོར་ཅན་ཟེར་བ་དེ་ཕྱོགས་བསྒྲིགས་མར་ནོར་ཆེན་དུ་འགྱུར་ཡོད། དེའི་རྒྱུ་མཚན་ནི། བོད་ཀྱི་བརྡ་རྙིང་ཁྲོད་ཀྱི་ཅའི་རྨང་གཞི་ཅན་རྣམས་བཀས་བཅད་བྱས་པའི་རྗེས་སུ་ཆའི་རྨང་གཞི་ཅན་དུ་འགྱུར་ཡོད་དེ་རིན་ཅན་ལ་རིན་ཆེན་དང་། དཀོན་ཅོག་ལ་དཀོན་མཆོག་ལྟ་བུའོ། ། དེ་ད་ལྟ་བཞུགས་པའི་བཀའ་བསྟན་གྱི་འགྱུར་དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ལས་ཤིན་ཏུ་གསལ་བར་མ་ཟད། བརྡ་རྙིང་མང་པོ་ཡོད་པའི་ཨ་མདོའི་ཁ་སྐད་དུ་ད་ལྟ་ད་རུང་རིན་ཆེན་ལ་རིན་ཅན་དང་དཀོན་མཆོག་ལ་དཀོན་ཅོག་ཟེར་བ་མང་། དོན་ཚན་འདི་ལ་དཔེ་མཚོན་འདི་ཙམ་གྱིས་ཆོག་པར་བྱ།  གཉིས་པ།  བཀའ་འགྱུར་མར། ཡུལ་ལྔ་ལེན་པར་རྒྱལ་པོ་གཉིས་བྱུང་སྟེ། བྱང་ཕྱོགས་ཀྱི་ལྔ་ལེན་དང་ལྷོ་ཕྱོགས་ཀྱི་ལྔ་ལེན་ཞེས་པ་དང་།  བསྟན་འགྱུར་མར། སྔོན་ཧ་སྟི་ནའི་གྲོང་ཁྱེར་ཆེན་པོ་ཞེས་ལྟའི་ཡུལ་དང་མཉམ་པ་ཞིག་དེ་ནས་གྲོང་ཁྱེར་འདིའི་ཕ་ལོགས་ན་ཉེ་བར་སྡང་བར་སེམས་པའི་རྒྱལ་པོ་ཞེས་པ་དང་། ཕྱོགས་བསྒྲིགས་མར།  རྒྱ་གར་ཤར་གླིང་ན། བྱང་ཕྱོགས་མངའ་ལྡན་པ་དང་ལྷོ་ཕྱོགས་རིགས་ལྡན་པ་ཞེས་ཡུལ་གྱི་མིང་མི་འདྲ་བ་དང་། ལྡོག་ཕྱོགས་ཡུལ་གྱི་རྒྱལ་བོའི་མིང་ནི་བཀའ་འགྱུར་མར་བཀོད་མེད་ལ། བསྟན་འགྱུར་མར་དབང་ཆེན་སྡེ། ཕྱོགས་བསྒྲིགས་མར་ཤག་པ་གཞོན་ནུ་ཞེས་མི་སྣའི་མིང་མི་འདྲ་བ་དང་། བཀའ་འགྱུར་མར་རྔོན་པས་སྔགས་པ་བསྒྲལ་བའི་རྗེས་སུ་དྲང་སྲོང་གམ་དུ་སོང་མ་ཐག་ཏུ་དྲང་སྲོང་གིས་ཁོ་ལ་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་འཛིན་པའི་ཆེད་དུ་དོན་ཡོད་ཞགས་པ་སློངས་ཞེས་བསྐུལ་བ་དང་། བསྟན་འགྱུར་མར་རྔོན་པས་སྔགས་པ་བསྒྲལ་བའི་རྗེས་སུ་ཀླུའི་ཕོ་བྲང་དུ་སོང་ནས་ཀླུ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་དོན་ཡོད་ཞགས་པ་ལ་མཆོད་པ་བྱེད་པ་མཐོང་ཞིང་དྲིས་ནས་དེའི་ཡོན་ཏན་རྣམས་ཤེས་པས་དེ་ནན་གྱིས་བསླངས། ཡུན་རིང་སོང་བའི་རྗེས་སུ་རྔོན་པ་འདས། བུས་ཀྱང་སྔར་ལྟར་དྲང་སྲོང་གི་ཞབས་ཏོག་སྐྲུབ་པའི་མོད་ལ་ཁྲུས་ཀྱི་རྫིང་བུར་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་མཐོང་ནས་དྲང་སྲོང་གི་མཛུབ་སྟོན་ལྟར་བཟུང་བ་དང་། ཕྱོགས་བསྒྲིགས་མར་དྲང་སྲོང་དང་རྔོན་པ་ཚངས་པ་འདུ་བའི་ཁྲུས་ཀྱི་རྫིང་བུར་སོང་ནས་རྔོན་པས་དྲི་ཟའི་བུ་མོ་རྣམས་མཐོང་བའི་རྗེས་སུ་ད་གཟོད་དེ་འཛིན་སྤྱད་ཀྱི་དོན་ཡོད་ཞགས་པ་དགོས་པ་ཤེས་ཤིང་སློང་དུ་སོང་བ་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་མི་འདྲ་བ། དེར་མ་ཟད་ཕྱོགས་བསྒྲིགས་མར་མི་སྣའི་སེམས་ཀྱི་འགུལ་སྐྱོད་དང་ཡུལ་ལྗོངས་སོགས་ཀྱི་ཞིབ་འབྲི་སྣ་ཚོགས་བསྣན་ཡོད་པས་ཡིག་གྲངས་ཀྱང་ལྡབ་དྲུག་ལྷག་གིས་འཕར་ཡོད། དཔེ་སྣ་འདི་གསུམ་པོའི་ནང་དུ་ཡུལ་གྱི་མིང་དང་།  མིའི་མིང་། གཏམ་རྒྱུད་ཀྱི་བྱུང་རིམ་དང་རིང་ཐུང་སོགས་མི་འདྲ་བ་གོང་གསལ་ལྟར་ཡིན་ལ། དེ་མཚུངས་ཀྱི་མི་འདྲ་ས་ད་རུང་མང་པོ་འདུག དེའི་རྒྱུ་མཚན་ནི།  གཏམ་རྒྱུད་དེ། ཐོག་མར་བྱུང་བའི་ཡུལ་དང་ས་བོན་གཅིག་ཡིན་ན་ཡང་། དེ་དར་བའི་ཡུལ་སོ་སོའི་སྐད་རིགས་དང་གོམས་སྲོལ་སོགས་མི་འདྲ་བའི་རྐྱེན་གྱིས་གཏམ་རྒྱུད་ནང་གི་མི་སྣ་དང་ཡུལ་གྱི་མིང་སོགས་ཀྱི་ཡུལ་རང་རང་གི་གོམས་འདྲིས་ངེས་ཅན་ལྟར་སྔ་མ་དང་མི་མཐུན་པར་གྱུར་པ་རེད། རྒྱུ་མཚན་དེ་གཏམ་རྒྱུད་འདི་དར་བའི་རྒྱུན་ཁོ་ན་ལས་ཀྱང་ར་སྦྲོད་བྱུང་ཐུབ་སྟེ། གོང་སྨྲས་ཀྱི་མི་སྣ་དང་ཡུལ་མི་མཐུན་པ་དེ་དག་མ་གཏོགས་བུ་མོ་ཡིད་འཕྲོག་མའི་མིང་ལ་ཡང་ཐེ་གོ་ནས་ལོ་ན་དང་། རང་རྒྱལ་གྱི་ཏའེ་རིགས་ཀྱིས་ལན་ཝོའུ་ལོ་ན།  བོད་དུ་ཡིད་འཕྲོག་མ་ཟེར་བ་དང་། གཏམ་རྒྱུད་དུ་ཡོད་པའི་རྒྱལཁབ་གཉིས་ཀྱི་ས་ཆ་ཡང་། བོད་ཀྱི་ཕྱོགས་བསྒྲིགས་མར་རྒྱ་གར་དུ་ངོས་བཟུང་བ་དང་ཏའིརིགས་ཀྱིས་པན་ན་ཞེས་ད་ལྟ་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་དུ་ངོས་བཟུང་ཡོད། འདི་དག་ནི་ཡུལ་གྱི་དབང་གིས་འགྱུར་སོང་བ་ཡིན་ལ། རྔོན་པའི་མིང་ལ་བཀའ་འགྱུར་དུ་སྤང་ལེབ་ཅན་དང་།  བསྟན་འགྱུར་དུ་ཨུཏྤལ་ཅན། ཕྱོགས་བསྒྲིགས་མར་སྤང་ལེབ་འཛིན་པ་ཟེར་བའི་སྔ་མ་དང་ཕྱི་མ་གཉིས་འགྱུར་མ་འགྱུར་ཕྱེད་ཀ་རེ་ཟིན་པས་ད་ལྟ་འགྱུར་བཞིན་པའི་གྲས་སུ་གཏོགས། དེ་མཚུངས་ཀྱི་དཔེ་གཞན་དུ་ཡང་འཚོལ་རྒྱུ་ཡོད་དེ། བོད་ཀྱི་གེ་སར་རྒྱལ་བོའི་སྒྲུང་གི་སོག་ཡིག་གི་འགྱུར་དུ་རྒྱ་ཚ་ཞལ་དཀར་ལ་ཁྲ་སི་ཆི་ཝར་ཟེར་ལ། དེ་སོག་སྐད་དུ་གངས་ལྟར་དཀར་བའི་བུ་རམ་ཞེས་པའི་དོན་ཡིན་པས་སྒྲ་འགྱུར་བ་མ་གཏོགས་དོན་ཡང་འགྱུར་སོང་བ་དང་། སེང་ལྕམ་འབྲུག་མོ་ལ་འབྲུག་མོ་ཀོ་བ་ཟེར་ལ། ཀོ་བ་ནི་སོག་སྐད་དུ་མཛེས་སྡུག་གི་དོན་ཡིན་པས་འབྲུག་མོ་ཀོ་བ་བྱ་བ་མཛེས་མ་འབྲུག་མོ་ཞེས་པའི་དོན་ཡིན་སྐད།  
          ༣《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》ཐུབ་པའི་བཀའ་བསྟན་ལས་ཇི་ལྟར་བྱུང་བ་དང་དེའི་དངོས་ཡོད་ཀྱི་དོན་སྙིང་སྐོར། 
          ནོར་བཟང་གི་གཏམ་རྒྱུད་འདི་ཐོག་མར་དམངས་ཁྲོད་ཀྱི་གཏམ་རྒྱུད་ཡིན་ན་ཡང་། ད་ཡོད་ཀྱི་བོད་འགྱུར་གཉིས་ཀ་སྟོན་པ་ཤཱཀྱ་ཐུབ་པས་ཁོང་གི་སྐྱེ་པ་སྔོན་མའི་རྣམ་ཐར་ཡིན་པའི་ཚུལ་གྱིས་གསུངས་པ་སྟེ། ཡབ་རྒྱལ་བོ་ཟས་གཙང་གིས་ཡང་ཡང་ནན་གྱིས་ཞུས་པས་སྟོན་པ་རང་གི་ཕོ་བྲང་དུ་ཕེབས་པ་བཙུན་མོ་གྲགས་འཛིན་མས་མཐོང་ནས་སྔར་གྱི་བག་ཆགས་དྲན་ཞིང་། ད་འགྲོགས་པ་དང་འཁྱུད་པ། རེག་པའི་རེ་བ་མེད་སྙམ་པས་ཁང་བརྩེགས་བ་གམ་གྱི་རྩེ་ནས་གཡང་དུ་མཆོངས་རུང་སངས་རྒྱས་ཀྱི་ཐུགས་རྗེས་བསྐྱབས། དེའི་རྗེས་ནགས་ཚལ་དུ་འདུས་པའི་དུས་སུ་རྗེས་མཇུག་པ་རྣམས་ཀྱིས་དེའི་རྒྱུ་མཚན་ཞུས་པས་ནོར་བཟང་གི་རྣམ་ཐར་འདི་གསུངས་ཤིང་། དེ་དུས་ཀྱི་ནོར་བཟང་ནི་སྟོན་པ་ཁོང་ཉིད་དང་ཡིད་འཕྲོག་མ་ནི་གྲགས་འཛིན་མ་ཡིན་པར་དེ་ཚོ་སྐྱེ་བ་སྔ་གཞུག་ཏུ་ངོས་བཟུང་ཡོད། སྤྱིར་གཏམ་རྒྱུད་འདི་སྟོན་པ་ཤཱཀྱ་ཐུབ་པས་འཁོར་རྣམས་འཁོར་བ་ལས་ངེས་འབྱུང་སྐྱེ་བའི་ཕྱིར་གསུངས་པ་ཡིན་མོད། འོན་ཀྱང་དེ་དུས་དང་ཡུལ། མི་རིགས་སོགས་ཀྱི་བར་མཚམས་བརྒལ་ནས་ཕྱོགས་སོ་སོར་དར་ཞིང་སྐྱེ་བོ་ཀུན་གྱི་དང་བ་སྟོན་པའི་གཞི་ངོ་མ་ནི་ནོར་བཟང་དང་ཡིད་འཕྲོག་མའི་བར་མེད་ཀྱི་བརྩེ་དུངས་དང་ཁོང་མོ་གཉིས་ཀྱི་འདོད་བརྩེའི་ཆེད་དུ་དཀའ་ཚེགས་དང་ཐ་ན་སྲོག་གི་ཉེན་ཁར་ཡང་མི་འཛེམ་བའི་བློ་བརྟན་འགྱུར་མེད་ཀྱི་གཤིས་སྤྱོད་དེ་རེད། གཏམ་རྒྱུད་དེའི་ནང་གི་བྱ་བཞག་རྣམས་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་དོན་བྱ་མ་ཡིན་མོད། དེས་ཀྱང་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་ཤིག་མཚོན་ཡོད། ལྷག་པར་དུ་ཚེ་རིང་དབང་འདུས་ཀྱིས་བླང་དོར་དང་འཕྲི་སྣོན་བྱས་པའི་སྒྲུང་རྩོམ་དུ་ནོར་བཟང་དང་ཡིད་འཕྲོག་མའི་གཟུགས་བརྙན་སྔར་ལས་གསོན་ཉམས་ལྡན་ཞིང་དོད་པོར་འཁྱོངས་ཡོད་དེ། ཐོག་མར་མི་དང་ལྷ་མོ་གཉེན་དུ་འཆམས་པས་མི་རྣམས་ཀྱི་རང་བྱུང་ཁམས་ལས་ནོམ་པར་རྒྱལ་འདོད་པའི་བསམ་བློ་མཚོན་ཡོད་པ་དང་། ཁོང་མོ་གཉིས་ཀྱི་བཙན་ཤེད་དང་དབང་ཐང་ལ་མི་སྐྲག་ཅིང་སྲིད་འབྱོར་གྱི་ལོངས་སྤྱོད་ལ་མི་ཞེན་པར་འདོད་བརྩེ་དང་རང་མོས་འཚོལ་བའི་སྙིང་སྟོབས་དེས་མི་དམངས་ཀྱི་ཆགས་སྡང་དང་བསྟོད་སྨད་ཀྱི་བསམ་བློ་མངོན་གསལ་དུ་མཚོན་ཡོད་པར་མ་ཟད། གཉེན་སྒྲིག་ལ་རང་དབང་མེད་པའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་དུ་མུན་པའི་སྤྲིན་རུམ་དུ་འོད་ཀྱི་གློག་ཞགས་འགྱུས་པའི་ནུས་པ་བཏོན་ཡོད། གོང་སྨྲས་ལྟར་གཏམ་རྒྱུད་དེའི་ནང་མཚོན་པའི་འོད་གསལ་གྱི་མདུན་ལམ་ལ་སྨོན་ཞིང་བསྙེགས་པ་དང་། གཞན་ཕུང་གི་སྤྱོད་ངན་ལ་རྡུང་ཞིང་རྡེག་པའི་བླ་ན་མེད་པའི་བསམ་བློ་དེ་དག་ནི་སྔར་ས་བོན་དུ་གྱུར་ཡོད་པའི་རྒྱ་གར་གྱི་གཏམ་རྒྱུད་དེའི་བསམ་བློའི་རྒྱུད་བཟུང་བ་ཡིན་པར་མ་ཟད། ཕྱོགས་བསྒྲིགས་བྱེད་མཁན་ཚེ་རིང་དབང་འདུས་ཀྱི་ཡིན་མིན་གྱི་རྣམ་དབྱེ་དང་ཀུན་སྤྱོད་ཀྱི་འདུ་ཤེས་ཀྱང་མངོན་གསལ་དུ་མཚོན་ཡོད། གཏམ་རྒྱུད་འདི་ཐོག་མར་རྒྱ་གར་ནས་བྱུང་བ་ཡིན་པས་དེར་རྒྱ་གར་མི་རིགས་ཀྱི་རྟགས་ཐམ་ཁེལ་ཡོད་ཅིང་། ཕྱིས་སུ་ཐུབ་པའི་བསྟན་བཅོས་སུ་འདྲེས་ནས་བོད་དུ་འགྱུར་བ་དང་ཕྱོགས་བསྒྲིགས་བྱེད་མཁན་ཚེ་རིང་དབང་འདུས་ཀྱང་ཐུབ་བསྟན་པ་ཞིག་ཡིན་པས་དེ་ལ་ཐུབ་བསྟན་པའི་ཆོས་ལུགས་ཀྱི་ཤན་ཡང་ཆེན་པོ་ཞུགས་ཡོད་མོད། དེ་དག་ཕྱིས་སུ་བསམ་བློའི་འདུ་ཤེས་སྐོར་ནས་འཆད་པར་བྱ། 
          ༤ 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》གྱིས་བོད་ཀྱི་རིག་གནས་ལ་ཤན་ཐེབས་པའི་སྐོར། 
          རྒྱ་གར་གྱི་གཏམ་རྒྱུད་འདི་ས་བོན་བྱས་ནས་ནོར་བཟང་གི་རྣམ་ཐར་བྱ་བའི་མཛེས་ཤིང་སྡུག་པའི་ལྷ་འཕྲུལ་སྒྲུང་གཏམ་རིང་མོ་འདི་གྲུབ་པར་མ་ཟད། བོད་ཀྱི་རྩོམ་རིག་གི་ཕྱོགས་གཞན་པ་སྟེ་མགུར་གླུ་དང་ཟློས་གར་གཏམ་རྒྱུད་སོགས་ལའང་ཤན་མངོན་གསལ་ཞུགས་ཡོད་དེ། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་དུ། “སྙིང་ཐུབ་ཡིད་འཕྲོག་ལྷ་མོ། ། རྔོན་པ་ང་རས་ཟིན་ཀྱང་།  ། དབང་ཆེན་མི་ཡི་དཔོན་པོ།  ། ནོར་བཟང་རྒྱ་ལུས་འཕྲོག་སོང་། ། ”ཞེས་བཀོད་ནས་དང་ཐོག་རྔོན་པས་ཟིན་པའི་ཡིད་འཕྲོག་ལྷ་མོ་ནོར་བཟང་རྒྱལ་བོས་ཁབ་ཏུ་བཞེས་པའི་གཏམ་རྒྱུད་ལ་སྦྱར་ནས་རྩོམ་པ་པོའི་སྐབས་བབ་ཀྱི་བསམ་བློ་ངེས་ཅན་ཞིག་མཚོན་ཡོད། ཕྱིས་སུ་སྒྲུང་རྩོམ་འདི་ཡང་ཟློས་གར་གྱི་འཁྲབ་གཞུང་དུ་བཅོས་ནས་བོད་ཁམས་ཀུན་ཏུ་འཁྲབ་སྟོན་བྱས་པས། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ནོར་བཟང་གི་རྣམ་ཐར་གྱི་སྙན་གྲགས་སྔར་ལས་ཆེ་བར་འབར་ཞིང་ཀུན་ལ་ལོངས་སུ་སྤྱོད་པའི་སྒྱུ་རྩལ་གྱི་བདུད་རྩི་བར་མེད་དུ་ཕབ། གཞན་ཡང་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་ནས་རྒྱ་བོད་མི་རིགས་འདི་གཉིས་བར་མཛའ་མཐུན་དར་གྱི་མདུད་པ་དམ་དུ་བཅངས་པ་ནི་ཀུན་གྱིས་ཤེས་པ་ལྟར་ལ། ཁོང་གི་མཛད་རྗེས་འདི་ལ་ཕྱིར་དྲན་གྱི་ཆེད་དུ་བོད་མི་དམངས་ཀྱིས་ལོ་རྒྱུས་དེ་བརྗོད་བྱ་བྱས་ནས《རྒྱ་བཟའ་ཀོང་ཇོའི་རྣམ་ཐར》བྱ་བའི་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བསྒྲིགས་ཡོད། གཏམ་རྒྱུད་འདི《མ་ཎི་བཀའ་འབུམ》དང《ཆོས་འབྱུང་མཁས་པའི་དགའ་སྟོན》། 《རྒྱལ་རབས་གསལ་བའི་མེ་ལོང》སོགས་སུ་ཡོད་པར་མ་ཟད། ཕྱིས་སུ་ཟློས་གར་དུའང་བཅོས་ནས་ད་ལྟའི་བར་དུ་འཁྲབ་སྟོན་བྱེད་བཞིན་འདུགདེར་ཡང་ནོར་བཟང་གི་རྣམ་ཐར་གྱི་ཤན་ཞུགས་ཡོད་པ་སུས་ཀྱང་བསྙོན་དུ་མེད་དེ། བློན་པོ་མགར་གྱིས་རྒྱ་མོ་བཟའ་སློང་བའི་ཆེད་དུ་རིག་པའི་རྩལ་སྣ་ཚོགས་འགྲན་ནས་ཀུན་ལས་རྣམ་པར་རྒྱལ་བས་ད་གཟོད་སྲས་མོ་གནང་བའི་བྱུང་རིམ་ནི། རྣམ་ཐར་ཁྲོད་ཀྱི་ནོར་བཟང་བྱང་ཕྱོགས་ཀྱི་དགྲ་ལས་རྒྱལ་ནས་ཡུལ་དུ་ལོག་དུས། ཡིད་འཕྲོག་མ་མེད་པས་མོའི་རྗེས་འབྲངས་ནས་ལྷ་ཡུལ་དུ་སོང་སྟེ། ཡིད་འཕྲོག་མའི་ཡབ་དྲི་ཟའི་རྒྱལ་བོ་ལྗོན་པ་རྟ་མགོ་ཅན་ལ་སྲས་མོ་ཡིད་འཕྲོག་མ་བསླངས་ཤིང་། མ་གནང་བར་རྩལ་སྣ་ཚོགས་འགྲན་དུ་བཅུག་ལས་ཀུན་ནས་ཁྱད་དུ་འཕགས་པའི་ཡོན་ཏན་ངོམ་པས་ད་གཟོད་སྲས་མོ་གནང་བའི་བྱུང་རིམ་དང་ཅི་འདྲ་མཚུངས་ཨང་། ལྷག་པར་དུ་རིག་པའི་རྩལ་འགྲན་པའི་དུས་སུ་བུ་མོ་བརྒྱ་ཕྲག་གི་ཁྲོད་ནས་འུན་ཤིང་ཀོང་ཇོ་ངོས་འཛིན་དུ་བཅུག་པའི་བྱུང་རིམ་པ་དེ་དྲི་ཟའི་རྒྱལ་བོས་ནོར་བཟང་ལ་བུ་མོ་སྟོང་ཕྲག་གི་ཁྲོད་ནས་ཡིད་འཕྲོག་མ་ངོས་འཛིན་དུ་བཅུག་པའི་བྱུང་རིམ་དེའི་ངོ་བཤུས་ཤ་སྟག་ཏུ་ཟད། ནོར་བཟང་གི་རྣམ་ཐར་འདི་བོད་དུ་དར་ནས་ཚེ་རིང་དབང་འདུས་ཀྱིས་ཕྱོགས་བསྒྲིགས་བྱས་རག་བར་དུ་གཏམ་རྒྱུད་ཁོ་ནར་ཟད་ཅིང་། ཕྱོགས་བསྒྲིགས་དེབ་བརྩམས་པ་ནས་བཟུང་ད་གཟོད་སྒྲུང་རྩོམ་དུ་རྩིས་ཆོག   དེ་གཉིས་ཀྱི་སྔ་མ་རྒྱ་གར་གྱི་གཏམ་རྒྱུད་ཡིན་ཞིང་ཕྱི་མ་བོད་ཀྱི་སྒྲུང་རྩོམ་རིང་མོའི་གྲས་སུ་ཆུད་ཡོད་དེ། བོད་གནའ་རབས་རྩོམ་རིག་གི་ཆ་ཤས་ཤིག་ཏུ་གྲུབ་ཡོད། ནོར་བཟང་གི་རྣམ་ཐར་འདིའི་སྔ་མ་གཏམ་རྒྱུད་དང་ཕྱི་མ་སྒྲུང་རྩོམ་ཡིན་པའི་ཁྱད་པར་གཙོ་བོ་ནི་སྔ་མར་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་པ་གཙོ་ཆེ་ཞིང་ཕྱི་མར་མི་སྣའི་གཟུགས་བརྙན་བཞེངས་བཀོད་བྱས་ཡོད་པ་དེ་ཡིན། སྔ་མ་གཏམ་རྒྱུད་ཀྱི་བྱུང་རིམ་ཁོ་ན་ཡིན་པས་མི་སྣ་རྣམས་ལ་འཚོ་བའི་རྨང་གཞི་བརྟན་ཞིང་བརླིང་བ་ཞིག་མེད་ཅིང་རེ་རེའི་གཤིས་ཀ་ཡང་མངོན་གསལ་དུ་མི་འདུགརྟག་ཏུ་མི་སྣ་དེ་དག་གིས་ཇི་ལྟར་བས་པ་རྣམས་དང་ཁོ་ཚོའི་གཤིསཀའི་བར་དུ་ངེས་པར་དུ་དེ་ལྟར་འབྱུང་དགོས་པའི་འབྲེལ་བ་ཤིན་ཏུ་གསལ་པོ་ཞིག་ཆགས་མེད། ཕྱི་མར་དེ་ལས་ལྡོག་སྟེ། མི་སྣའི་གཟུགས་བརྙན་སྒྲུབ་བཞེངས་བྱ་རྒྱུ་གཙོ་བོར་གྱུར་ཡོད་དེ། དེ་དག་གི་གཤིས་ཀ་དང་ཁོ་ཚོའི་སྒྲུབ་བྱ་གཉིས་མཐའ་གཅིག་ཏུ་མཐུན་ཞིང་སྒྲུབ་བྱ་མང་པོས་མི་སྣ་ངེས་ཅན་གྱི་གཟུགས་བརྙན་འགྲུབ་པ་ལ་རམ་འདེགས་བྱས་ཡོད། དཔེར་ན།  རྒྱལ་སྲས་ནོར་བཟང་བྱང་ཕྱོགས་དགྲ་ལས་རྒྱལ་ནས་ཕྱིར་ལོག་དུས། ཡིད་འཕྲོག་ཡོད་མེད་པས་ཁོས་ཡབ་ཡུམ་སོགས་ཀྱིས་བཤོལ་བཏབ་པ་ལ་མ་ཉན་པར་ཡིད་འཕྲོག་འཚོལ་དུ་ཕྱིན་པའི་བཀོད་པ་དེ་ལ་གཏམ་རྒྱུད་དུ་ཇི་ལྟར་བྱས་པའི་བྱུང་རིམ་མ་གཏོགས་མེད་ལ། སྒྲུང་གཏམ་དུ་ནོར་བཟང་གིས་ཡིད་འཕྲོག་མེད་པ་ཤེས་པའི་རྗེས་སུ་སེམས་སྡུག་སོགས་ཡིད་ཀྱི་དྲན་རྟོག་དང་ཡིད་འཕྲོག་དྲན་པའི་གདུངས་བས་མ་བཟོད་ནས་རི་ལུང་ཀུན་ནས་འོ་དོད་ཀྱིས་ཡིད་འཕྲོག་གི་མིང་ནས་བོས་པ་སོགས་ཞིབ་འབྲི་དཔྱིས་ཕྱིན་པ་བྱས་ཡོད་ལ། བྱ་སྤྱོད་དེ་དག་ནོར་བཟང་གི་ལྷད་མེད་འདོད་བརྩེའི་ཆེད་དུ་རྒྱལ་སྲིད་ཀྱི་དབང་ཐང་དང་ནོར་ལོངས་སྤྱོད་ཀྱང་འདོར་ནུས་ཤིང་ཐ་ན་རང་གི་སྲོག་ཀྱང་སྣང་མེད་དུ་བསྐྱུར་ནུས་པའི་གཤིས་ཀ་དང་མཐུན་པར་གྱུར་པས། སྒྲུང་གཏམ་ནང་གི་ནོར་བཟང་གི་གཟུགས་བརྙན་བཞེངས་པར་ནུས་པ་དོན་དང་ལྡན་པ་ཐོན་ཡོད། དེ་མ་ཟད། དྲང་སྲོང་བློ་གྲོས་རབ་གསལ་བྱ་བར་བཀའ་འགྱུར་མར་མཚན་བཀོད་མེད་པ་ཕྱོགས་བསྒྲིགས་མར་གསར་དུ་བཀོད་པ་དང་། སྔགས་འཆང་སྦྲུལ་ནག་ཁ་འཛིན་བྱ་བ་གདན་འདྲེན་བྱས་པའི་བྱུང་རིམ་དེ་ཡང་སྔ་མར་མེད་པ་ཕྱི་མར་བསྣན་པ་ཡིན། ལྷག་པར་དུ་བྱུང་རིམ་རེ་རེར་མི་སྣ་རེ་རེའི་སེམས་ཀྱི་འགུལ་སྐྱོད་ཞིབ་འབྲི་བྱས་ཡོད་པ་དེ་དག་ནི་ཆོས་ལུགས་ཀྱི་ནང་དོན་ལས་འགོངས་པ་ཤིན་ཏུ་དཀོན་མོད། འོན་ཀྱང་རྩོམ་ལུས་ཀྱི་ཆ་ནས་བཤད་ན་དེ་ཡང་གཏམ་རྒྱུད་ཀྱི་རྩོམ་ལུས་དེ་སྒྲུང་རྩོམ་གྱི་རྩོམ་ལུས་སུ་བར་བརྒལ་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་སེམས།  
                                                 (གཉིས་པ ) 《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》
          ༡《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》བོད་ཡིག་དཔེ་སྣ་གཉིས་ཀ་འདྲ་མིན་གྱི་སྐོར། 
          《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》རང་རྒྱལ་དུ་འགྱུར་བའི་སྐོར་ལ་དཔྱད་གཞིའི་ཡིག་ཆ་མ་འཛོམས་པས་རྒྱ་ནག་དང་བོད་ཀྱི་འགྱུར་མ་གཏོགས་འགྱུར་གཞན་ཡོད་མེད་ཆ་མ་འཚལ། རྒྱ་ནག་གི་འགྱུར་དུ《རྒྱལ་སྲས་ཞིས་ཏ་ནའི་གཏམ་རྒྱུད》ཟེར་ཞིང་རྒྱ་ནག་སྐད་ཀྱི་བཀའ་བསྟན་དུ་གཏམ་རྒྱུད་འདིའི་འགྱུར་མི་འདྲ་བ་བདུན་ལྷག་ཡོད་སྐད་བོད་དུ་འགྱུར་བ་སྡེ་དགེའི་པར་མའི་བཀའ་འགྱུར་མདོ་སྡེའི་ཁྲོད་ཀྱི་ཨ་དུམ་པར་བཞུགས་པའི《འཕགས་པ་ནོར་བུ་དོན་གྲུབ་ཀྱི་མདོ》བྱ་བ་དེ་ཡིན་ལ། གཞན་ཡང་། རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱིས་ཕྱོགས་བསྒྲིགས་བས་པའི《རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》བྱ་བ་ 1981 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་མྱོང་། དཔེ་སྣ་འདི་གཉིས་ལ་དུས་དང་ཡུལ་སོགས་ཀྱི་རྐྱེན་པས་ཕྱི་ཚུལ་གྱི་རྣམ་པ་དང་བརྗོད་བྱའི་ནང་དོན་གཉིས་ཀྱི་ཆ་ནས་མི་འདྲ་ས་ཡང་མངོན་གསལ་རེད། ཐོག་མར། ཕྱི་ཚུལ་གྱི་རྣམ་པའི་ཆ་ནས་སྔ་མ་ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་ཕལ་ཆེ་བ་དང་འདྲ་བར་སྟོན་པའི་རྣམ་ཐར་གྱི་ཚུལ་དུ་བརྗོད་ཅིང་། མཐར་འཕགས་པ་རྒྱལ་བུ་དོན་གྲུབ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ནས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པས་མཇུག་རྫོགས་པ་དང་། སྟོན་པ་རང་ཉིད་རྒྱལ་བུ་དོན་གྲུབ་ཀྱི་སྐྱེ་བ་ཕྱི་མ་ཞིག་ཡིན་པ་ཡང་ངོས་བཟུང་ཡོད། ཕྱི་མ་དེའི་བར་གྱི་གཏམ་རྒྱུད་དེ་ཁོ་ན་ཙམ་དུ་ཟད། དེ་མིན་གཏམ་རྒྱུད་འདི་གཉིས་མི་སྣ་གཙོ་བོའི་མིང་མི་འདྲ་སྟེ། སྔ་མར་རྒྱལ་བུ་དོན་གྲུབ་དང་ཕྱི་མར་དྲི་མེད་ཀུན་ལྡན་ཟེར། འདིར་མཚུངས་ཀྱི་དཔེར་བརྗོད་ད་རུང་མཛུབ་མོས་གར་བསྟན་དུ་ཡོད་དེ། མི་སྣ་གཙོ་བོའི་རྒྱལ་ཁམས་དང་ཡབ་ཀྱི་མིང་ལ། སྔ་མར་ཡུལ་ཡ་བ་བྱ་བར་རྒྱལ་བོ་དགེ་བ་བྱ་བ་ཞེས་དང་། ཕྱི་མར་ཡུལ་སྟེ་ཏའི་གྲོང་ཁྱེར་ཆེན་པོ་ན། རྒྱལ་པོ་ས་སྐྱོད་གྲགས་པའི་དཔལ་བྱ་བ་ཞེས་བཀོད་ཡོད། ཡབ་རྒྱལ་པོས་རྒྱལ་སྲས་སྤྱུགས་པའི་གནས་དེའི་མིང་ལ་སྔ་མར་རི་དན་ཏིག་དང་ཕྱི་མར་བདུད་རི་ཧ་ཤང་སྐེམ་སྐེམ་སྒྲ་སྒྲོགས་ཞེས་བཀོད་ཡོད་ལ། ཡབ་རྒྱལ་པོའི་བློན་པོ་དང་བཙུན་མོའི་མང་ཉུང་། དྲི་མེད་ཀུན་ལྡན་གྱི་སྲས་ལྕམ་སྲིང་གི་མང་ཉུང་དང་དེ་རེ་རེའི་མཚན། མི་སྣ་གཞན་དག་གི་མིང་སོགས་ལ་ཡང་མི་འདྲ་ས་མང་པོ་འདུགདེ་མ་གཏོགས་བཀའ་འགྱུར་མར་བལྟས་ན་ཕྱིས་ཀྱི་ཕྱོགས་བསྒྲིགས་མ་དེ་ཡིག་འབྲུ་སྟོང་ཕྲག་ལྔ་ལྷག་གིས་མང་བ་འདི་ཐམས་ཅད་ནི་ཕྱི་ཚུལ་གྱི་རྣམ་པའི་སྟེང་གི་མི་འདྲ་ས་རེད། ཕྱི་མ་བརྗོད་བའི་དོན་གྱི་ཆ་ནས། ཕྱིས་སུ་བསྒྲིགས་པའི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དེ་སྔ་མ་ལས་འཐུས་ཚང་ཞིང་གཏམ་རྒྱུད་བྱུང་རིམ་གྱི་རྒྱུན་ཤིན་ཏུ་མངོན་གསལ་ཡིན་ཏེ། སྔ་མར་མིང་མཚན་བཀོད་མེད་པའི་མི་སྣ་འགར་ཕྱི་མར་མིང་མཚན་བཀོད་ཡོད་པར་མ་ཟད་དེ་དག་གི་སྐྱེས་ཡུལ་ལ་སོགས་པར་ཡང་མཚམས་སྦྱོར་འོས་འཚམ་རེ་བྱས་ཡོད་ཅིང་། དོན་རྐྱེན་འགར་ཡང་ཕྱི་མར་སྔ་མ་ལས་མཚམས་སྦྱོར་བྱས་པ་ཞིབ་སྟེ། དཔེར་ན་ལྡོག་ཕྱོགསཀྱི་རྒྱལ་ཁབ་དེ་ལ་བཀའ་འགྱུར་མར། དགྲ་ཟླར་གྱུར་པའི་རྒྱལ་ཁམས་གཅིག་ཡོད་པ་དེས་ཞེས་བཙམ་ལས་བཀོད་མེད་ཅིང་། ཕྱི་མར་མཐའ་འཁོབ་བྱེ་མའི་ཤིང་དྲུང་གི་རྒྱལ་བོ་ཤིང་ཁྲི་བཙན་པོ་ཞེས་བྱ་བ་དེ་ལོག་པའི་བློ་འགྱུར་ཏེ་ཞེས་སྔ་མ་ལས་ཞིབ་ཏུ་བཀོད་པ་དང་། བཀའ་འགྱུར་མར་འཕགས་བརྒྱལ་བུ་དོན་གྲུབ་ལ་ནོར་སློང་དུ་འོངས་པའི་བྲམ་ཟེ་དེ་བརྒྱད་ཀྱི་མིང་བཀོད་མེད་ཅིང་བསླངས་པའི་ནོར་ནི་བལ་གྱི་གླང་བོ་ཆེ་པད་མའི་སྟེང་ནས་འགྲོ་བ་སུ་ད་ཡ་ན་བྱ་བ་དེ་ཡིན་པ་ཙམ་ལས་ཞིབ་ཏུ་ངོ་སྤྲོད་བྱས་མེད་ལ། ཕྱི་མར་ནོར་སློང་འོང་བའི་བྲམ་ཟེའི་མིང་ལ་བློ་གྲོས་ཟེར་ཞིང་། བསླངས་པའི་ནོར་ནི་ནོར་བུ་དགོས་འདོད་དཔུང་འཇོམས་ཡིན་པར་མ་ཟད་དེ་རྒྱ་མཚོའི་གཏིང་གི་ཀླུ་མོ་དཀར་མོས་སངས་རྒྱས་འོད་དཔག་མེད་ལ་ཕུལ་ཞིང་དེས་དྲི་མེད་ཀུན་ལྡན་གྱི་ཡབ་ལ་གནང་བ་ཡིན་པར་སྔ་མ་ལས་ཞིབ་ཏུ་ངོ་སྤྲོད་བྱས་ཡོད། དེབ་ཕྱི་མར་དྲི་མེད་ཀུན་ལྡན་གྱིས་སྦྱིན་པ་བཏང་བའི་བྱུང་རིམ་གཙོ་བོར་བཟུང་ནས་སྔ་མའི་དགོས་གལ་ཤིན་ཏུ་ཆེ་བའི་བྱུང་རིམ་འགའ་རེ་དོར་ཞིང་། མི་སྣའི་གཟུགས་བརྙན་མངོན་གསལ་དུ་བཞེང་བའི་ཆེད་དུ་བྱུང་རིམ་འགའ་རེ་དང་མི་སྣ་འགའ་རེའི་བསམ་བློའི་དྲན་རྟོག་སོགས་ཀྱི་ཆ་ཁ་སྣོན་བྱས་ནས་བྲིས་ཡོད། དཔེར་ན་དྲི་མེད་ཀུན་ལྡན་གྱིས་སྲས་ལྕམ་སྲིད་དག་བྲམ་ཟེ་དབུལ་བོ་བཟའ་ཟླ་གཉིས་ལ་སྦྱིན་པའི་རྗེས་སུ་དེ་གཉིས་ཀྱིས་སྲས་ལྕམ་སྲིང་དེ་རྣམས་ཚོང་རར་སོང་ནས་བཙོངས་པ་སོགས་ཀྱི་བྱུང་རིམ་ཕྱི་མ་ཕྱོགས་བསྒྲིགས་བྱེད་དུས་དོར་ཟིན་པས། ཕྱི་མ་སྔར་ལས་ཟོར་ཡང་ཞིང་གཏམ་རྒྱུད་ཀྱི་རྒྱུན་ཇེ་གསལ་དུ་སོང་ཡོད་པ་དང་།  ། དེབ་ཕྱི་མར་གཏམ་རྒྱུད་ཀྱི་ཐོག་མཐའ་བར་གསུམ་དུ་ཡུལ་ལྗོངས་ཞིབ་འབྲི་དང་དཔྱད་གཏམ་ཡང་འོས་འཚམ་རེ་བཏང་ཡོད་པ་འདི་དག་གིས་ལྗོན་ཤིང་ལོ་མ་ཇི་བཞིན་གཏམ་རྒྱུད་འཐུས་ཚང་ཞིང་མི་སྣའི་གཟུགས་བརྙན་ཇེ་གསལ་དུ་གཏོང་བའི་ནུས་པ་ཐོན་ཡོད།  
          ༢《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ནང་གི་ཐུབ་པའི་གཟུགས་བརྙན་དང་དེའི་དངོས་ཡོད་ཀྱི་དོན་སྙིང་། 
          《རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》འདི《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ》ལས་འཕྲི་སྣོན་བྱས་ནས་གྲུབ་པ་ཡིན་མོད། བསམ་བློའི་དོན་སྙིང་གི་ཆ་ནས་ཕྱི་མར་སྔ་མ་ལས་ཀྱང་ཐུབ་པའི་བསྟན་པའི་གྲུབ་མཐའི་ཤན་གཏིང་ཟབ་མོ་ཞུགས་ཡོད། ཐོག་མར་སྟོན་པའི་སྐྱེ་བ་སྔ་མ་ཞིག་གི་རྣམ་ཐར་ཡིན་པའི་ཚུལ་གྱིས་བརྗོད་པ་དང་། མཐར་གཏམ་རྒྱུད་ནང་གི་མི་སྣ་དག་གི་སྐྱེ་བོ་ཕྱི་མ་རྣམས་ངོས་བཟུང་བས་མཇུག་རྫོགས་པ་ནི་སྟོན་པའི་འཁྲུངས་རབས་ནང་གི་གཏམ་རྒྱུད་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ཞིང་དེས་ཐུབ་པའི་བསྟན་པའི་ཚེ་སྔ་ཕྱིའི་ལྟ་བ་མཚོན་ཡོད་པ་སྔར་བརྗོད་ཟིན་ནོ། ། 《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》འདི་ནི་ཕར་ཕྱིན་དྲུག་གི་ཐོག་མ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་བཟུང་ཞིང་དེའི་དགོས་པ་དང་ཕན་ཡོན་དྲིལ་བསྒྲགས་བྱེད་པའི་སྒྲུང་རྩོམ་ཞིག་ཡིན་ལ། དེ་ཡང་དྲི་མེད་ཀུན་ལྡན་གྱི་སྐྱེ་བ་སྔ་མ་ཞིག་གིས་སྔར་སངས་རྒྱས་མར་མེ་མཛད་ཀྱི་ཚེ་སྦྱིན་པ་གཏོང་བའི་དམ་བཅས་པས་ཡིན། ཞེས《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ》ལས་གསལ། གཏམ་རྒྱུད་འདིར་འགོ་ནས་མཇུག་བར་དུ་སྦྱིན་པ་བཏང་ནས་སེམས་ཅན་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང་མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ལམ་དུ་འདྲེན་པའི་ལྟ་བས་ཟིན་ཞིང་། གཏམ་རྒྱུད་ཀྱི་བྱུང་རིམ་ལ་བསྟུན་ནས་ད་རུང་ཐུབ་པའི་བསྟན་པའི་ལྟ་བ་གང་མང་སྤེལ་ཡོད། ལྟ་བ་དེ་དག་མང་ཤོས་ཤཱཀྱ་ཐུབ་པའི་རིང་ལུགས་སུ་གཏོགས་པ་བཤད་མ་དགོས་ལ། དྲི་མེད་ཀུན་ལྡན་བྱ་བའི་མི་སྣ་འདིའི་བསམ་སྦྱོར་དག་ལས་ཀྱང་སྟོན་པ་ཤཱཀྱ་ཐུབ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་ནས་སྲིད་ཀྱི་དབང་ཐང་དང་ནོར་གྱི་ལོངས་སྤྱོད་ལྟ་ཅི། ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་བཏང་ནས་གཞན་ཕན་ཁོ་ན་ལ་བསྔོ་བའི་གཟུགས་བརྙན་མཐོང་ཐུབ། དཔེར་ན། རྒྱལ་བོ་དྲི་མེད་ཀུན་ལྡན་གྱིས་སྲས་ལྕམ་སྲིང་གསུམ་པོ་བྲམ་ཟེ་དབུལ་པོ་གསུམ་ལ་སྤྱིན་ནས་དེ་དག་ལ། “ལེགས་ལྡན་ལེགས་དཔལ་ལེགས་མཛེས་མ་དང་གསུམ། ། ཡུན་རིང་འགྲོགས་པའི་ཕ་མཐའ་དེ་རིང་ཡིན།  ། མཐུན་པར་འགྲོགས་ནས་སོ་སོར་འབྲལ་བ་འདི། ། འདུས་བྱས་མེ་ཏོག་མཚན་ཉིད་འདི་རང་ཡིན།  ། བདག་གིས་ཁྱོད་ལ་སྙིང་དག་རིང་བ་མིན།  ། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱང་།  ། འདུས་ནས་འབྲལ་བར་འདུག་གོ་ལྕམ་སྲིང་གསུམ། ། ”ཞེས་གདམས་ཏེ། ཡབ་སྲས་བཞི་བོ་འབྲལ་བའི་སྐབས་དང་བསྟུན་ནས་འདུས་པ་ཐམས་ཅད་འབྲལ་བ་དང་འདུས་བྱས་ཐམས་ཅད་མི་རྟག་པའི་ལྟ་བ་དྲིལ་བསྒྲགས་བྱས། དྲི་མེད་ཀུན་ལྡན་གྱིས་ཆོས་ཀྱི་སྙིང་བོ་སྦྱིན་པ་ཡིན་པར་དགོངས་ནས་སྦྱིན་པའི་མཐའ་རྫོགས་ཤིང་ཕྱི་མའི་བདེ་བ་ཐོབ་པའི་ཆེད་དུ་རང་གི་ཆུང་མ་དང་ཐ་ན་མིག་འབྲས་ཀྱང་ཕྱུངས་ནས་ཕ་རོལ་བར་སྦྱིན་ལ། དེ་འདྲའི་བྱུང་རིམ་རེ་རེར་ཡང་གོང་མཚུངས་ཀྱི་གྲུབ་མཐའ་དྲིལ་བསྒྲགས་བྱས་པ་གང་མང་དུགནོར་ལོངས་སྤྱོད་ཐམས་ཅད་སྦྱིན་པ་བཏང་ཞིང་སྲས་དང་ཆུང་མ། ཐ་ན་མིག་འབྲས་ཀྱང་ཕྱུངས་ནས་གཞན་ཕན་དུ་བྱིན་ཏེ་དགེ་ཚོགས་བསགས་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་བསྔོ་བ་ནི་སྒྲུང་རྩོམ་འདིའི་མི་སྣ་གཙོ་བོ་དྲི་མེད་ཀུན་ལྡན་གྱི་ཀུན་སློང་གཙོ་བོ་ཡིན་པས། སྒྲུང་རྩོམ་འདིའི་ཐོག་མཐའ་བར་གསུམ་དུ་སྦྱིན་པ་གཙོ་བོ་བྱས་པའི་ཆོས་ལུགས་ཀྱི་ལྟ་བས་ཤོག་གུ་སྣུམ་གྱིས་ཟིན་པ་ལྟ་བུར་གྱུར་ཡོད་ལ། མཐར་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁ་གཡར་ནས་དྲི་མེད་ཀུན་ལྡན་གྱི་མཛད་སྤྱོད་འདི་དག་ལ་བསྟོད་བསྔགས་བྱས་ཤིང་མི་སྣ་ཐམས་ཅད་ཕྱི་མར་གང་ལྟར་སྐྱེས་པའི་མ་འོངས་པ་ཡང་ལུང་བསྟན་ཡོད། འདི་ཐམས་ཅད་ནི་ཆོས་ལུགས་ཀྱི་ལྟ་བ་ཡིན་པ་ཤ་སྟག་ཡིན་མོད། འོན་ཀྱང་དེར་ཡང་གཅིག་བགོས་གཉིས་འབྱེད་ཀྱི་ལྟ་ཚུལ་བཟུང་ནས་དཔྱད་པ་བཏང་ན། རུས་པའི་རྒྱན་ཅན་གྱིས་བསྒྲིགས་པའི་དེབ་འདིར་མི་སྣའི་མིང་དང་བྱ་སྤྱོད། བསམ་མནོ་མཏོང་ཚུལ་སོགས་ཀྱི་བཀོད་པ་སྔར་ལས་ཕུན་སུམ་ཚོགས་པར་བྱས་ཡོད་པས། བཀོད་པ་དེ་དག་ཏུ་ཆོས་ལུགས་ཀྱི་ལྟ་བ་མང་ན་ཡང་དེའི་ནང་གི་མི་སྣ་དག་གི་གཟུགས་བརྙན་བཀོད་པར་ནུས་པ་ངེས་ཅན་རེ་ཐོན་ཡོད་པ་ཡང་གསལ་པོར་ཤེས་དགོས། ལྷག་པར་དུ་སྒྲུང་རྩོམ་འདིའི་འགོ་ནས་མཇུག་བར་དུ་སྣང་བའི་སྦྱིན་པའི་བསམ་སྦྱོར་དེའི་གཞི་རྩ་ནི་དབུལ་ཕོངས་སོགས་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་པ་ཁོ་ན་ཡིན་པས། དེར་སྐབས་བབ་ཏུ་སྔོན་ཐོན་གྱི་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་པ་ཡང་སུས་ཀྱང་བསྙོན་དུ་མེད། དེ་བས། རྣམ་ཐར་འདི་བོད་དུ་འགྱུར་བ་ནས་བཟུང་ཁ་བ་རི་བོའི་ལྗོངས་འདིར་རྒྱ་ཆེན་པོར་དར་ཡོད་ལ། བཀའ་དང་བསྟན་བཅོས་ལ་ཐོས་བསམ་བྱས་པའི་མཁྱེན་ལྡན་གྱི་སྐྱེ་བོ་རྣམས་ལྟ་ཅི། སྤྱིར་བཏང་དམངས་ཁྲོད་དུའང་སྙན་གྲགས་ཤིན་ཏུ་ཆེ་བར་མངོན་ཏེ། ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་མང་ཚོགས་ཀྱི་ངག་ནས་ཀྱང་དྲི་མེད་ཀུན་ལྡན་བྱ་བའི་མིང་དེ་སྙིང་རྗེ་ཅན་དང་གཏོང་ཕོད་ཅན་གྱི་དཔེ་མཚོན་དུ་གྱུར་ཡོད། 
                                (གསུམ་པ ) ཐུབ་པའི་འཁྲུངས་རབས་དང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》
          ༡ཤཱཀྱ་ཐུབ་པའི་འཁྲུངས་རབས་དང་གཞོན་ནུ་ཟླ་མེད། 
          གོང་སྨྲས་ནི་རྒྱ་གར་གྱི་གཏམ་རྒྱུད་ས་བོན་བྱས་ནས་བརྩམས་པའི་སྐོར་ཡིན་མོད། འོན་ཀྱང་མི་རིགས་ཤིག་གི་རྩོམ་རིགས་ལ་མི་རིགས་གཞན་ཞིག་གི་རྩོམ་རིག་གི་ཤན་ཞུགས་པ་ནི་ཕྱོགས་གཅིག་གཉིས་ཙམ་མ་ཡིན་ལ། ལྷག་པར་དུ་རྒྱ་གར་རྩོམ་རིག་ནི་ཐུབ་པའི་བསྟན་པ་དར་བ་དང་བསྟུན་ནས་ཡུལ་གྲུ་མང་པོར་ཁྱབ་པས། དེའི་རྩོམ་རིག་གི་ཤན་ཞུགས་པའང་ཕྱོགས་མང་ཞིང་གཏིང་ཟབ་བོ། ། བོད་ཀྱི་རྩོམ་རིག་ལ་སྙན་གྲགས་ཅན་མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་དུས་རབས་བཅོ་བརྒྱད་པའི་དུས་མགོར་བརྩམས་པའི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བྱ་བའི་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་ཅེས་པའི་གཟུགས་བརྙན་དེར་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་ཀྱི་ཤན་མངོན་གསལ་དུ་ཞུགས་ཡོད་པ་དེ་ཡང་དཔེ་གོང་མ་དང་མི་མཚུངས་པ་ཞིག་རེད། དེ་གང་ལ་ཟེར་ཞེ་ན།  གཞོན་ནུ་ཟླ་མེད་རྒྱལ་སྲས་ཡིན་པ་དང་། ལོ་ན་ཕྲ་བའི་དུས་ནས་བཟུང་རིག་པའི་གནས་ཀྱི། བསམ་སྦྱོར་དང་འཕོང་སྐྱེན་གྱི་རྩལ་ཡོངས་སུ་རྫོགས་པ། ཆེར་སྐྱེས་ནས་ཁྱིམ་ཐབ་ཁབ་ཏུ་བཞེས་པ། ཕྱིས་སུ་ངེས་འབྱུང་གི་བསམ་བློ་སྐྱེས་ཤིང་རཔ་ཏུ་བྱུང་ནས་ཉམས་ལེན་ལ་བརྩོན་པ། མཐར་མངོན་པར་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་སོགས་ཀྱི་མཛད་པ་ཐམས་ཅད་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་དང་མཐའ་གཅིག་ཏུ་མཐུན་པ་དེའོ། ། 
          ༢གཞོན་ནུ་ཟླ་མེད་ཀྱི་གཟུགས་བརྙན་ལ་ཐུབ་པའི་འཁྲུངས་རབས་ཀྱི་ཤན་ཞུགས་པའི་རྒྱུ་རྐྱེན། 
          ལོ་ངོ་སྟོང་ཕྲག་གཉིས་ཀྱི་ཡར་སྔོན་དུ་འཁྲུངས་པའི་སྟོན་པ་ཤཱཀྱ་ཐུབ་པ་དང་དུས་རབས་བཅོ་བརྒྱད་བར་བརྩམས་པའི་སྒྲུང་རྩོམ་འདིའི་ནང་གི་མི་སྣ་གཙོ་བོ་གཉིས་ཀྱི་འཁྲུངས་རབས་དེ་འདྲའི་གཅིག་མཚུངས་ཡིན་པ་ངོ་མ་ཧ་ལས་དགོས་པའི་དོན་ཞིག་ཡིན་མོད། འོན་ཀྱང་སྒྲུང་རྩོམ་འདིའི་རྩོམ་པ་པོ་མདོ་མཁར་བའི་ཚེ་སྟོད་ཀྱི་མཛད་པ་ལ་བསམ་བློ་ཞིབ་མོ་རེ་བཏང་ན་དེར་ཡང་ཡ་མཚན་རྒྱུ་ཅི་ཡང་མེད་དེ། མདོ་མཁར་བ་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་སྟེ་སྤྱི་ལོ 1697 ལོ་བྱང་སྟག་ལུང་དུ་སྐུ་དྲག་གི་ཁྱིམ་དུ་འཁྲུངས། ལོ་ན་ཕྲ་བའི་དུས་ནས་བཟུང་སེ་ར་ཐེག་ཆེན་གླིང་དུ་བཞུགས་པའི་ཁོང་གི་ཞང་པོ་དང་ལ་མོ་ཆོས་སྐྱོང་ཆེན་པོ། ཁོང་གི་ཡབ་ངག་དབང་ཚངས་པ་སོགས་ལས་ཡི་གེ་ཀློག་སྦྱོར་དང་འབྲི་བ།  རྡེལ་རྩིས། དཔེ་ཆ་འཛིན་སྐྱོར་སོགས་རིམ་བཞིན་སློབ་གཉེར་མཛད་ཅིང་། གཞུང་སའི་བླ་རྩིས་པ་ཁྲོ་རྒྱལ་དཔལ་མགོན་དང་དགེ་སློང་བློ་གསལ་རྣམ་གཉིས་ལས《སྙན་ངག་མེ་ལོང》གི་ལེའུ་གཉིས་པ་ཚར་རེ་གསན་ནས་རྩོམ་རྒྱུགས་ཀྱང་ཕུལ། ཕྱིས་སུ་དགུང་ལོ་བཅོ་ལྔའི་ཐོག་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨཱ་ཤྲི་སོགས་ལ《སྙན་ངག་མེ་ལོང》གི་ལེའུ་གསུམ་པ་དང་སྐར་རྩིས། སྡེབ་སྦྱོར་སོགས་གསན་སྦྱོང་མཛད། དགུང་ལོ་བཅུ་དགུའི་སྟེང་གཞིས་ཀ་བསམ་གྲུབ་རྩེའི་དཔྱ་ཁྲལ་འབབ་ཡོང་བསྡུ་བའི་བྱེད་པོར་བསྐྱོད། དེའི་ཕྱི་ལོ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་འཛིན་དུ་བསྐོ་བཞག་གནང་། ལས་གནས་དེ་ལས་ཅུང་མ་འགོར་བར་ཨོ་རོད་ཇུན་གར་བ་ཚེ་དབང་རབ་བརྟན་གྱིས་ལྷ་བཟང་རྒྱལ་པོ་བསད་པའི་དུས་འཁྲུག་དང་འཕྲད་པས་སྐབས་ཤིག་ལ་ལས་གནས་ཤོར་མོད། རིང་པོར་མ་ཐོགས་པར་ལྕགས་རྩེ་གྲུ་གུའི་རྫོང་གི་རྫོང་དཔོན་གྱི་ལས་ཁུར་མཛད་པའི་དུས་མཚུངས་སུ་ཡབ་ངག་དབང་ཚངས་པའི་ཚབ་ཏུ་སྟག་རྩེ་སྡེ་སྲིད་ལྟ་རྒྱལ་རབ་བརྟན་གྱི་མགྲོན་གཉེར་དང་དྲུང་ཡིག་ཉིས་ལྕོགས་ཀྱི་ཁུར་ཡང་བཞེས་དགོས་པ་བྱུང། དེའི་ཕྱིས་ཀྱི་མཛད་པ་རྣམས་སྒྲུང་རྩོམ་འདི་བརྩམས་པའི་རྗེས་སུ་ཡིན་པས་འདིར་བཀོད་པའི་དགོས་པ་ཉུང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བརྩམས་པའི་དུས་ནི་ཁོང་དགུང་ལོ་ཉེར་གཉིས་སྟེང་ཡིན་ལ། དགུང་ལོ་བཅུ་དགུའི་སྟེང་གཞིས་ཀ་བསམ་གྲུབ་རྩེའི་དཔྱ་ཁྲལ་འབབ་ཡོང་བསྡུ་བའི་བྱེད་པོར་མངགས་པ་ནས་སྒྲུང་རྩོམ་འདི་བརྩམས་པའི་དགུང་ལོ་ཉེར་གཉིས་བར་ལ་སྲིད་ཀྱི་བྱ་བར་བརྩོན་ན་ཡང་། ལོ་བཅུ་དགུའི་ཡར་སྔོན་དུ་སེམས་རྣལ་དུ་ཕབ་ནས་ཐོས་བསམ་ཁོ་ན་མཛད་པ་ཡིན་ཞིང། སྲིད་ལ་འཁོར་ནས་ཀྱང་ལོ་འཁོར་གསུམ་མ་གཏོགས་མ་འགྱངས་པས། སྒྲུང་རྩོམ་དི་རྩོམ་པའི་དུས་སུ་མདོ་མཁར་བ་ནི་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ཅིང་མཐོང་ཐོས་ཉུང་བའི་ན་གཞོན་ཞིག་རེད། དེ་བས། དགུང་ལོ་བཅུ་དགུའི་ཡར་སྔོན་དུ་བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་རྒྱ་ཆེན་པོ་མཛད་ཡོད་པས་དུས་དེར་སྟོན་པའི་འཁྲུངས་རབས་ལའང་རྒྱུས་ལོན་ཡོད་པར་གདོན་མི་ཟ། ལྷག་པར་དུ་ཁྲོ་རྒྱལ་དཔལ་མགོན་དང་དགེ་སློང་བློ་གསལ། ལོ་ཆེན་དྷརྨཱ་ཤྲི་སོགས་ལས《སྙན་ངག་མེ་ལོང》ཁྲིད་པའི་དུས་སུ《སྐྱེས་རབས་སོ་བཞི་བ》དང《དཔག་བསམ་འཁྲི་ཤིང》སོགས་སྟོན་པའི་འཁྲུངས་རབས་ལ་སྦྱར་བའི་སྙན་ངག་གི་བསྟན་བཅོས་གྲགས་ཅན་རྣམས་ལ་སྦྱང་གཞི་བྱས་ཡོད་ཤས་ཆེ། ཕྱིས་སུ་སྤྱི་ཚོགས་སྟེང་དུ་སྲིད་ཀྱི་ལས་ཁུར་མཛད་པས། སྐབས་དེར་སྤྱི་ཚོགས་ཀྱི་མཐོང་ཐོས་ཀྱང་ངེས་ཅན་རེ་ཡོད་སྲིད་མོད། འོན་ཀྱང་སྲིད་ཀྱི་ལས་ལ་ཞུགས་ནས་དུས་ཡུན་ཤིན་ཏུ་ཐུང་བས་ལོ་གཉིས་གསུམ་ཙམ་གྱི་སྤྱི་ཚོགས་ཉམས་མྱོང་གིས་སྒྲུང་རྩོམ་འདི་འདྲ་རྒྱ་ཆེན་པོ་ཞིག་རྩོམ་པ་ལ་གཏན་ནས་མི་འདང་བ་རེད། དེའི་རྐྱེན་གྱིས་ལོ་བཅུ་དགུའི་སྔོན་དུ་ཐོས་བསམ་བྱས་པའི་དུས་ཀྱི་ཡིག་ཐོག་གི་ཤེས་བྱ་དང་བཅུ་དགུ་ནས་སྲིད་ཀྱི་ལས་ལ་ཞུགས་བའི་རྗེས་ཀྱི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་མཐོང་ཐོས་སོགས་རྡོག་གཅིག་ཏུ་བསྒྲིལ་ནས་གཏམ་རྒྱུད་འདི་བརྩམས་པ་རེད། དེ་སྒྲུང་རྩོམ་འདིའི་བྱུང་རིམ་ལ་བལྟས་ན་ཡང་མངོན་པར་གསལ་ཏེ། མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་རྒྱལ་སྲས་ཡིན་པ་དང་།  ཁྱིམ་ཐབ་ཁབ་ཏུ་བཞེས་པ། རབ་ཏུ་བྱུང་བ། མཐར་མངོན་པར་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་སོགས་ཀྱི་བྱུང་རིམ་ཐམས་ཅད་ནི་རྩོམ་པ་པོ་ཁོང་རང་ཉིད་ཐོས་བསམ་ལ་བརྩོན་པའི་སྐབས་སུ་རྒྱུས་ལོན་དང་རྩོམ་སྦྱང་བྱས་པའི་སྟོན་པའི་འཁྲུངས་རབས་ལས་བྱུང་བ་མངོན་གསལ་རེད་ལ། གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱི་འདོད་བརྩེ་དང་དེས་བསླངས་བའི་དམག་འཁྲུག་དེ་དག་ལས་བྱུང་བའི་ཟད་དུ་མེད་པའི་སྡུག་བསྔལ་སོགས་ཀྱི་བཀོད་པ་ནི་རྩོམ་པ་པོའི་སྤྱི་ཚོགས་ཀྱི་མཐོང་ཐོས་ལས་བྱུང་བར་སེམས་ཏེ། སྐབས་དེར་ཨོ་རོད་ཇུན་གར་བ་ཚེ་དབང་རབ་བརྟན་གྱི་བུ་མོ་དང་ལྷ་བཟང་ཁང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་གཉིས་མཛའ་ཞིང་གཅུགས་པར་མཐུན་ཡོད་མོད། ཁོ་མོ་གཉིས་ཀྱི་འདོད་བརྩེ་དེ་གཡོ་སྒྱུའི་བསམ་སྦྱོར་ངན་པའི་གཞན་དབང་དུ་གྱུར་པས་རང་གཞན་གཉིས་ཕུང་གི་འཁྲུག་ལོང་བསླངས་ཏེ་རྒྱ་ཆེ་བའི་མང་ཚོགས་རྣམས་ཐར་བ་མེད་པའི་སྡུག་བསྔལ་གྱི་གནས་སུ་བསྐྱལ། ལོ་རྒྱུས་ཐོག་གི་བྱ་དངོས་དེ་དང་དེ་མཚུངས་ལས་གཞོན་ནུ་ཟླ་མེད་དང་ཡིད་འོང་མའི་མཛའ་བརྩེའི་བྱུང་རིམ་དེ་འདྲ་བྱུང་བ་ཡིན་པ་མངོན་གསལ་རེད་མོད། དེའི་སྐོར་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་དང་འབྲེལ་བ་ཆེན་པོ་མེད་པས་རེ་ཞིག་བཏང་སྙོམས་སུ་བཞགགཞོན་ནུ་ཟླ་མེད་ཀྱི་མི་ཚེ་གང་པོའི་བྱུང་རིམ་མང་པོ་ཞིག་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་དང་མཐུན་པར་བྱས་པ་ནི་རྩོམ་པ་པོ་ཐུབ་པའི་བསྟན་པ་ལ་དད་མོས་བྱེད་མཁན་ཞིག་ཡིན་པ་དང་། ལོ་ན་ཕྲ་དུས་ནས་སྟོན་པའི་འཁྲུངས་རབས་ལ་རྒྱུས་ལོན་དང་བག་ཆགས་གཏིང་ཟབ་མོ་ཡོད་པས་ཡིན་ལ། འོན་ཀྱང་རྩོམ་པ་པོ་འཚོ་བའི་དུས་ཀྱི་སྤྱི་ཚོགས་དང་ཁོང་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་། སྤྱི་ཚོགས་ཀྱི་མཐོང་ཐོས་སོགས་སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་པའི་དུས་དང་གཏན་ནས་མི་མཐུན་པས། ཐུབ་པའི་འཁྲུངས་རབས་ཀྱི་ཤན་ཞུགས་པའི་གཞོན་ནུ་ཟླ་མེད་ཀྱི་གཟུགས་བརྙན་དེ་ཡང་སྐབས་བབ་ཀྱི་སྤྱི་ཚོགས་དང་རྩོམ་པ་པོའི་མྱོང་ཚོར་སོགས་ཀྱི་རྐྱེན་པས་སྟོན་པའི་འཁྲུངས་རབས་དང་མི་མཐུན་པ་མཐུན་ཕྱོགས་ལས་ཀྱང་མང་བ་དེ་ཤིན་ཏུ་བྱོལ་དཀའ་བའི་ལས་ཤིག་རེད། དེ་མཚུངས་ཀྱི་དཔེ་ནི་མི་རིགས་གཞན་པའི་རྩོམ་རིག་གི་ལོ་རྒྱུས་སྟེང་ཡང་བྱུང་མྱོང་ལ། དུས་རབས་བཅུ་དྲུག་ཏུ་རྒྱ་ནག་གི་རྩོམ་པ་པོ་ཝུ་ཁྲིན་ཨུན་གྱིས་བརྩམས་པའི་ལྷ་འཕྲུལ་སྒྲུང་གཏམ་རིང་མོ《ནུབ་ཕྱོགས་སུ་རྒྱུ་བའི་གཏམ་རྒྱུད》བྱ་བའི་བརྗོད་བྱ་གཙོ་བོ་ནི་ཐང་ཞོན་ཀྲོང་རྒྱ་གར་དུ་ཆོས་ལེན་དུ་ཕེབས་པའི་ལོ་རྒྱུས་དེ་གཞིར་བཟུང་བ་ཡིན་རུང་། ལོ་རྒྱུས་དངོས་དང་མི་མཐུན་པའི་སྤྲོས་པ་དེ་ལས་ཀྱང་མང་བ་དང་། སྒྲུང་རྩོམ་དེའི་ནང་གི་སྟོང་རྟོགས་སྦྲེའུའི་གཟུགས་བརྙན་་རྒྱ་གར་གྱི《རཱ་མ་ཎའི་རྟོགས་བརྗོད》ནང་གི་སྤྲེའུ་ཧ་ལི་མན་ཐ་གཞི་བྱས་ནས་བཞེངས་པ་ཡིན་ཞེས་དེང་རབས་རྒྱ་ནག་གི་མཁས་པ་ཚད་ལྡན་དག་གི་གསུང་སྒྲོས་ལས་ཐོས་ལ། དེར་ཡང་སྔ་མ་སྟེ་སྤྲེའུ་ཧ་ལི་མན་ཐའི་གཟུགས་བརྙན་དང་མི་མཐུན་ས་གང་མང་སྟོན་རྒྱུ་ཡོད་པ་དེ་བཞིན་ནོ། 
གཉིས་པ།  རྩོམ་གྱི་སྒྱུ་རྩལ་གྱི་ཕྱོགས་ནས། 
          (དང་པོ )ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་དང་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་མཚོན་ཐབས། 
          ༡ རྩོམ་ལུས་སྟེང་གི་རྒྱུན་བསྟུན། རྩོམ་ལུས་ནི་རྩོམ་རིག་གི་མཚོན་བྱེད་ཀྱི་གྲུབ་ཆའི་རྣམ་པ་ལ་ཟེར། རྩོམ་རིག་ནི་དངོས་ཡོད་ཀྱི་སྤྱི་ཚོགས་གནས་ཚུལ་དང་རྩོམ་པ་པོའི་བསམ་བློའི་འདུ་ཤེས་སམ་བརྩེ་དུངས་མཚོན་བྱེད་ཡིན་ལ། རྩོམ་པ་པོས་རྩོམ་བྲིས་ནས་དེ་དག་མཚོན་པར་བྱེད་པའི་སྐབས་སུ་ངེས་པར་དུ་གང་ལ་གང་འཚམ་གྱི་རྩོམ་གྱི་ཆགས་རིམ་དང་རྗོད་བྱེད་ཚིག་གི་རྣམ་པ་སོགས་མི་འདྲ་བ་དུ་མ་སྤྱོད་དགོས་པ་བྱུང་བས། རྩོམ་ལུས་ལ་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་དེ་བཞིན་ནོ། ། རྩོམ་ལུས་གང་ཡིན་རུང་དེ་རྩོམ་པ་པོས་རྩོམ་འབྲི་བའི་ལག་ལེན་ཁྲོད་དུ་ཡུན་གྱིས་གྲུབ་ཅིང་དར་རྒྱས་བྱུང་བ་ཡིན་ལ། དེར་ཡང་རྩོམ་ཡིག་གི་བསམ་བློའི་ནང་དོན་དང་འདྲ་བར་སྐབས་བབ་ཀྱི་སྤྱི་ཚོགས་འཚོ་བའི་ཚོད་འཛིན་ཐེབས་ངེས་པར་མ་ཟད། སྐད་ཆའི་འཕེལ་རྒྱས་དང་རྩོམ་པ་པོའི་རྩོམ་ནུས་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ལ་རག་ལས། དེ་བས་ན། རྩོམ་ལུས་གང་ཡིན་རུང་དེ་བྱུང་བ་དང་འཕེལ་རྒྱས་ཀྱི་རྒྱུད་རིམ་ནི་ཧ་ཅང་ཡུན་རིང་བ་དང་། དེ་མཚམས་གང་ནས་མགོ་བརྩམས་ཤིང་གང་ནས་གྲུབ་ཟིན་པ་སོགས་ཀྱང་སྤྱིར་བཏང་ཙམ་ཡིན་པ་ལས་དེ་ཉིན་སྐར་གྱིས་བགོས་ན་ཤིན་ཏུ་དགོད་བྲོ་བའི་གནས་སུ་འགྱུར། གནའ་རབས་སྒྲུང་རྩོམ་གྱི་རྩོམ་ལུས་ཀྱང་དེ་ལྟར་ཡིན་ཏེ། དེ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ལྷ་སྒྲུང་། ངག་རྒྱུན་སོགས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན་པས་དེ་དག་འཕེལ་རྒྱས་བྱུང་ནས་གནའ་རབས་སྒྲུང་རྩོམ་དུ་གྲུབ་པའི་དུས་ནི་ཧ་ཅང་རིང་མོ་ཞིག་ཡིན་པ་གོར་མ་ཆག   གོང་སྨྲས་ལྟར་དུས་དང་རྐྱེན་གྱི་དབང་གིས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་རྩོམ་ལུས་གྲུབ་པ་ལ་ཉིན་སྐར་གྱིས་བགོས་ན་མི་འགྲིག་པར་མ་ཟད། དེ་དག་ལ་གནའ་རབས་སྒྲུང་རྩོམ་གྱི་ཆ་ཡོངས་སུ་རྫོགས་མིན་གྱི་ཁྱད་པར་ཡང་ཡོད་པ་དང་། དེ་མཚུངས་སུ་སཾ་སྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པའི་ཚད་ལའང་འདྲ་མིན་སྣ་ཚོགས་ཡོད་པ་གདོན་མི་ཟའོ། ། རྩོམ་ལུས་ཀྱི་རྒྱུན་བསྟུན་ཐད་ནས་ཐོག་མར་མཆོད་བརྗོད་དང་།  རྩོམ་པར་དམ་བཅའ་བ། ཤིས་བརྗོད། མཇུག་བྱང་སོགས་ཀྱི་བཀོད་པ་ནི་རྒྱ་གར་གྱི་བསྟན་པའི་སྲོལ་ལྟར་ཡིན་པ་མངོན་གསལ་ཡིན་ཏེ། དེ《རྒྱ་ཆེར་རོལ་བའི་མདོ》ལས།  “ རྣམ་དཀར་ལས་ནི་གང་བྱེད་པ།  ། དེ་ཡི་ཐོག་མར་རྒྱལ་བ་མཆོད། །  ” ཅེས་པ་དེ་གཞིར་བཟུང་བ་ཡིན་ལ། དུས་རབས་བརྒྱད་པ་དང་དགུ་པའི་དུས་སུ་ཐུབ་པའི་བཀའ་བསྟན་འབོར་ཆེན་བོད་སྐད་དུ་བསྒྱུར་བའི་དུས་སུའང་འདུལ་བྱའི་སྐོར་གྱི་འགྱུར་ལ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་དང་། མངོན་པའི་སྐོར་གྱི་འགྱུར་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་དང་། མདོ་སྡེ་སྐོར་གྱི་འགྱུར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཞེས་སོགས་ཀྱི་འགྱུར་ཕྱག་འཇོག་དགོས་པ་གཏན་ལ་ཕབ་པ་དེ་ཡང་གོང་གི་ལུང་འདི་གཞིར་བཟུང་ཞིང་དེ་རེ་རེའི་དགོས་པ་རེ་ལ་དམིགས་ནས་གཏན་ཕབ་བྱས་པ་གོར་མ་ཆགགོང་གི་སྲོལ་འདི་དག་བོད་ཀྱི་གནའ་རབས་སྒྲུང་གཏམ་འབྲི་བར་ཡང་ཤན་ཞུགས་ནས་དེ་འདྲའི་མཆོད་བརྗོད་བཀོད་པ་མང་། རྣམ་དཀར་གྱི་ལས་བྱ་བ་ནི། བསྟན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་ཟེར་ལ། བོད་ཀྱི་སྒྲུང་རྩོམ་ཐམས་ཅད་ཀྱི་བརྗོད་བྱ་དང་དགོས་པ་སོགས་གོང་གི་དོན་དེ་ལས་མ་འདས་པ་རྩོམ་པ་པོ་རེ་རེའི་ཞལ་ལས་ཀྱང་མངོན་གསལ་དུ་མཚོན་ཡོད་པ་དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་དགོས་དོན་ལ་དེའི་རྩོམ་པ་པོའི་ཞལ་ནས།  “སུ་དགའ་འདུ་འཛི་བྲེ་མོའི་གཏམ་དང་ངག་འཁྱལ་དང་། ། ཚིག་རྩུབ་རྫུན་ཕྲེང་མགྲིན་པར་དཔྱང་མིན་འཇིག་རྟེན་ལུགས། ། ཇི་བཞིན་འདོད་པའི་གཏམ་གྱི་ཤིང་རྟས་ཉེར་དྲངས་ཏེ། ། ཆོས་དཀར་ཉིན་བྱེད་འདྲེན་པ་འདི་ནི་དོན་ཡོད་སྙམ།  ། ”ཞེས་པ་དང་། 《མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ཀྱི་དགོས་དོན་ལ་དེའི་རྩོམ་པ་པོའི་ཞལ་ནས། “གང་ཞིག་འཁོར་བའི་གནས་ལ་སྐྱོ་བ་རྣམས། ། སྐྱོ་ཤས་ངེས་འབྱུང་འཕེལ་བར་བྱ་བ་སོགས།  ། དགོས་པ་ལྡན་ཕྱིར་འཁོར་བར་འཁྱམས་སྐབས་ལས།  ། མགྲིན་སྔོན་ཟླ་བར་སྐྱེས་པའི་རྟོགས་བརྗོད་འབྲི།  ། ”ཞེས་པ་དང་། 《སྣང་ས་འོད་འབུམ་གྱི་རྣམ་ཐར》གྱི་དགོས་དོན་ལ་དེའི་རྩོམ་པ་པོའི་ཞལ་ནས།  “འདོད་སྲིད་ཅན་རྣམས་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་བློ་ཆོས་ལ་སྒྱུར་ཐབས་སུ་སྣང་ས་འོད་དེ་འབུམ་པའི་རྣམ་ཐར་འདི་འབུལ་རྒྱུ། ”ཞེས་པ་སོགས་བཀོད་ཡོད་ཅིང་། གཞན་པ་ལ་ལར་འདི་ལྟར་ཁ་མི་གསལ་མོད་རྩོམ་ཡོངས་ཀྱི་ནང་དོན་ལ་བལྟས་ན་རྩོམ་པ་པོའི་ཀུན་སློང་ཤེས་ཐུབ། ངེས་འབྱུང་གི་བསམ་པ་སོགས་ནི་ཐུབ་བསྟན་པའི་ལྟ་བ་ཡིན་པས་དེ་ལྷུར་ལེན་མཛད་པ་ནི་ཆོས་ལུགས་པ་རྣམས་ཀྱི་མིག་ལམ་ནས་རྣམ་པར་དཀར་བའི་ལས་ལོས་ཡིན། ཡིན་ན་ཡང་། དུས་དང་ཡུལ་སོགས་ཀྱི་རྐྱེན་པས་གནའ་རབས་སྒྲུང་རྩོམ་མང་ཆེ་ཤས་ནི་གོང་སྨྲས་ཀྱི་སྔ་མའི་ལུང་དེ་ལྟར་རྒྱལ་བ་ཁོ་ནར་མཆོད་པ་མ་ཡིན་ལ། ཕྱི་མ་ལྟར་ནང་དོན་ལ་དམིགས་ནས་འགྱུར་ཕྱག་གི་སྲོལ་ཁོ་ན་མཁྲེགས་བཟུང་བྱས་པའང་མ་ཡིན་པར་འགྱུར་ལྡོག་མངོན་གསལ་རེ་བྱུང་ཡོད་དེ། ལ་ལར་ཐོག་མ་ནས་རྒྱལ་བ་མཆོད་པར་མ་ཟད། དེའི་རྗེས་ནས་ད་རུང་སྒྲོལ་མ་སོགས་ལའང་མཆོད་པར་བརྗོད་པ《སྣང་ས་འོད་འབུམ་གྱི་རྣམ་ཐར》ལྟ་བུ་དང་། ལ་ལར་འཕགས་པ་སྤྱན་རས་གཟིགས་ཁོ་ནར་མཆོད་པར་བརྗོད་པ《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ལྟ་བུ་དང་། ཐ་ན་རང་གི་དགེ་བའི་བཤེས་གཉེན་དམ་་པ་དེ་རྒྱལ་བའི་གོང་དུ་མཆོད་ནས་དེའི་རྗེས་འབྲངས་ནས་རྒྱལ་བ་དང་ཙོང་ཁ་བ། ཟུར་ཕུད་ལྔ་བ་སོགས་མཆོད་པ《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ལྟ་བུའོ། ། འདི་དག་ལ་གཞིགས་ན་མཆོད་བརྗོད་འཇོག་པའི་སྲོལ་ནི་རྒྱ་གར་གྱི་རྩོམ་ལུགས་དང་བསྟུན་པ་མ་གཏོགས་དོན་དངོས་སྟེང་གང་དག་ལ་མཆོད་པ་དང་། དེ་དག་གང་སྔ་མ་དང་གང་ཕྱི་མ་བྱེད་པའི་ཆ་ནས་གཏན་འབེབས་གསལ་བོ་ཞིག་་མེད་པར་རང་རང་གི་གང་འདོད་དུ་བྱས་པ་མངོན་གསལ་ཡིན་ལ། དེ་ལྟར་རང་རང་གིས་གང་འདོད་དུ་འབྲི་བའི་སྲོལ་ནི་སྒྲུང་རྩོམ་མ་གཏོགས་པའི་རྩོམ་ལུས་གཞན་པར་ཡང་གཅིག་མཚུངས་ཡིན་པས། རྒྱ་གར་ཐུབ་བསྟན་པའི་མཆོད་བརྗོད་འབྲི་སྲོལ་དེ་བོད་རང་ལ་གཏོགས་པའི་སྔ་མ་ལས་རང་མོས་དང་། སྟབས་བདེ། རྩོམ་པ་པོ་རང་རང་གི་གུས་སེམས་ལྷག་མེད་དུ་མཚོན་ཐུབ་པའི་སྲོལ་ཞིག་ཏུ་འགྱུར་བ་ཡིན་ལ། དེ་ལྟར་རྩོམ་ལུས་ཤིག་ལ་རྩོམ་ལུས་གཞན་ཞིག་གི་ཤན་ཞུགས་པའི་དཔེ་ནི་མི་རིགས་གཞན་པའི་རྩོམ་རིག་གི་ལོ་རྒྱུས་སྟེང་ཡང་གནས་མྱོང་ལ། དེ་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་འཕེལ་རྒྱས་བྱུང་བའི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཀྱང་ཡིན། རྩོམ་པར་དམ་བཅའ་བ་ནི་རྩོམ་པ་པོས་བསྟན་བཅོས་ཤིག་འབྲི་བའི་ཐོག་མར་དེའི་བརྗོད་བྱའི་དགོས་པ་དང་ཉིང་དགོས་ལ་དགོངས་ནས་དེ་ངེས་པར་དུ་འགྲུབ་པར་དམ་བཅས་པ་ལ་ཟེར། གལ་སྲིད་དམ་བཅས་ཟིན་པ་ན་བསྟན་བཅོས་དེ་རྩོམ་པའི་བྱ་བ་ལ་དཀའ་ཁག་ཇི་ལྟར་བྱུང་བ་དང་ཐ་ན་རང་གི་སྲོག་གི་ཉེན་ཁར་ཐུག་ཀྱང་མི་འཛེམ་པར་རྩོམ་འགྲུབ་དགོས་པ་ཞིག་ཡིན་པས། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། “དམ་པ་མང་པོས་ཁས་འཆེས་མི་བྱེད་ཅིང་། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།  ། རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ། ། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།  ། ”ཞེས་གསུངས་པ་ལྟར་རོ། ། བསྟན་བཅོས་འབྲི་བ་ལ་དམ་བཅའ་བའི་སྲོལ་འདིས་དཀའ་ཚེགས་དང་ལེ་ལོ་སོགས་བཀག་ནས་རྐྱེན་གཞན་གྱི་དབང་དུ་མི་འགྱུར་བར་རང་གིས་དམ་བཅས་ཟིན་པའི་བསྟན་བཅོས་དེ་ངེས་པར་དུ་རྩོམ་འགྲུབ་པ་ལ་མཐུན་རྐྱེན་བཟང་པོ་ཞིག་རེད། མཇུག་བྱང་དང་ཤིས་བརྗོད་ནི་སྔ་མ་བསྟན་བཅོས་བརྩམས་པའི་མཇུག་དང་ཕྱི་མ་འགོ་མཇུག་གང་རུང་དུ་བཅད་ལྷུག་གང་རུང་གིས་བསྟན་བཅོས་དེའི་བརྗོད་བྱའམ་དགོངས་དོན་དང་རྩོམ་པ་པོའི་ཀུན་སློང་། སྨོན་ཚིག་རེ་མདོ་ཙམ་བརྗོད་པ་དང་། བསྟན་བཅོས་དེ་བརྩམས་པར་སུ་ཞིག་གིས་བསྐུལ་བ་དང་སུ་ཞིག་གིས་མཐུན་རྐྱེན་གང་དག་སྦྱར་བ། དུས་ནམ་ཞིག་ཡུལ་གང་ནས་བརྩམས་པ་སོགས་ལ་ཟེར། སྲོལ་དེ་གནའ་རབས་སྒྲུང་རྩོམ་མ་གཏོགས་པའི་རྩོམ་ལུས་གཞན་པ་རྣམས་ལའང་ཡོངས་ཁྱབ་ཏུ་དར་ཡོད་པ་དེ་བཞིན་ནོ། ། གོང་སྨྲས་ལྟར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།  ཤིས་བརྗོད། མཇུག་བྱང་སོགས་ཀྱི་འབྲི་སྲོལ་ནི་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་གི་འབྲི་སྲོལ་གྱི་རྒྱུན་དང་བསྟུན་ཞིང་མུ་བསྟུད་དུ་བཟོ་བཅོས་བྱས་ནས་སྔ་མའི་མིང་གཞིའི་སྟེང་སྔར་ལས་རྣམ་པ་མང་ཞིང་མཚོན་བྱེད་ཀྱི་ནུས་པ་ལྡན་པའི་བོད་རང་གི་ཁྱད་ཆོས་ཀྱི་སྲོལ་ཞིག་ཏུ་གྱུར་པ་རེད།  
          ༢    སཾསྐྲྀཏའི་སྐད་ཆའི་བོད་འགྱུར་དང་ཟུར་ཆག
          ཐོག་མར་སཾསྐྲྀཏའི་སྐད་ཆའི་བོད་འགྱུར་བྱ་བ་སཾསྐྲྀཏའི་སྐད་ཀྱི་གཞན་དང་མི་མཐུན་པའི་མཚོན་ཐབས་དག་བོད་སྐད་དུ་འགྱུར་ནས་བོད་རང་གི་སྐད་ཆར་གྱུར་ཡོད་པ་དེ་དག་ལ་ཟེར། རྒྱ་གར་གྱི་སཾསྐྲྀཏའི་སྐད་སྤྱོད་པའི་མི་རིགས་དང་བོདརིགས་གཉིས་ཡུལ་གྱི་སྐད་རིགས་དང་ལོ་རྒྱུས། ཡུལ་ཁམས་ཀྱི་ཆགས་ཚུལ།  རིག་གནས་དར་ཚུལ་སོགས་མི་མཐུན་ས་ཧ་ཅང་མང་བས། མི་རིགས་དེ་གཉིས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་སྐད་ཆ་དང་ཡིག་རིགས་ལའང་མི་འདྲ་ས་ཤིན་ཏུ་མང་པོ་ཡོད། ཐུབ་པའི་བསྟན་བཅོས་བོད་དུ་བསྒྱུར་བའི་དུས་སུ་སཾསྐྲྀཏའི་སྐད་ཀྱི་ཐུན་མོང་མ་ཡིན་པའི་མིང་བརྡ་དང་ཚིག་སྦྱོར་དག་བོད་དུ་འགྱུར་བ་ལས་ད་ལྟའང་གནའ་རབས་རྒྱ་གར་མི་རིགས་ཀྱི་ཡུལ་ཁམས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་འདྲིས་སོགས་མངོན་སུམ་དུ་མཐོང་ཐུབ། དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་ཡུལ་ཁམས་སྣང་བ་འབུམ་ལྡན་ལ་དམག་དྲངས་པར་བརྩམས་ནས་བློན་པོ་རྣམས་ལ་བཀའ་བསྒོ་བའི་དུས་སུ། ཆབ་རོལ་ན་སྤྱོད་པའི་འབངས་རྣམས་ལའང་གླང་བོ་ཆེ་ལྷུན་པོའི་ཚད་དུ་ལོངས་པ་ཙམ་དང་། གླང་ཆེན་གྱི་ལང་ཚོ་ར་བདོ་བའི་རྟ་དང་།  ཁང་ཁྱིམ་ཆེན་པོའི་ཚད་ཙམ་གྱི་ཤིང་རྟ་དང་། ཤིང་ཏ་ལ་ཙམ་གྱི་སྐྱེས་པ་ལ་སོགས་པ་ཡན་ལག་བཞི་ལྡན་གྱི་དཔུང་ཚོགས་མྱུར་བར་འདེངས་དགོས་པའི་བརྡ་སྦྱར། ཞེས་བཀོད་པའི་ཡན་ལག་བཞི་ལྡན་གྱི་དཔུང་ནི་རྒྱ་གར་མི་རིགས་ཀྱིས་གཡུལ་འགྱེད་པའི་དུས་སུ་དམག་དཔུང་བཀོད་སྒྲིག་བྱེད་པའི་སྲོལ་ཞིག་ཡིན་གྱི་བོད་ཀྱི་མ་ཡིན་ནོ། ། དེ་གླང་ཆེན་གཡུལ་དུ་ཞུགག་པའི་བྱ་སྤྱོད་དེས་ལྷག་པར་མངོན་གསལ་དུ་སྟོན་ཐུབ་སྟེ། གླང་ཆེན་ནི་རྒྱ་གར་ལྟ་བུའི་གནམ་གཤིས་ཚ་ཞིང་དྲོ་བའི་ཡུལ་དུ་འཚོ་བའི་སྲོག་ཆགས་ཤིག་ཡིན་པས་བོད་ལྟ་བུའི་བསིལ་ཞིང་འཁྱགས་པའི་ཡུལ་དུ་ག་ལ་ཡོད། གལ་སྲིད་བོད་ལ་གཏོགས་པའི་དམའ་གཞོང་དང་ནགས་ཚལ་སོགས་སུ་ཉུང་ཙམ་རེ་ཡོད་སྲིད་ན་ཡང་དེ་དག་གཡུལ་དུ་བཀོལ་བའི་གངས་ཀ་མི་ལོངས་ཤིང་སྲོལ་ཡང་མེད་དོ། ། དེ་མ་ཟད། ཡུལ་སྲོལ་གོམས་འདྲིས་ཀྱི་ཆ་ནས་ཀྱང་བུད་མེད་ལ་རྐང་གདུབ་དང་དཔུང་གདུབ་ཀྱིས་བརྒྱན་པ་སོགས་ནི་རྒྱ་གར་གྱི་ཡུལ་སྲོལ་ཞིག་ཡིན་པ་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི《སྤྲིན་གྱི་ཕོ་ཉ》སོགས་ལས་ཤེས་ཐུབ་མོད། འོན་ཀྱང་དེའི་ཤན་ཞུགས་ནས་བོད་རང་གི་རྩོམ་པ་པོས་བོད་རང་ཡུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་བྱ་བྱས་ནས་བརྩམས་པའི་སྒྲུང་རྩོམ་གྱི་བསྟན་བཅོས་ནང་གི་བོད་མོ་རྣམས་ཀྱི་གཟུགས་བརྙན་ལའང་རྐང་གདུབ་དང་དཔུང་གདུབ་ཀྱིས་བརྒྱན་ཡོད། དེ་མཚུངས་ཀྱི་དཔེ་ནི་གང་མང་ཡོད་དེ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ནང་ཡིད་འོང་མའི་མིག་ཟུང་ཨུཏྤལ་གྱི་འདབ་མར་དཔེ་བླངས་པ་སོགས་དཔེར་ན། “རྫི་མ་སྟུག་ཅིང་མངོན་པར་གཡོ་བའི་སྐྱིབས་ན་ཨུཏྤལའི་འདབ་མ་རྒྱས་པའི་དབྱིབས་ཅན་མིག་དཀྱུས་རིང་ཞིང་བཀྲ་བ་ནི་ཟུར་མིག་ཁུ་བ་དང་ལྡན་པའི་རྣམ་འགྱུར་གྱིས་ཀུན་ནས་མཛེས་པ། ”ཞེས་པ་དང་། རྣ་བ་ལ། “དབྱིབས་ལེགས་རྨད་བྱུང་ཐོས་འཛིན་ཟུང་ལ་ནི་རིན་ཆེན་ཀུནྟཱནའི་ཕོན་པོ་ལྟ་བུ། ”ཞེས་པ་དང་། ལུས་ཀྱི་རྒྱན་ཆ་ཐམས་ཅད་ཀྱི་མིང་ཡང་སཾསྐྲྀཏའི་སྐད་བརྡ་ཁོ་ན་གཡར་ཡོད་དེ། “ཀྐེར་ཏ་དང་། མརྒད་དང་།  ཨིནྡྲ་རྙིལ་དང་།  སྦུར་ལེན་ལ་སོགས་པའི་དོ་ཤལ་མུ་ཏིག་གི་འཕྱང་འཕྲུལ། རིན་པོ་ཆེ་དུ་མ་དང་ལྡན་པའི་མགུལ་རྒྱན་ནི་མཛེས་པར་དཔྱངས། རབ་དཀར་འཇམ་མཉེན་གཞོན་ཤ་ཆགས་པའི་ལག་པ་ལ་ནི་རིན་པོ་ཆེ་ས་ལེ་སྦྲམ་ཁྱུར་རམ་ལ་སོགས་པའི་གདུ་བུ་ཕྲ་ཚོམ་ཅན་དང་། མཉེན་ལྕུག་སོར་མོའི་གདུ་བུ་ལ་སོགས་པའང་ཡིད་དུ་འོང་བར་སྦུད། མཛེས་སྡུག་གི་སྒེག་ཆས་ཡོངས་སུ་རྫོགས་པའི་ལང་ཚོའི་སྟོད་ཆ་ལ་ནི་རབ་དཀར་དུ་ཀཱུ་ལའི་བླ་གོས་སྲབ་མོ་མཛེས་པར་བཀླུབས། ”ཞེས་པའི་བཀོད་པ་སོགས་ཀུན་གྱི་འདྲེན་བྱེད་ཡུལ་དུ་གྱུར་ཡོད་པ་ལྟ་བུའོ། དེར་མ་ཟད། ཟླ་བའི་འོད་ལ་བསིལ་བར་སྣང་བ་ཡང་རྒྱ་གར་གནམ་གཤིས་དྲོ་བས་ཟླ་བ་ཤར་བ་དེས་ཉིན་དཀར་གྱི་ཚ་བའི་གདུང་བ་སེལ་ནུས་པས་བསིལ་བར་སྣང་བ་ཡིན་པ་ལས་བསིལ་ཞིང་འཁྱགས་པའི་བོད་མཐོ་སྒང་ནས་ཟླ་བའི་འོད་ལ་བསིལ་བའི་སྣང་བ་ཞིག་གཏན་ནས་འཆར་མི་སྲིད། ཡང་དཔེར་ན། དབང་ཕྱུག་ནི་ཕྱི་རོལ་བའི་ལྷ་ཞིག་གི་མིང་ཡིན་ཞིང་དེ་སཾསྐྲྀཏའི་སྐད་ལས་བོད་དུ་འགྱུར་བ་ཡིན་པ་ཀུན་གྱིས་ཤེས་པ་ལྟར་ལ། རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་ཞིག་གི་ནང་དུ་དེ་རྫུ་འཕྲུལ་དང་སྟོབས་དང་ལྡན་ཞིང་ཀུན་གྱི་སྐྱབས་སུ་འགྲོ་བའི་ལྷ་ཞིག་ཡིན་པས། བོད་ཀྱི་གནའ་རབས་སྒྲུང་རྩོམ་ནང་དུའང་ཀུན་ལས་ཁྱད་དུ་འཕགས་པའི་གང་ཟག་ལ་དཔེ་རུ་སྦྱར་བ་མང་པོ་མཐོང་རྒྱུ་འདུག་སྟེ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་གཞོན་ནུས་རང་གི་མ་ཡུམ་ལ། འབངས་འཁོར་རྣམས་ལ་མ་ལྟར་བརྩེ་བའི་ཡུལ་འཁོར་གྱི་དབང་ཕྱུག་མ། ཞེས་བསྔགས་བརྗོད་བྱས་པ་ལྟ་བུ་དང་།  གཞན་ཡང་།  མཁས་པའི་དབང་པོ་ལ་སྨྲ་བའི་དབང་ཕྱུག་དང་། གར་མཁན་ལ་གར་གྱི་དབང་ཕྱུག་སོགས་དེ་མཚུངས་ཀྱི་དཔེ་ནི་བགྲང་གིས་མི་ལངས་སོ། ། ཞོལ་ནས་སཾསྐྲྀཏའི་སྐད་ཀྱི་ཟུར་ཆག་ནི་ཐུབ་པའི་བསྟན་བཅོས་བོད་དུ་བསྒྱུར་བའི་དུས་སུ་ཆོས་ལུགས་དང་། རྩོམ་རིག སྨན་དཔྱད། ཆབ་སྲིད།  དཔལ་འབྱོར།  བཟོ་ལས། རྩིས་ལ་སོགས་པའི་རིག་གནས་ཀྱི་ཁྱབ་ཁོངས་རེ་རེ་ནས་བོད་ཀྱི་སྐད་དོད་མེད་པའི་སཾསྐྲྀཏའི་སྐད་ཀྱི་མིང་བརྡ་མང་པོ་ཞིག་སོར་བཞག་བྱས་ནས་བཀོལ་སྤྱོད་བྱས་ཤིང་། དེ་དག་དུས་ཡུན་རིང་མོར་བེད་སྤྱོད་པའི་ལོ་རྒྱུས་ཁྲོད་བོད་སྐད་ཀྱི་གདངས་དང་འབྲི་སྲོལ་སོགས་ལ་བསྟུན་པས་སྔ་མའི་གདངས་དང་གཟུགས་སོགས་ཀྱི་ཟུང་ཆ་རེ་ཉམས་ནས་བོད་སྐད་དུ་འདྲེས་ཡོད་པ་དེ་ལ་ཟེར། དཔེར་ན།  པདྨལ་པད་མ་དང་།  མུཀྟི་ཀ་ལ་མུ་ཏིག ཨུཏྤལ་ལ་ཨུ་པ་ལ།  ཀཏྤུར་ལ་ག་བུར་ལྟ་བུའོ། སཾསྐྲྀཏའི་སྐད་ཀྱི་བོད་འགྱུར་དང་ཟུར་ཆག་ལ་གོང་སྨྲས་དཔེ་མཚོན་ཙམ་གྱིས་ཆོག་པར་བྱ། 
          ༣   གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣ།  ཡུལ་ལྗོངས་སོགས་ཀྱི་ཞིབ་བྲིས། 
          བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་ཐེབས་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་མོ་ཞིག་ཡིན་པས། དེ་སྒྲུང་རྩོམ་གྱི་ས་བོན་དང་སཾསྐྲྀཏའི་སྐད་ཀྱི་ཟུར་ཆག་ཙམ་མ་ཡིན་པར། དེ་ལས་གལ་འགངས་ཆེ་བ་ནི་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་ནང་གི་མི་སྣ་དང་ཡུལ་ལྗོངས། གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ཞིབ་འབྲི་བྱས་པའི་སྒྱུ་རྩལ་གྱི་གྲུབ་འབྲས་དེས་བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་མ་དཔེ་ཤིན་ཏུ་བཟང་པོ་ཞིག་བཞག་ཡོད་པ་རེད། སྤྱིར་རྩོམ་པ་པོའི་ཀུན་སློང་གི་ཆ་ནས་ཐུབ་པའི་གྲུབ་ལྟ་ངེས་ཅན་རེ་དྲིལ་བསྒྲགས་བྱེད་པའི་བསམ་བློ་ཡོད་མོད། འོན་ཀྱང་དོན་གྱི་ཆ་ནས་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་རང་གཤིས། ཡུལ་ལྗོངས་ཀྱི་ཕྱི་ཚུལ་སོགས་ལ་ཞིབ་བྲིས་བྱས་པ་ཧ་ཅང་གསོན་ཉམས་ལྡན་པས། གནའ་རབས་རྒྱ་གར་གྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་འཚོ་བའི་གནས་ཚུལ་དེ་དག་ཀློག་པ་པོ་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་བཀྲམ་ཞིང་ཕྱིས་སུ་སྒྲུང་རྩོམ་རྩོམ་པ་ལ་བག་ཆགས་གཏིང་ཟབ་མོ་བཞག་ཡོད།  
         གཞན་ཡང་། གནའ་རབས་རྒྱ་གར་གྱི་ལོ་རྒྱུས་སྙན་ངག་རིང་མོ《རཱ་མ་ཎའི་རྟོགས་བརྗོད》བྱ་བ་དེ་བོད་ལ་འགྱུར་སྔ་ཞིང་བོད་དུ་སྙན་གྲགས་ཤིན་ཏུ་ཆེ་བས་བོད་ཀྱི་གནའ་རབས་སྒྲུང་རྩོམ་་ལའང་ཤན་ཞུགས་ཡོད། རྟོགས་བརྗོད་དེ་ནི་དྲང་སྲོང་གྲོག་མཁར་བྱ་བས་རྒྱལ་བོ་རཱ་མ་ཎ་དང་དེའི་བཙུན་མོ་སི་ཏ་གཉིས་ཀྱི་སྐྱེས་རབས་གཞི་བྱས་ནས་བརྩམས་པའི་གནའ་རབས་རྒྱ་གར་གྱི་སྙན་གྲགས་ཅན་གྱི་ལོ་རྒྱུས་སྙནངག་རིང་མོ་ཞིག་རེང། དེ་ད་ལྟ་དབྱིན་ཇི་དང་ཕ་རན་སི།  དབྱི་ཏ་ལིས།  ཨུ་རུ་སུ། འཇར་མན་སོགས་ཀྱི་སྐད་དུ་བསྒྱུར་ཡོད་ལ། རང་རྒྱལ་དུའང་སྐུ་ཞབས་ཅིས་ཞན་ལིན་གྱིས་རྒྱ་ནག་གི་སྐད་ལ་བསྒྱུར་བ་ཆ་ཚང་པར་དུ་བསྐྲུན་བཞིན་ཡོད། རང་རྒྱལ་གྱི་འགྱུར་ཆེས་སྔ་བ་ནི་དུས་རབས་གསུམ་པ་སྟེ་རྒྱ་ནག་ལོ་རྒྱུས་སྟེང་གི་རྒྱལ་ཁབ་གསུམ་གྱི་དུས་སུ་རྒྱ་ནག་སྐད་དུ་འགྱུར་བའི《ཕར་ཕྱིན་འདུས་པའི་མདོ》བྱ་བར《རྒྱལ་བོའི་སྐྱེས་རབས》ཟེར་བའི་གཏམ་རྒྱུད་ཅིག་ཡོད་པ་ནི་རཱ་མ་ཎའི་གཏམ་རྒྱུད་ཀྱི་རགས་བསྡུས་ཡིན་ཞིང་། དེ་ནས་བཟུང་མུ་མཐུད་དུ་གཏམ་རྒྱུད་འདིའི་ཆ་འགའ་རེ་ཐུབ་པའི་བཀའ་བསྟན་དུ་འདུས་ནས་རྒྱ་ནག་སྐད་དུ་འགྱུར་མོད། རྒྱ་ནག་ལ་སྙན་གྲགས་ཆེན་པོ་བཟོ་མ་ཐུབ། ཅེས་རྒྱ་ནག་གི་སཾསྐྲྀཏའི་སྐད་ཀྱི་མཁས་པ་ཇིན་ཁི་མོའུ་ཡིས་གསུངས། བོད་ལ་འགྱུར་བའི་ཆེས་སྔ་མ་ནི་ཏུན་ཧོང་ནས་ཐོན་པའི《རཱ་མ་ཎའི་རྟོགས་བརྗོད》ཀྱི་བོད་འགྱུར་དེ་བརྩི་དགོས། དེའི་རྒྱ་དཔེ་སྔར་སྣེའུ་གཏོང་གཙུག་ལག་ཁང་དུ་ཡོད་པ《མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པའི》འགྱུར་བྱང་ལས་གསུངས། མཁས་པ་རིམ་བྱོན་གྱི་ངག་རྒྱུན་ལས་ལོ་རྒྱུས་གཏམ་རྒྱུད་འདི་བོད་དུ་འགྱུར་ཕལ་ཆེར་ཚང་ཡོད་ཅིང་གཏམ་རྒྱུད་དེས་སྦྱར་བའི་སྙན་ངག་གི་རྩོམ་ཡང་མང་པོ་ཡོད། ཅེས་མཁས་པའི་དབང་བོ་དམུ་དགེ་བསམ་གཏམ་གྱིས་གསུངས་མྱོང་བས།  དེ་དག་ལ་གཞིགས་ན། བོད་འགྱུར་ཐོག་མ་ནི་རྒྱ་ནག་གི་འགྱུར་ཐོག་མ་ལས་ལོ་ངོ་ལྔ་བརྒྱ་ཡས་མས་ཀྱིས་འཕྱིས་མོད། བོད་འགྱུར་ནི་ཐུབ་པའི་བཀའ་བསྟན་ལས་ལོགས་སུ་ཡིན་ཞིང་ནང་དོན་ཡང་རྒྱ་ནག་གི་འགྱུར་ཐོག་མ་ལས་ཁ་ཚང་བས་བོད་ཀྱི་གནའ་རབས་རྩོམ་རིག་ལ་ཤན་ཅུང་ཟད་ཆེན་པོ་ཐེབས་ཡོད། བོད་ཀྱི་གནའ་རབས་རྩོམ་རིག་གི་ཆ་ཤས་སུ་གྱུར་པའི་སྒྲུང་རྩོམ་ཡང་དེ་བཞིན་ཡིན་པར། མི་སྣའི་གཟུགས་བརྙན་གྱི་བཀོད་སྟངས་དང་སྐད་ཆའི་སྒྱུ་རྩལ་གཉིས་ཀྱི་ཆ་ནས《རཱ་མ་ཎའི་རྟོགས་བརྗོད》ཀྱི་རྟགས་ཐམ་ཁེལ་བ་མངོན་སུམ་དུ་མཐོང་ཐུབ་སྟེ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་གཞོན་ནུའི་ཕ་རོལ་འཇོམས་པའི་སྒྱུ་རྩལ་སྣ་ཚོགས་ལ་མཁས་པའི་ཡོན་ཏན་བརྗོད་པའི་སྐབས་སུ། དུང་གཞུ་གསེར་མདོག་ཅན་བཀུག་སྟེ། ལྕགས་ཀྱི་མདའ་བོ་ཆེ་དེ་བྲག་རིའི་དུམ་བུ་ཞིག་ལ་བསྣུན་པ་དང་། གླང་བོ་ཆེ་སྟོབས་དང་ལྡན་པ་ཞིག་ཕྱག་གཅིག་གིས་བཏེགས་ཏེ་ནམ་མཁའ་ལ་ཕྱར་བ། ཕྱག་གི་སོར་མོ་རེ་རེས་དཔའ་བོ་རེ་རེའི་སྐ་རགས་ཀྱི་བར་ནས་བཟུང་སྟེ་ནམ་མཁར་བསྐོར་ཞིང་ས་ལ་བརྡབས་པ་སོགས་ཀྱི་བཀོད་པ་ནི་རྒྱལ་བོ་རཱ་མ་ཎའི་ཚད་ལས་འདས་པའི་ལུས་རྩལ་དང་ཅི་འདྲ་མཚུངས་ཨང་། གཞོན་ནུ་ཟླ་མེད་ལ་ངེས་འབྱུང་གི་བསམ་པ་སྐྱེས་ཤིང་སྲིད་པ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ནས་དབེན་གསུམ་བསྟེན་པར་གཤེགས་པའི་རྗེས་སུ། ཁོའི་ཡིད་གཅུགས་པའི་མཛའ་གྲོགས་དཔའ་བོ་སྲིད་པ་གཞོན་ནུ་དང་མཐར་ཡིད་འོང་མ་ཡང་རྒྱལ་སྲས་གང་དུ་གཤེགས་པའི་ཡུལ་དེར་ཕྱོགས་ནས་རྗེས་སུ་འབྲངས་པའི་བྱུང་རིམ་དེ་བཀླགས་པའི་རྗེས་སུ། ཀློག་པ་པོ་རྣམས་ཀྱི་ཡིད་ལ་རྒྱལ་བོ་རཱ་མ་ཎས་ནགས་ཁྲོད་བསྟེན་པའི་སྐབས་སུ་ཁོའི་བཟའ་ཟླ་སི་ཏ་དང་གཅུང་བོ་ཡིད་བསྡུས་གཉིས་ཀྱང་ཁོའི་ཕྱི་འབྲངས་ནས་ནགས་ཁྲོད་དུ་ཁོ་དང་མཉམ་དུ་བསྡད་པ་དང་། 《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ》ལས། རྒྱལ་བུ་དོན་གྲུབ་ཏན་ཏིག་ཏུ་བཏང་བར་དེའི་བཙུན་མོ་མན་ཏེ་མ་བུ་གསུམ་དེའི་རྗེས་སུ་འབྲངས་པའི་བྱུང་རིམ་འདི་གཉིས་ཀ་དབང་མེད་དུ་འཆར་ངེས། བྱུང་རིམ་ཐད་ནས་འདི་གཉིས་ཀྱི་སྔ་མ་དེ་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་བྱུང་རིམ་དང་ཉེ། གཏམ་རྒྱུད་འདི་གཉིས་བྱུང་བའི་སྔ་ཕྱི་དང་དེ་གཉིས་ཀྱི་འབྲེལ་བ་ཅི་ལྟར་ཡིན་པ་མི་ཤེས་མོད། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་དེ་གཉིས་དང་ཅུང་ཟད་འདྲ་བའི་བྱུང་རིམ་བཀོད་པར་བལྟས་ན། དེ་གཉིས་གང་རུང་གི་ཤན་ཞུགས་པ་མངོན་གསལ་རེད།  
          (གཉིས་པ)《སྙན་ངག་མེ་ལོང》བོད་དུ་བསྒྱུར་བ་དེས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་ལ་ཤན་ཐེབས་པའི་སྐོར། 
          ༡ 《སྙན་ངག་མེ་ལོང》བོད་དུ་བསྒྱུར་ཞིང་དར་བ། 《སྙན་ངག་མེ་ལོང》ནི་སྙན་ངག་གི་གཞུང་ཡིན་པ་ལས་སྙན་ངག་གི་བསྟན་བཅོས་མ་ཡིན་པ་ནི་ཀུན་གྱིས་ཤེས་པ་ལྟར་ལ། འབྲུག་ཁམས་སྤྲུལ་གྱིས་ཀྱང་དེ་ལྟར་གསུངས་མོད། འོན་ཀྱང་མི་རིགས་གཞན་པ་རྣམས་ཀྱིས་རྩོམ་རིག་གི་གཞུང་ལུགས་ཕྱོགས་ཀྱི་བསྟན་བཅོས་རྣམས་རང་རང་མི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དུ་བཞག་ནས་བྲི་བའི་སྲོལ་ཡོད་པ་དང་། 《སྙན་ངག་མེ་ལོང》དུ་ད་རུང་རྩོམ་རིག་དངོས་ལ་གཏོགས་པའི་སྙན་ངག་གི་དཔེར་བརྗོད་འབོར་ཆེན་པོ་འདུག་ཅིང་དེས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་ལ་ཤན་ཞུགས་རྒྱ་ཆེན་པོ་ཐེབས་ཡོད་པས། ཁོ་བོས་ཀྱང་དེ་སཾསྐྲྀ་ཏའི་སྐད་ཀྱི་རྩོལརིག་ཏུ་གཏོགས་པར་བྱས་པ་ཤེས་པར་བྱ། 《སྙན་ངག་མེ་ལོང》ནི་གནའ་རབས་རྒྱ་གར་གྱི་སློབ་དཔོན་ཎྜིའམ་དབྱུག་པ་ཅན་གྱིས་ཁོང་གི་ཡར་སྔོན་དུ་བྱུང་བའི་སྙན་ངག་གི་བསྟན་བཅོས་རྣམས་ཀྱི་ལེགས་ཆ་བཏུས་ནས་བྱས་པའི་ལེའུ་གསུམ་གྱི་བདག་ཉིད་ཅན་གྱི་སྙན་ངག་གི་གཞུང་ཞིག་ཡིན་ཞིང་། དེ་འགྲོ་མགོན་འཕགས་པའི་སྐུ་རིང་ལ་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཐོག་མར་ཁ་ཚང་དུ་བོད་སྐད་ལ་བསྒྱུར་བ་དང་། དེའི་ཕྱིས་སུ་དཔང་ལོ་བློ་གྲོས་བསྟན་པ་དང་ཞྭ་ལུ་ཆོས་སྐྱོང་བཟང་བོ། སི་ཏུ་བསྟན་པའི་ཉིན་བྱེད།  སྡེ་བ་རིན་སྤུངས་པ།  འཇུ་མི་ཕམ།  བོད་མཁས་པ། འབྲུག་ཁམས་སྤྲུལ། རྒྱལ་དབང་ལྔ་པ་སོགས་ཚད་ལྡན་གྱི་མཁས་པ་རྣམས་ཀྱིས་འགྱུར་བཅོས་དང་འཆད་ཉན་སྤེལ་བས་རིམ་བཞིན་བོད་ལ་དར་བ་རེད། 《སྙན་ངག་མེ་ལོང》གི་འགྲེལ་པ་དང་ད་ལྟ་དེའི་སྐོར་གྱི་རྩོམ་ཡིག་སོགས་སུ་དབྱུག་པ་ཅན་གྱི་རྣམ་ཐར་རགས་ཙམ་དང་བསྟན་བཅོས་དེ་བོད་དུ་བསྒྱུར་བའི་རྒྱུ་མཚན་སོགས་བསྙད་པ་ཤིན་ཏུ་མང་བས་འདིར་ཞིབ་ཏུ་མི་འགོད་པར་བྱ། 《སྙན་ངག་མེ་ལོང》འདི་བོད་ལ་འགྱུར་ནས་བཟུང་། བོད་ཀྱི་མཁས་པ་རྣམས་ཀྱིས་དེར་འགྱུར་བཅོས་བྱས་ཤིང་དེའི་ཁྲིད་རྒྱུན་སྤེལ་བའི་དུས་མཚུངས་སུ་ཁོ་ཚོ་རང་རང་གིས་ཀྱང་དེར་དེའི་མཚན་ཉིད་ལྟར་དཔེ་བརྗོད་བཞག་ནས་ཉམས་ལེན་མཛད་དེ་ཕྱི་མ་རྣམས་ལ་སློབ་སྦྱོང་གི་མ་དཔེ་བཙུགས། སྤྱིར་བོད་ཀྱི་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་བཟང་ངན་ནི་སྙན་ངག་ཤེས་མི་ཤེས་ལ་རག་ལས་པར་མཐོང་བས། སྙན་ངག་གི་ཉམས་འགྱུར་དང་ཚིག་སྦྱོར་ལ་མ་མཁས་ན་རིག་པའི་གནས་གཞན་ལ་མཁས་ཀྱང་བསྟན་བཅོས་རྩོམ་པ་ལ་འཇུག་མི་བཏུབ་ཅིང་ཀུན་གྱི་བསྔགས་པའི་ཡུལ་དུ་འགྱུར་མི་སྲིད་པས། ཟུར་མཁར་བ་བློ་གྲོས་རྒྱལ་པོས། “རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། ། རྒྱན་མེད་པ་ན་སྐྱེ་བོས་གླེང་།  ། དེ་བཞིན་སྙན་ངག་མི་ལྡན་པའི། ། བསྟན་བཅོས་མཁས་ལ་རྩིས་སུ་མེད། ”ཅེས་གསུངས་སོ། ། འདི་དག་བོད་ཀྱི་མཁས་ཆེན་དག་གིས་བསྒྱུར་ཅིང་འཆད་ཉན་མཛད་དེ་གཙིགས་ཆེན་དུ་མཐོང་བས་ཁ་བ་རི་བོའི་ལྗོངས་འདིར《སྙན་ངག་མེ་ལོང》ལ་སྦྱངས་ཤིང་མེ་ལོང་མའི་གཞུང་ལྟར་སྙན་ངག་བྲིས་ཏེ་ཚིག་སྦྱོར་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་བཏོད་པའི་སྲོལ་ཞིག་དར་བས། དེའི་ཕྱིས་ཀྱི་བོད་ཀྱི་མཁས་པ་ཕལ་ཆེར་གྱིས་མེ་ལོང་མར་སྦྱངས་ཤིང་དེར་དཔེར་བརྗོད་བཞག་ཡོད་ལ། ལ་ལས་དེར་གཞུང་འགྲེལ་དང་སྙན་ངག་གི་བསྟན་བཅོས་ཀྱང་བརྩམས་ཡོད། 
          ༢  གནའ་རབས་སྒྲུང་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་ལ《སྙན་ངག་མེ་ལོང》གི་ཤན་ཞུགས་པ། 
          《སྙན་ངག་མེ་ལོང》བོད་དུ་མ་འགྱུར་གོང་དུ་རྒྱ་གར་གྱི་བཀའ་བསྟན་མང་པོ་བོད་དུ་འགྱུར་ཡོད་ལ། དེར་མེ་ལོང་མའི་གཞུང་དང་མཐུན་པའི་སྙན་ངག་གང་མང་ཡོད་པ་དེས་བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་ཤན་ཐེབས་ཡོད་སྲིད་ཀྱང་། མེ་ལོང་མ་བོད་དུ་འགྱུར་ཞིང་དེའི་ཤན་ཐེབས་པ་དང་བསྡུར་ན་ཤིན་ཏུ་ཉུང་ཞིང་མངོན་དུ་མི་གསལ་བ་ཞིག་རེད། བོད་ཀྱི་གནའ་རབས་སྒྲུང་རྩོམ་རྣམས་བརྩམས་པའི་དུས་སུ《སྙན་ངག་མེ་ལོང》བོད་དུ་འགྱུར་ནས་ལོ་ངོ་བཞི་བརྒྱ་ཡས་མས་འགྱངས་ཡོད་པ་ལྟར་ན། དུས་ཡུན་རིང་མོ་དེའི་ནང་དུ་མེ་ལོང་མའི་གཞུང་དེ་བོད་ནས་ཡོངས་ཁྱབ་ཏུ་དར་ཡོད་པས། བོད་ཀྱི་མཁས་པ་རྣམས་མེ་ལོང་མའི་ཁྲིད་རྒྱུན་གྱིས་ཕྱུག་ཅིང་། སྙན་ངག་གི་ཉམས་དང་རབ་རྟོག་གི་རྩལ་ལ་མངའ་བརྙེས་ནས་ཕྱིས་ཀྱི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ལྟ་བུའི་སྒྲུང་རྩོམ་རིང་མོ་རྩོམ་པ་ལ་རྨང་གཞི་བརྟན་ཞིང་བརླིང་བ་ཞིག་བཏིང་ཡོད། བོད་ཀྱི་གནའ་རབས་སྒྲུང་རྩོམ་རྣམས་ནམ་བརྩམས་པའི་དུས་ལ་ལྟ་ཚུལ་མི་མཐུན་ཞིང་ལ་ལའི་རྩོམ་པ་པོའང་མེ་ཤེས་མོད། འོན་ཀྱང་དེ་དག་ཚང་མ་མེ་ལོང་མ་བོད་དུ་འགྱུར་བའི་རྗེས་སུ་བརྩམས་པ་ཡིན་པ་ཁས་འཆེས་ན་ཆོག་པས། དེ་དག་ཚང་མ་ལ་མེ་ལོང་མའི་ཚད་འདྲ་མིན་གྱི་ཤན་ཞུགས་ཡོད་པ་ཡང་ཁས་ལེནདགོས། སྤྱིར《གེ་སར་རྒྱལ་པོའི་སྒྲུང》ལྟ་བུ་ཡིན་ན་གླུ་ཚིག་དང་ཚིག་ལྷུག་གང་ཡིན་རུང་གིས་གཏམ་རྒྱུད་ཀྱི་བྱུང་རིམ་མུ་མཐུད་ནས་བསྙད་པ་དང་དཔེ་བཞག་པ་ཡང་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དང་ཉེ། སྒྲུང་རྩོམ་རྣམས་ནི་དེ་ལྟ་མ་ཡིན་ཏེ། གཏམ་རྒྱུད་ཀྱི་བྱུང་རིམ་རེ་རེ་དང་ཡང་ན་དེའི་ནང་དོན་ཆུང་ཆུང་རེ་རེ་རྡོག་གཅིག་ཏུ་བསྒྲིལ་ནས་ཤོ་ལོ་ཀ་རེ་རེར་བཀོད་པ་དང་། དེ་མ་ཚད་མང་ཆེ་ཤོས་མེ་ལོང་མ་ལྟར་རྒྱན་དུ་ངོས་བཟུང་བྱས་ནའང་ཆོག་སྟེ།  དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ། “ཉིན་བྱེད་མཐོན་པོ་ལྷ་ལམ་ལ་གནས་ཀྱང་།  ། དམའ་བའི་ཚལ་གྱི་པད་མ་སྐྱོང་བ་ལྟར།  ། མི་བདག་སྐྱེ་རྒུའི་གཙུག་ན་མངོན་འཕགས་ཀྱང་། ། ཉམ་ཆུང་གཞོན་ནུ་བདག་ལ་རྗེས་བརྩེ་བའི།  ། ཐུགས་རྗེའི་སྤྱན་ཞགས་རིང་མོར་བརྐྱངས་བྱས་ནས། ། རེ་བའི་འབྲས་བུ་འདི་ནི་དོན་ཡོད་འཚལ། ། ”ཞེས་པ་དཔེ་རྒྱན་དང་། “སྤྱིར་ཡང་སྟོབས་ལྡན་དཔུང་གི་མེ་ལྕེ་ལ། ། ལས་ངན་ཤུགས་ཀྱིས་དེད་པའི་ཕྱེ་མ་ལེབ།  །  ལྕེབས་མཆོངས་རང་སྲོག་འདུ་བའི་ལས་ཐབས་མཁན། ། མ་རུངས་བདག་གི་སྙིང་འདིར་ཅི་ཞིག་ཞུགས།  ། ”ཞེས་པ་གཟུགས་རྒྱན་དང་། 
          “གྲགས་པའི་འཁོར་ལོ་བསོད་ནམས་འོད་སྟོང་གིས། ། རྣམ་པར་མཛེས་པ་སྲིད་པའི་སྒྲོན་མེ་ཡིས།  །  འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་བྲལ་བ།  ། པད་དཀར་ཚལ་ཆེན་སྣང་བ་དམ་པས་སྐྱོངས།  ། ”ཞེས་པ་བསྡུས་བརྗོད་ཀྱི་རྒྱན་ལྟ་བུའོ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ནི་གནའ་རབས་སྒྲུང་རྩོམ་གྱི་ནང་ནས་མེ་ལོང་མའི་ཤན་ཞུགས་པ་ཆེས་གཏིང་ཟབ་ཅིང་མངོན་གསལ་བ་ཞིག་ཡིནཏེ། དེའི་གླུ་ཚིག་དང་རྩོམ་པ་པོའི་སྤྲོས་པ་ཐམས་ཅད་སྙན་ངག་གིས་བཅིངས་ཡོད་པས་དེ་བོད་གནའ་རབས་སྒྲུང་རྩོམ་གྱི་མ་དཔེའི་བསྟན་བཅོས་སུ་གྱུར་ཡོད་པ་མ་ཟད་སྙན་ངག་གི་བསྟན་བཅོས་ཀྱང་ཤིན་ཏུ་ཕུལ་དུ་བྱུང་བ་ཞིག་ཡིན་པར་གདོན་མི་ཟའོ། ། གཞན་ཡང་། མེ་ལོང་མའི་དཔེར་བརྗོད་དུ་མཛེས་མ་རྣམས་ཀྱི་སྒེག་ཉམས་ཞིབ་བྲིས་བྱས་པ་མང་ལ་དེས་ཀྱང་ཡིད་འོང་མ་སོགས་བུད་མེད་ཀྱི་གཟུགས་བརྙན་བཞེངས་པ་ལ་ཤན་ཐེབས་ཡོད་པར་སྙམ། སྤྱིར། མེ་ལོང་མ་བོད་དུ་འགྱུར་བ་དང་དར་བས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་མཚོན་བྱེད་ཀྱི་རྣམ་པ་སྔར་ལས་ཕུན་སུམ་ཚོགས་པ་ངང་། ཚིག་སྦྱོར་ཡང་སྔར་ལས་མཛེས་ཤིང་ཉམས་འགྱུར་དང་ལྡན་པར་གྱུར་ནས། ཐུབ་བསྟན་པའི་བསྟན་བཅོས་ནང་གི་གཏམ་རྒྱུད་དང་བོད་རང་དུ་དར་བའི་དམངས་ཁྲོད་རྩོམ་པ་རིག་གཅིག་དང་ཡང་མི་མཐུན་པའི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཤིག་ཏུ་གྲུབ་ཡོད།  
གསུམ་པ།  བསམ་བློའི་འདུ་ཤེས་ཀྱི་ཕྱོགས་ནས། 
          ( དང་པོ ) དགེ་མཚན་ལྡན་པའི་བསམ་སྦྱོར་ལ་བསྔགས་བརྗོད་བྱེད་པ། 
          ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་ལ་སངས་རྒྱས་ཀྱི་བཀའི་ཁྱད་ཆོས་བཞི་སྟེ། བརྗོད་བྱ་མཐོ་རིས་དང་ཐར་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ། རྗོད་བྱེད་ཚིག་གི་སྐྱོན་མཐའ་དག་དང་བྲལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བྱེད་དུ་སོང་བ། དགོས་པ་ཉོན་མོངས་པ་དང་སྡུག་བསྔལ་ཞི་བའི་ཕན་ཡོན་སྟོན་པ། བཅས་ཚང་དགོས་པས་དེ་དག་གིས་ངེས་པར་དུ་ཐུབ་བསྟན་པའི་གྲུབ་མཐའ་ངེས་ཅན་རེ་མཚོན་ཡོད་རུང་། ལོ་རྒྱུས་སྟེང་གི་ཤཱཀྱ་ཐུབ་པ་ནི་རླབས་ཆེན་གྱི་བྱམས་ལྡན་ཞིག་ཡིན་ཞིང་ཁོང་གིས་གསུངས་པའི་གཏམ་རྒྱུད་དེ་དག་ཀྱང་མང་ཤོས་ནི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཡིན་པ་བཅས་ཀྱི་དབང་གིས། དེ་དག་ཏུ་དྲང་བདེན་དང་བྱམས་སེམས།  རང་མོས། འདོད་བརྩེ་སོགས་མི་དམངས་ཀྱི་བརྩེ་དུངས་དང་རེ་ལྟོས་མཚོན་པའི་དད་སྨོན་གྱི་ཡུལ་ལྷག་མེད་དུ་མཚོན་ཡོད། བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་ཤན་ཐེབས་པའི་སྐྱོ་གར་རྩོམ་རིག་ནང་ནས་ནོར་བཟང་གི་རྣམ་ཐར་ནི་བསམ་བློ་དང་སྒྱུ་རྩལ་གང་གི་ཐད་ནས་ཀྱང་ལེགས་པ་རབ་ཀྱི་རྩེ་མོར་སོན་པའི་གཏམ་རྒྱུད་ཕུལ་དུ་བྱུང་བ་ཞིག་རེད། དེ་གཏམ་རྒྱུད་བྱུང་རིམ་གྱི་བཀོད་པའི་ཚགས་དམ་ཞིང་མི་སྣ་གཙོ་བོ་རྣམས་ཀྱི་རང་གཤིས་མངོན་དུ་གསལ་བ། དྲང་བདེན་དང་འདོད་བརྩེ་ལ་ཡིད་ཕྱོགས་པའི་བསམ་བློ་ལྷག་མེད་དུ་མངོན་པ་ཞིག་ཡིན། དེའི་མི་སྣ་གཙོ་བོ་ནོར་བཟང་གི་གཤིས་ཀའི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ནི་ཡིད་འཕྲོག་མ་དང་ཁོ་གཉིས་ཀྱི་འདོད་བརྩེ་ལ་བློ་གཅིག་སེམས་གཅིག་ཡིན་པར་མ་ཟད། བགེགས་བར་ཆད་དང་དཀའ་ཚེགས་ཅིར་ཡང་མི་འཛེམ་པར་དེ་ལ་བསྙེགསཔའི་རབ་ཏུ་བརྟན་པའི་བསམ་བློ་དེ་རེད། འདིའི་མི་སྣ་གཙོ་བོ་ན་གཞོན་ཕོ་མོ་འདི་གཉིས་ཐོག་མར་འཕྲད་པ་དང་། མཉམ་དུ་ཡིད་གཅུགས་པར་འཚོ་བ།  དེའི་རྗེས་སུ་བྲལ་བ། མཐར་སླར་ཡང་འཕྲད་པའི་བྱུང་རིམ་འདི་དག་ཏུ་ཁོ་གཉིས་ཀྱི་ཡིད་གཅུགས་པའི་མཛའ་བརྩེ་དང་ཁ་བྲལ་བའི་སྡུག་བསྔལ། མཐར་སླར་ཡང་འཕྲད་པའི་དགའ་སྤྲོའི་རྣམ་པ་ཐམས་ཅད་ཇི་མ་ཇི་བཞིན་དུ་མཚོན་ནས་གཞོན་ནུ་ཕོ་མོ་འདི་གཉིས་ཀྱི་བརྟན་བརླིང་གི་རང་གཤིས་དང་འདོད་བརྩེ་ལ་ཕྱོགས་པའི་མོས་འདུན་བསྟན་ཡོད། གཏམ་རྒྱུད་འདི་ནི་དྲི་ཟའི་གྲོང་ཁྱེར་གྱི་ལྷ་མོ་ཞིག་དང་འཇིག་རྟེན་ཁམས་ཀྱི་མགོ་ནག་སྐྱེ་བོ་ཞིག་གི་བར་གྱི་ཡིད་ཆེས་དཀའ་བའི་འདོད་བརྩེ་བརྗོད་པ་ཞིག་ཡིན་མོད། འོན་ཀྱང་ཁོ་གཉིས་བར་གྱི་དྲི་མ་མེད་པའི་བརྩེ་དུངས་དང་གདུག་རྩུབ་ཅན་གྱི་བར་ཆད། བྱམས་སེམས་ལྡན་པའི་འཁོར་འབངས། དེ་དག་བར་གྱི་འབྲེལ་བ་སོགས་ཀྱི་བཀོད་པ་ནི་མི་ཡུལ་ཁམས་ཀྱི་བྱ་དངོས་ཁོ་ནར་དཔེར་བླངས་ནས་ཞིབ་བྲིས་བྱས་པ་ལགས་པས། དེ་དག་དོན་དངོས་དང་མཐུན་པའི་ལོ་རྒྱུས་མ་ཡིན་རུང་འཚོ་བའི་གཏན་ཚིགས་དང་སྒྱུ་རྩལ་གྱི་བདེན་ངེས་དང་མཐུན་པས་གཟུགས་བརྙན་དེ་དག་དང་དེ་ཚོའི་བློ་བརྟན་འགྱུར་མེད་སྒོས་དྲང་བདེན་དང་འདོད་བརྩེ་ལ་བསྙེགས་པའི་སྙིང་སྟོབས་དེ་ལ་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་དང་བ་བསྟན་པ་དང་། བསྔགས་བརྗོད་དང་དར་སྤེལ་བྱས་ཤིང་བྱེད་མུས་རེད་། དེ་མཚུངས་སུ《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་ཡང་གཞོན་ནུ་ཕོ་མོ་གཉིས་ཀྱི་འདོད་བརྩེ་བརྗོད་ཡོད་ལ་དེ་གཉིས་ཡང་སྔ་མ་གཉིས་དང་འདྲ་བར་རྒན་ལ་བཀུར་བ། འཁོར་བ་བྱམས་པ།  སྦྱིན་པས་འབངས་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་བ། རང་རང་གི་འདོད་བརྩེ་ལ་བློ་སེམས་གཅིག་པ་སོགས་ཀྱི་གཤིས་ཀ་དང་ཡོན་ཏན་མཐའ་གཅིག་ཏུ་འཛོམས་པའི་གཟུགས་བརྙན་དག་ཡིན་ཞིང་དེ་གཉིས་ཀྱིས་ཀྱང་དྲང་བདེན་དང་འདོད་བརྩེ་ཡི་ཆེད་དུ་དཀའ་ཚེགས་ལ་མི་འཛེམ་པ་དང་། བཙན་ཤེད་དང་དབང་ཐང་ལ་མི་ཞེད་པར་ཧུར་བརྩོན་རྦད་ཐག་བྱས་པ་རེད།  གཞན་ཡང་། ཡིད་འོང་མ་དང་ཡིད་འཕྲོག་མ་གཉིས་ཀྱི་མིང་ལ་ཡིག་འབྲུ་གཅིག་མ་གཏོགས་མི་འདྲ་ས་མེད་པ་དང་། དེ་གཉིས་ཀྱི་བྱུང་བ་ལ་མི་འདྲ་ས་འགའ་རེ་ཡོད་རུང་། ཐོག་མར་རང་གི་མཛའ་གྲོགས་དང་ཡིད་གཅུགས་ནས་མཛའ་བར་བྱས་ཤིང་རྗེས་སུ་བགེགས་བར་ཆད་སོགས་ཀྱིས་དེའི་ཡུན་བསྐྱངས་མ་ཐུབ་པ་སོགས་ཀྱི་བཀོད་པ་གཅིག་མཚུངས་ཡིན་ལ། དེ་གཉིས་ཀྱི་རང་གཤིས་ཀྱང་འདྲ་ས་ཤིན་ཏུ་མང་བས་དེར་ཡང་སྔ་མའི་ཤན་ཞུགས་མེད་པར་ཁ་ཚོན་གཅོད་དཀའ་མོ་རེད།  
          བྱམས་སེམས་ནི་ཐུབ་བསྟན་པའི་གྲུབ་མཐའ་གཙོ་བོ་ཞིག་ཡིན་པས་དེའི་གཏམ་རྒྱུད་དུའང་བྱམས་སེམས་དང་སྤྱིན་པའི་ནང་དོན་ཤིན་ཏུ་འབུར་ཐོན་དུ་བྱས་ཡོད་དེ། 《སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྤྱིན་པ》དང་།  《རྒྱལ་པོ་ཟླ་མེད་ཀྱིས་མགོ་སྤྱིན་པ》། 《རྒྱལ་བོ་བྱམས་པའི་སྟོབས་ཀྱིས་སྦྱིན་པ》།  《རྒྱལ་བོ་མིག་འབྱེད》། 《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ》སོགས་སུ་བརྗོད་པ་རྣམས་ནི་མི་སྣ་དེ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་དེ་དག་བརྗོད་བྱ་བྱས་ནས་བསྔགས་བརྗོད་བྱས་པ་ཡིན། དེ་དག་ཏུ་བྱམས་སེམས་ཆེན་པོའི་སྒོ་ནས་ཕ་རོལ་པོའི་ཆེད་དུ་རང་གི་ལུས་ཕུང་དང་མགོ་བོ། མིག་འབྲས། ཁྲག་སོགས་ཀྱང་ཕངས་མེད་དུ་བྱིན་ནས་གཞན་ཕན་གྱི་བསམ་སྦྱོར་རྣམ་པར་དག་པ་བསྐྱེད། གོང་སྨྲས་ཀྱི་བསམ་སྦྱོར་དེ་དག་ལ་ད་ལྟ་བ་རྣམས་ཀྱིས་དོན་མེད་དུ་མཐོང་མོད། འོན་ཀྱང་དུས་དང་རྐྱེན་གྱི་དབང་གིས་ལོ་རྒྱུས་སྟེང་དུ་སྔོན་ཐོན་གྱི་ནུས་པ་ངེས་ཅན་རེ་བསྐྱེད་ཡོད་དེ། དུས་ཡུན་རིང་བའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་འཚོ་བའི་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས་རང་རང་གི་གྲལ་རིམ་དེས་གཉའ་གནོན་དང་བཤུ་གཞོག་མྱོང་བའི་རྒྱུ་མཚན་གང་ལ་ཐུག་ཡོད་པར་ངོས་ཟིན་མེད་པས། ཚད་མེད་པའི་སྡུག་བསྔལ་དེ་ལས་གྲོལ་འདོད་པའི་ཆ་ནས་སྔར་ལྟར་དམངས་ལ་བྱམས་པའི་དབང་བསྒྱུར་བ་ཞིག་ལ་རེ་ལྟོས་འཆའ་བ་དང་སྐྱབས་སུ་མི་བཅོལ་ཀ་མེད་རེད། དེ་ལྟར་ན་སྟག་མོ་ལ་ལུས་སྤྱིན་པའི་སེམས་ཅན་ཆེན་པོ་དང་། མགོ་བོ་སྦྱིན་པའི་རྒྱལ་བོ་ཟླ་འོད། ཆུང་མ་དང་བུ་ཕྲུག་ཐ་ན་རང་གི་མིག་འབྲས་ཀྱང་ཕངས་མེད་དུ་ཕྱུང་ནས་གཞན་ཕན་ཁོ་ནར་བསྔོ་བའི་འཕགས་པ་རྒྱལ་བུ་དོན་གྲུབ་སོགས་ནི་ཟད་དུ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི་འབངས་རྣམས་ཀྱི་སྐྱབས་བཅོལ་ས་དང་དད་སྨོན་གྱི་ཡུལ་ཞིག་ཏུ་གྱུར་པ་ནི་ལུགས་དང་མཐུན་པ་ཞིག་རེད། ལྷག་པར་དུ་འཕགས་པ་རྒྱལ་བུ་དོན་གྲུབ་སྟེ་དྲི་མེད་ཀུན་ལྡན་གྱིས་སྦྱིན་པ་བཏང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་བོད་དམངས་ཁྲོད་དུའང་ས་ཁྱབ་རྡོ་ཁྱབ་ཏུ་དར་ཞིང་ད་ལྟའི་བར་དུ་དར་རྒྱུན་ཆད་མ་ཐུབ་པ་དེས་ཀྱང་གསལ་བྱེད་རྗེན་ཐོན་པ་ཞིག་བྱས་ཡོད། དེ་ཡང་ནམ་མཁའི་ཆུ་ཤེལ་རྒྱ་མཚོའི་གཏིང་དུ་བབས་པ་ཇི་བཞིནབོད་ཀྱི་གནའ་རབས་སྒྲུང་རྩོམ་དུ་མཚོན་ཡོད་དེ། སྒྲུང་རྩོམ་དུ་དྲང་ཕྱོགས་ཀྱི་མི་སྣ་གཞོན་ནུ་ཟླ་མེད་སོགས་ཀྱི་ཡོན་ཏན་བརྗོད་པའི་སྐབས་སུ་འབངས་ལ་བྱམས་ཤིང་སྦྱིན་བར་སྤྲོ་བ་སོགས་རྩིས་ཡོད་པ་ཀུན་གྱིས་མཐོང་བ་ལྟར་རོ། ། གང་ལྟར་བྱས་ཀྱང་ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་དང་སྙན་ངགཟློས་གར་སོགས་ལུས་གང་རུང་གི་རྩོམ་དུ་དྲང་བདེན་དང་བྱམས་སེམས་སོགས་ཀྱི་དགེ་མཚན་དང་ལྡན་པའི་བསམ་སྦྱོར་དག་ལ་ལྷག་བསམ་རྣམ་དག་གིས་བསྔགས་བརྗོད་དང་། གདུག་རྩུབ་དང་ཕྲག་དོག་ལ་སོགས་པའི་ཕྱིན་ཅི་ལོག་གི་བསམ་སྦྱོར་དག་ལ་རྣམ་འགྱུར་དྲག་པོས་སྤྱོས་ཤིང་ཉེས་པ་དུ་མས་སྨད་པར་བྱེད་པའི་བསམ་བློ་ནི་གཙོ་བོ་ཡིན་པས། བོད་ཀྱི་གནའ་རབས་སྒྲུང་རྩོམ་དུའང་ཐོག་མཐའ་བར་གསུམ་དུ་བཟང་ལ་བསྟོད་ཅིང་ངན་ལ་སྨད་པའི་བསམ་བློས་ཁེངས་འདུགཡིན་ན་ཡང་། བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་བསམ་བློའི་འདུ་ཤེས་ལ་ཐུབ་བསྟན་པའི་ཤན་ཞུགས་པ་ཧ་ཅང་གཏིང་ཟབ་ཡིན་ཞིང་དེའི་ཀུན་སྤྱོད་ཀྱི་ཚད་གཞི་ནི་ད་ལྟ་དང་མི་འདྲ་བ་མང་བས། དེར་བསྟོད་བསྔགས་བྱས་པ་དང་སྨད་པར་བྱས་པའི་ཡུལ་དང་ཡུལ་དེ་དག་གི་ཡིན་མིན་གྱི་ཚད་གཞི་ནི་ད་ལྟ་དང་མི་འདྲ་ས་མང་པོ་ཡོད་པ་ཀུན་གྱི་ཡིད་ལ་ངེས་དགོས།  
          (གཉིས་པ) ཐུབ་བསྟན་བའི་ངེས་འབྱུང་གི་བསམ་བློ་དང་འདུ་ཤེས་གཞན་གྱི་ཤན་ཞུགས་པ། 
          བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་ཐུབ་བསྟན་པའི་གྲུབ་མཐའ་མང་པོ་ཞིག་གི་ཤན་ཞུགས་ཡོད་ལ། ལྷག་པར་དུ་ངེས་འབྱུང་གི་བསམ་བློའི་འདུ་ཤེས་ཀྱི་ཤན་ཞུགས་པ་ནི་ཧ་ཅང་མངོན་གསལ་ཡིན་ཏེ། འདིར་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པའི་སྐོར་དུ་ཐུབ་བསྟན་པའི་ལྟ་བ་གླེང་ན་བརྗོད་བྱ་ཡན་གར་བ་ཞིག་ཏུ་སོང་བ་དང་འདྲ་མོད། འོན་ཀྱང་དེ་དག་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་ན་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་ཏུ་ཐུབ་བསྟན་པའི་གྲུབ་མཐའ་ཅི་ལྟར་ཞུགས་ཡོད་པ་དང་། བོད་ལ་འགྱུར་བའི་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་ཕལ་ཆེ་བ་ཐུབ་པའི་བཀའ་དང་བསྟན་བཅོས་སུ་འདུས་ནས་འགྱུར་བ་ཡིན་པ་ཤེས་ཐུབ། རྩོམ་རིག་ཅེས་པའི་དོན་སྤྱིར་གྲུབ་མཐའ་གང་རུང་ཞིག་ཀྱང་མི་འདུས་མོད། རྩོམ་རིག་ཏུ་གྱུར་པའི་བརྩམ་བྱ་སོགས་སུ་ཆོས་ལུགས་ཀྱི་གྲུབ་མཐའ་དང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་གང་རུང་ངེས་པར་དུ་ཞུགས་དགོས་པ་ནི་སུས་ཀྱང་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་ནོ། ། 
          མི་རིགས་གང་རུང་དང་རྩོམ་ལུས་གང་རུང་ཞིག་གི་རྩོམ་འབྲིའི་ལག་ལེན་ཁྲོད་དུ་རླབས་ཆེན་གྱི་རྩོམ་མཁན་ཞིག་གི་པིར་རྩེས་མཚོན་པའི་བསམ་བློའི་འདུ་ཤེས་གང་རུང་ཞིག་ཡིན་ཡང་། དེ་གྲུབ་མཐའ་གང་ཞིག་དང་བསམ་བློའི་འདུ་ཤེས་གང་ཞིག་ནག་རིས་གདོང་འདེད་ལྟ་བུའི་འཆད་ཉན་མ་ཡིན་པར་ངེས་པར་དུ་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་དང་དམ་དུ་འབྲེལ་ཡོད་པས། དེར་ཡང་ངེས་པར་དུ་ཐུན་མོང་མ་ཡིན་པའི་ནང་དོན་དང་རྩོམ་གཤིས་མངོན་ཡོད་ངེས། བོད་ཀྱི་གནའ་བས་སྒྲུང་རྩོམ་དུ་ངེས་འབྱུང་གི་བསམ་བློས་གཙོས་པའི་ཆོས་ལུགས་ཀྱི་ལྟ་བ་མང་པོ་ཞིག་མཚོན་ཡོད་པ་དེ་དག་ཀྱང་གནའ་རབས་བོད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྒྱུ་དང་རྐྱེན་ངེས་ཅན་རེ་དང་ཁ་བྲལ་ཐབས་གཏན་ནས་མེད། ད་ལྟའི་རྒྱ་བོད་གང་རུང་གི་མཁས་པ་འགའ་ཡིས་བོད་ཀྱི་སྒྲུང་རྩོམ་རིང་མོ་དག་ལ་ཞིབ་འཇུག་བྱས་པའི་རྗེས་སུ་དེ་དག་ཏུ་མཚོན་པའི་ཆོས་ལུགས་ཀྱི་གྲུབ་མཐའ་དག་ལ་ཚམ་ཚོམ་ཅི་ཡང་མེད་པར་དགག་པ་ཁོ་ན་རྒྱག་རྒྱུ་ལས་དེར་ཐུགས་གཞིགས་ཞིབ་མོ་གཏོང་བ་ཤིན་ཏུ་ཉུང་། ཁོ་ཚོའི་ཐུན་མོང་གི་གཏན་ཚིགས་ནི། ཆོས་ལུགས་ཀྱི་གྲུབ་མཐའ་ཐམས་ཅད་སེམས་གཙོ་ལ་གཏོགས་ཤིང་། སེམས་གཙོ་སྨྲ་བ་ཡིན་ན་དགག་རྒྱག་ཁོ་ན་བྱེད་དགོས་པ་དེ་རེད། ང་ཚོས་སྤྱི་ཚོགས་ཀྱི་བྱ་དངོས་གང་ལ་ཞིབ་འཇུག་བྱེད་ནའང་དེར་གཅིག་བགོས་གཉིས་འབྱེད་ཀྱི་ལྟ་བ་འཛིན་དགོས་པ་ལས་ལྟོས་མེད་ཁོ་ནར་མཐོང་ཞིང་རང་ལྟ་མཆོག་འཛིན་བྱས་ན་ལུང་འཛིན་རིང་ལུགས་སུ་འཁྱར་འགྲོ་བས་དེ་ནི་ཤིན་ཏུ་མི་རིགས་པའི་ལས་སོ། ། བོད་ཀྱི་གནའ་རབས་སྒྲུང་རྩོམ་དུ་མཚོན་པའི་ཆོས་ལུགས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱང་དེ་བཞིན་ཡིན་ཏི། དེ་ཐམས་ཅད་དུས་དང་རྐྱེན་ངེས་ཅན་གྱི་དབང་གིས་གྲུབ་པ་ཡིན་པས་དེ་དག་ཐམས་ཅད་དེ་ཚོ་བྱུང་བའི་གནའ་རབས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བཞག་ནས་ཞིབ་འཇུག་བྱས་ན་ད་གཟོད་ཡང་དག་པའི་གདེང་འཇོག་བྱེད་ཐུབ། ང་ཚོས་གནའ་རབས་ཀྱི་རྩོམ་པ་པོ་ཞིག་ལ་ད་ལྟར་རན་པའི་རྩོམ་ཞིག་འགྲུབ་པར་རེ་ན་ལོ་རྒྱུས་ཀྱི་དངོས་གཙོ་སྨྲ་བ་དང་འགལ་ཞིང་དགོད་བྲོ་བའི་ལས་ཤིག་ཡིན་པར་མ་ཟད། གནའ་རབས་ཀྱི་རྩོམ་པ་པོ་དང་དེ་དག་གི་བརྩམས་གཞུང་དག་ལ་གདེང་འཇོག་བྱེད་པའི་ཡང་དག་པའི་ཚད་གཞི་དང་ཡང་རྒྱབ་འགལ་བྱས་པ་རེད། དེ་བས་རླབས་ཆེ་བའི་སློབ་དཔོན་ལེ་ཉིན་གྱིས་ཀྱང་། ལོ་རྒྱུས་ཀྱི་བྱས་རྗེས་ལ་གདེང་འཇོག་བྱེད་ན། ལོ་རྒྱུས་འགུལ་སྐྱོད་པས་ད་ལྟར་མཁོ་བའི་དངོས་པོ་བསྐྲུན་ཡོད་མེད་གཞིར་འཛིན་པ་མ་ཡིན་པར། ཁོ་ཚོས་ཁོ་ཚོའི་སྔོན་རབས་པ་ལས་དངོས་པོ་གསར་པ་བསྐྲུན་ཡོད་མེད་དེ་ལ་ལྟ་དགོས། ཞེས་གསུངས་སོ།  ལེ་ཉིན་གྱི་ཚད་གཞི་འདིས་བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་དཔྱད་པ་བཏང་ན། མདོ་མཁར་བ་དང་བློ་བཟང་བསྟན་པའི་རྒྱལ་མཚན། སྡིངས་ཆེན་སྙོན་པ་ཚེ་རིང་དབང་འདུས་སོགས་ཀྱིས་ཁོ་ཚོའི་སྔོན་རབས་པ་ལྟ་ཅི། ཁོ་ཚོ་དང་དུས་མཉམ་པ་རྣམས་ལས་ཀྱང་དངོས་པོ་གསར་བ་བསྐྲུན་ཡོད་པ་དེ་རེད། ཁོ་ཚོས་ཁོ་ཚོ་འཚོ་བའི་དུས་དེའི་སྤྱི་ཚོགས་ཀྱི་འགལ་བ་གཏིང་ཟབ་མོ་དེ་དག་ཐག་གཅོད་པའི་ཐབས་དམ་པ་ཞིག་སྟོན་མི་ཐུབ་ཅིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཡང་དག་པ་ཞིག་སྟོན་མི་ཐུབ་པ་ནི་ལོ་རྒྱུས་ཀྱི་ཚོད་འཛིན་གྱི་དབང་གིས་ཡིན་མོད། འོན་ཀྱང་ཁོ་ཚོས་དངོས་ཐོག་བདེན་འཚོལ་དང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་དངོས་ཡོད་རིང་ལུགས་ཀྱི་བྱེད་ཐབས་བཀོལ་ནས་ཞིབ་བྲིས་བྱས་པ་ཡིན་པས་བོད་གནའ་རབས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱིས་རུལ་སུངས་དང་ཉེས་དམིགས་ཐམས་ཅད་མངོན་སུམ་ལྷག་མེད་དུ་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བཀྲམ་ཡོད་པས། ཁོ་ཚོའི་ལོ་རྒྱུས་ཀྱི་ཕྱག་རྗེས་དང་བརྩམས་གཞུང་དེ་དག་གི་རིན་ཐང་ཡང་དེ་ལ་ངོས་འཛིན་བྱེད་དགོས། དེ་མ་ཟད། ཁོ་ཚོའི་བཀོད་པ་ཁ་ཤས་སུ་ཆོས་ལུགས་ཀྱི་གྲུབ་མཐའ་ཞུགས་རུང་དེས་མཚོན་པར་བྱས་པའི་དོན་བྱ་ནི་བསྔགས་འོས་པའི་གནས་སུ་གྱུར་ཡོད་དེ། དཔེར་ན། 《སྣང་ས་འོད་འབུམ་གྱི་རྣམ་ཐར》དུ་བུ་མོ་སྣང་ས་འོད་འབུམ་གྱིས་མི་ཡུལ་གྱི་མནར་གཅོད་ཚད་མེད་པ་མྱངས་བའི་མཐར་རང་གི་ཚེ་སྲོག་ཀྱང་རང་ལ་མ་དབང་བར་ཚེ་ལས་འདས་ཤིང་གཤིན་རྗེའི་དྲུང་དུ་ཕྱིན་ཙ་ན། གཤིན་རྗེས།  བུ་མོ་ཁྱོད་ནི་སྡིག་ཅན་པོ་ཡིན་མཁའ་འགྲོའི་སྤྲུལ་བ་ཡིན་འདུགཅེས་དཀར་འདོན་བྱས་ཤིང་།  ཁྱོད་འདི་རུ་མ་སྡོད་མི་ཡུལ་དུ་ལོག་ནས། སྐུ་ལུས་རྙིང་པ་དེ་གར་སྣང་སའི་ཐུགས་སེམས་ཞུགས་ཤིག འདས་ལོག་ཆོས་མཛད་མ་ཞིག་བྱས་ནས་འགྲོ་དོན་རྒྱ་ཆེར་གྱིས་ཤིགཅེས་གདམས་ཤིང་བུ་མོ་སྣང་སའང་དེ་ལྟར་འདས་ལོག་བྱས་ནས་ཆོས་མཛད་པའི་བཀོད་པ་དེར། བུ་མོ་སྣང་ས་མཁའ་འགྲོའི་སྤྲུལ་པ་ཡིན་པ་དང་གཤིན་རྗེའི་བཀོད་པ། སྡེར་གྱི་ལུས་ཕུང་རྙིང་པ་ལ་ཐུགས་སེམས་གསར་དུ་ཞུགས་ནས་འདས་ལོག་བྱས་པ་རྣམས་ནི་ཐུབ་བསྟན་པའི་རྣམ་ཤེས་སྨྲ་བ་དང་ཚེ་འདི་ཕྱིའི་ལྟ་བ་སོགས་ཀྱི་གྲུབ་མཐའ་ཁོ་ན་ཡིན་པར་མ་ཟད། གཤིན་རྗེའི་ཁ་གཡར་ནས་འདས་ལོག་བྱས་པའི་རྗེས་སུ་ཆོས་མཛད་མ་ཞིག་བྱས་པའི་ལམ་ནོར་འཁྲུལ་ཅན་ཞིག་ཀྱང་། བསྟན་ཡོད་མོད། འོན་ཀྱང་བཀོད་པ་དེ་དག་གིས་ཡིན་མིན་གྱི་ཤན་ཕྱེ་ནས་བུ་མོ་སྣང་ས་སྡིག་ཅན་མ་ཡིན་པར་ཁས་འཆེས་པའི་བསམ་བློ་བསྟན་པ་དེས་སྣང་ས་འོད་འབུམ་བྱ་བའི་གནའ་རབས་བོད་རིགས་ངལ་རྩོལ་བུད་མེད་ཀྱི་གཟུགས་བརྙན་དེའི་བདེ་སྡུག་ལ་ཐུགས་ཁུར་དང་སྙིང་རྗེ་བའི་བསམ་བློ་བཅོལ་བས། དེའི་སྤྱི་ཚོགས་ཀྱི་དོན་སྙིང་ནི་སྔོན་ཐོན་ཡིན་པ་མངོན་གསལ་རེད།  
          བོད་ཀྱི་གནའ་རབས་སྒྲུང་རྩོམ་ནང་དུ་མཚོན་པའི་ངེས་འབྱུང་གི་བསམ་བློ་ལ་མཚོན་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་གཞོན་ནུ་ཟླ་མེད་དང་ཡིད་འོང་་གཉིས་ཀྱི་འདོད་བརྩེ་དང་དེ་དང་འགྲོགས་པའི་དམག་འཁྲུག་སོགས་ཞིབ་བྲིས་ཡོད་རུང་། མཐར་སྒྲུང་རྩོམ་འདིའི་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ། སྲིད་པ་གཞོན་ནུ་གསུམ་པོ་འཁོར་བ་ལས་ངེས་པར་བྱུང་ནས་དབེན་གསུམ་བསྟེན་པ་དང་། 《སྣང་ས་འོད་འབུམ་གྱི་རྣམ་ཐར》དུ་བུ་མོ་སྣང་ས་འདས་ལོག་བྱས་ནས་ཆོས་མཛད་པ་སོགས་ངེས་འབྱུང་གི་བསམ་པ་སྐྱེས་ནས་འཁོར་བ་ལས་རབ་ཏུ་བྱུང་བའི་བཀོདཔ་རྣམས་ནི་མཛུབ་མོས་གར་བསྟན་དུ་ཡོད། དེར་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པ་ལ་འབྱུང་ཁུངས་གཉིས་ཡོད་དེ།  
          གཅིག་ནི་མཚན་ཉིད་རིག་པའི་ཆ་ཡིན་ལ། ཐུབ་བསྟན་པས་འཇིག་རྟེན་གྱི་མི་བདེ་བ་ཐམས་ཅད་དང་ཐ་ན་སྐྱེ་རྒ་ན་འཆི་ལ་སོགས་པའི་ཚེ་སྲོག་འཕེལ་རྒྱས་བྱུང་བའི་གོ་རིམ་ནང་གི་ལྡོག་ཏུ་མེད་པའི་ཆོས་ཉིད་དེ་དག་ཀྱང་སྔོན་བསགས་ལས་ཀྱིས་སྨིན་པའི་སྡུག་བསྔལ་དུ་མཐོང་ཞིང་། དེ་དག་ཞི་བར་བྱེད་པའི་ཐབས་དམ་པ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུའི་འཁོར་བ་དེ་ལས་ངེས་པར་བྱུང་ནས་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྩོན་པ་དེ་ཡིན་པ་དང་དེ་ལྟར་བྱས་ན་མཐར་སྡུག་བསྔལ་དེ་དག་ལས་ཐར་ཐུབ་སྟེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་ཐུབ་སྐད། བོད་ཀྱི་གནའ་རབས་སྒྲུང་རྩོམ་གྲུབ་པའི་དུས་སུ་བོད་དུ་ཐུབ་པའི་བསྟན་པ་དར་ནས་ལོ་ངོ་སྟོང་ཕྲག་གི་ཡས་མས་འགོར་ཡོད་པས་མི་རྣམས་ཀྱི་བསམ་བློར་ཐུབ་བསྟན་པའི་ལྟ་བ་དག་གི་བག་ཆགས་གཏིང་ཟབ་མོ་ཆགས་ཡོད། ཅིག་ཤོས་ནི་རྩོམ་རིག་ཆ་ནས་ཡིན་ལ། བོད་ཀྱི་གནའ་རབས་སྒྲུང་རྩོམ་དང་རྩོམ་ལུས་ཤིན་ཏུ་ཉེ་བའི་ཐུབ་བསྟན་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་དེ་དག་ནི་ཐུབ་བསྟན་པའི་གྲུབ་མཐའ་ངེས་ཅན་རེ་དྲིལ་བསྒྲགས་བྱེད་རྒྱུ་ལས་འགོངས་མེད། གཏམ་རྒྱུད་དེ་རེ་རེའི་ནང་དུ་གྲུབ་མཐའ་རེ་རེ་གཉིས་རེ་འབུར་དུ་ཐོན་ནས་མཚོན་ཡོད་པ《མདོ་མཛངས་བླུན》དུའང་ཤིན་ཏུ་མངོན་གསལ་ཡིན་ཏེ། 《རྒྱལ་བོ་ཨ་ཤོ་ཀའི་ལེའུ》དང་།  《ལྷའི་རིན་ཆེན་གྱི་ལེའུ》། 《བྲམ་ཟེ་ཤི་ཙིར་བྱ་བའི་ལེའུ》། 《སྲིན་བུའི་རྒྱུན་བསྟན་པའི་ལེའུ》སོགས་སུ་ལས་འབྲས་རྩི་བའི་ལྟ་བ་སྟོན་པ་དང་། 《སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པའི་ལེའུ》། 《རྒྱལ་བོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ》སོགས་ཀྱིས་སྦྱིན་པ་བཏང་ནས་གཞན་ཕན་ཁོ་ནར་བསྔོ་བའི་ལྟ་བ་མཚོན་པ་དང་། 《ཀུན་ཏུ་རྒྱུས་ཚུལ་ཁྲིམས་སྲུང་བའི་ལེའུ》དང་། 《དགེ་ཚུལ་གྱིས་ཚུལ་ཁྲིམས་སྲུང་བའི་ལེའུ》སོགས་ཀྱིས་ཚུལ་ཁྲིམས་སྲུང་དགོས་པའི་ལྟ་བ་མཚོན་པ་ལྟ་བུའོ། ། འདི་ལྟར་གཏམ་རྒྱུད་རེ་རེར་གྲུབ་མཐའ་རེ་རེ་མཚོན་པའི་བཀོད་པ་དེས་བོད་ཀྱི་གནའ་རབས་སྒྲུང་རྩོམ་འབྲི་སྲོལ་ལ་ལད་མོ་བྱེད་སའི་མ་དཔེ་ཞིག་བཞག   ངེས་འབྱུང་གི་བསམ་བློ་ཡང་དེ་ལྟར་ཡིན་ཏེ། གོང་སྨྲས《དགེ་སློང་མ་ཨུད་པ་ལའི་ལེའུ》བྱ་བར་ཨུད་པ་ལ་བྱ་བའི་བུད་མེད་ཅིག་གི་སེམས་སྡུག་ཅིང་ཡིད་སྐྱོ་བའི་བྱུང་བ་བརྗོད་པ་ཡིན་མོད། དེའི་དམིགས་ཡུལ་ནི་མོའི་བྱུང་བ་དེ་དག་སྔོན་བསགས་ཀྱི་ལས་འབྲས་ཡིན་ཞིང་དེ་ལས་ཐར་བར་བྱེད་པའི་ཐབས་དམ་པ་ནི་ཁྱིམ་ལས་རབ་ཏུ་བྱུང་ནས་ཆོས་ཁོ་ན་མཛད་པ་དེ་ཡིན་པར་བསྟན་ཡོད། དེ་ཡང་རྩོམ་རིག་ནང་དུ་མཚོན་ཡོད་པའི་ངེས་འབྱུང་གི་བསམ་བློ་ཤ་སྟག་རེད། དེ་དང་དེ་མཚུངས་རྣམས་ནི་ངེས་འབྱུང་གི་བསམ་བློ་མཚོན་པའི་རྩོམ་རིག་ཐད་ཀྱི་འབྱུང་ཁུངས་ཡིན། བོད་ཀྱི་གནའ་རབས་སྒྲུང་རྩོམ་ནང་གི་ངེས་འབྱུང་གི་བསམ་བློ་ལ་གོང་སྨྲས་ཀྱི་འབྱུང་ཁུངས་འདི་གཉིས་ལས་ཀྱང་གལ་འགངས་ཆེ་བ་ཞིག་ཡོད་པ་ནི་གནའ་རབས་སྒྲུང་རྩོམ་འདི་དག་བྱུང་བའི་དུས་དེའི་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་དེ་དག་རེད། སྤྱིར་སྤྱི་ཚོགས་སྟེང་གི་དཔོན་ངན་གྱི་གདུག་རྩུབ་དང་གཡོ་ཅན་གྱི་དབྱེན་སྦྱོར། མི་ངན་གྱི་མཐོ་འཚམས་སོགས་ལ་ཡིད་སུན་ཞིང་ཞེ་སྡང་ནས་དེ་ལས་ངེས་པར་བྱུང་བའི་བསམ་བློ་སྐྱེས་ཏེ་གསང་སྡོད་བྱེད་པ་དང་དབེན་གནས་བསྟེན་པ་ནི་ཐུབ་བསྟན་པ་ཁོ་ནར་གཏོགས་པའི་བསམ་སྦྱོར་ཞིག་མ་ཡིན་ཏེ། གནའ་བོའི་རྒྱ་གར་གྱི་བྲམ་ཟེ་ཆོས་ལུགས་དང་བོད་ཀྱི་བོན་པོའི་ཆོས་ལུགས། རྒྱ་ནག་གི་ཏོ་སིའི་ཆོས་སོགས་ལའང་དེ་མཚུངས་ཀྱི་བསམ་སྦྱོར་ཡོད་པ་སྨྲས་མ་དགོས་སོ། ། ཕྲན་གྱི་ལྟ་ཚུལ་ལྟར་ན་གོང་སྨྲས་ཀྱི་མཚན་ཉིད་རིག་པ་དང་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་བཅས་ཀྱི་འབྱུང་ཁུངས་དེ་གཉིས་ནི་བོད་ཀྱི་གནའ་རབས་སྒྲུང་རྩོམ་དུ་མཚོན་པའི་ངེས་འབྱུང་གི་བསམ་བློ་ལ་མཚོན་ན་རྐྱེན་མ་གཏོགས་རྒྱུ་མ་ཡིན་པར། དེའི་རྒྱུ་ངོ་མ་ནི་སྒྲུང་རྩོམ་འདི་དག་བྱུང་བའི་བོད་གནའ་རབས་ཀྱི་སྐབས་བབ་ཀྱི་སྤྱི་ཚོགས་དེ་ཡིན་པར་སེམས། ཡིན་ན་ཡང་དེའི་རྒྱུ་རུ་མཐོང་བའི་བོད་གནའ་རབས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་རྣམས་ཞིབ་ཏུ་བརྗོད་ན་རྩོམ་འདིའི་བརྗོད་བྱ་གཙོ་བོ་དང་ཁ་འབྲལ་དགོས་པས་རེ་ཞིག་བཏང་སྙོམས་སུ་ཞོག
          བོད་ཀྱི་གནའ་རབས་སྒྲུང་གཏམ་དུ་ངེས་འབྱུང་གི་བསམ་བློ་ནི་གོང་སྨྲས་ལྟར་འབུར་ཐོན་དུ་མཚོན་ཡོད་ལ། དེ་མ་གཏོགས་པས་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་པ་རྣམས་ཀྱང་ཚད་མི་འདྲ་བར་མཚོན་པར་བྱས་ཡོད། དཔེར་ན། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དུ་རྩོམ་པར་བྱེད་པའི་ཀུན་སློང་ནི་འཁོར་བའི་གནས་འདི་འ་སྐྱོ་ཤས་དང་ངེས་འབྱུང་འཕེལ་བའི་ཕྱིར་ཡིན་པ་སྔོན་དུ་བཀོད་ཡོད་མོད། དེར་ད་རུང་ངེས་འབྱུང་མ་གཏོགས་པའི་ཆོས་ལུགས་ཀྱི་ལྟ་བ་ཡང་གང་མང་ཡོད་དེ། ཐོག་མར་སྒྲུང་རྩོམ་འདིའི་བརྗོད་བྱ་ནི་རྩོམ་པ་པོ་ཁྱབ་བདག་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རང་གི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལ་བརྟེན་ནས་ཁོ་རང་ཚེ་སྔ་མར་མགྲིན་སྔོན་ཟླ་བ་བྱ་བའི་ཁུ་བྱུག་ཅིག་གི་ལུས་ལ་གྲོང་འཇུག་མཛད་པའི་བྱུང་བ་བརྗོད་པ་ཡིན། དེའི་ཚེ་སྔ་ཕྱིའི་ལྟ་བ་དང་ཚེ་སྔ་མའི་བྱུང་བ་ཕྱི་མར་དྲན་ཐུབ་པའི་མངོན་ཤེས། སྲོག་དང་མི་ལྡན་པའི་ལུས་ཀྱི་ཕུང་བོ་ལ་གྲོང་འཇུག་མཛད་པའི་རྣམ་ཤེས་སྨྲ་བ་སོགས་ནི་ཆོས་ལུགས་ཀྱི་ལྟ་བ་ཤ་སྟག་རེད་ལ། ལས་དབང་སྨྲ་བའི་ལྟ་བ་ནི་དེ་བས་ཀྱང་མང་བར་སྒྲུང་རྩོམ་འདིའི་ཐོག་མཐའ་བར་གསུམ་དུ་ཤོག་གུ་སྣུམ་གྱིས་ཟིན་པ་ཇི་བཞིན་ནོ། ། རྩོམ་པ་པོས་མགྲིན་སྔོན་ཟླ་བ་ནི་མནར་གཅོད་མྱངས་པའི་མི་སྣ་ཞིག་ཡིན་ཞིང་སྡུག་བསྔལ་དེ་དག་གི་རྒྱུ་ནི་ཁོས་ཚེ་སྔ་མར་ཚོགས་ངན་པ་བསགས་པའི་རྐྱེན་ཡིན་པར་བྱས་ཡོད་དེ། བླ་མ་དྲི་མེད་དཔལ་ལྡན་གྱིས་མགྲིན་སྔོན་ཟླ་བས་མནར་གཅོད་འདི་འདྲ་མྱངས་པའི་རྒྱུ་སྟེ་སྔོན་བསགས་ཀྱི་ལས་ཐམས་ཅད་ཞིབ་ཏུ་བསྙད་པས་ཁོའི་རྒྱལ་པོའི་ཕོ་བྲང་དུ་ཕྱིར་ལོག་པའི་འདུན་པ་རྫོགས་ཤིང་། ཚེ་སྔ་མའི་དམ་བཅར་མི་འགལ་བའི་ཆེད་དུ་བློ་བདེ་བག་ཕེབ་ཀྱི་ངང་ནས་ནགས་ཁྲོད་དུ་བསྡད་དེ་དུད་འགྲོ་དང་འདབ་ཆགས་རྣམས་ལ་ཆོས་འཆད་ཐར་བའི་ལམ་དུ་འདྲེན་པར་བྱས་པའི་བཀོད་པ་དེ་དག་གིས་མགྲིན་སྔོན་ཟླ་བ་དེ་དད་འདུན་པ་རྣམ་དག་ཅིག་གི་གཟུགས་བརྙན་དུ་བསྒྲུབས་ཏེ། མི་རྣམས་ལ་ཕྱི་རྒོལ་དང་འཐབ་རྩོད་ཅི་ཡང་མི་བྱེད་པར་ལས་དབང་ཁོ་ན་རྩི་ཞིང་དེར་མགོ་སྒུར་བའི་གཉོམ་ཆུང་ནུས་མེད་ཀྱི་མ་དཔེ་ཞིག་བསྟན་ཡོད། དེ་མཚུངས་ཀྱི་བསམ་བློའི་འབྱུང་ཁུངས་ནི་མཚན་ཉིད་རིག་པའི་ཆ་ནས་ཆོས་ལུགས་ལ་གཏུགས་དགོས་པ་བཤད་མ་དགོས་ལ། རྩོས་རིག་གི་ཆ་ནས་ཀྱང་སཾསྐྲྀ་ཏའི་རྩོམ་རིག་ཏུ་རྒྱུན་བསྟུན་རྒྱུ་མངོན་གསལ་རེ་ཡོད་དེ། 《ཀུན་ཏུ་རྒྱུས་ཚུལ་ཁྲིམས་སྲུང་བའི་ལེའུ》རུ་ཁྲིམས་སྲུང་མཁན་ཚེ་འཕོས་ནས་རྒྱལ་བོར་སྐྱེས་ཤིང་ཁྲིམས་འཆོལ་མཁན་ཚེ་འཕོས་ནས་ཀླུ་རུ་སྐྱེས་བ་སོགས་རྣམ་ཤེས་དང་ལས་འབྲས་ཀྱི་ལྟ་བ་མཚོན་པ་དང་། 《རྒྱལ་བོ་ཨ་ཤོ་ཀའི་ལེའུ》དང《དགེ་སློང་མ་ཨུད་པ་ལའི་ལེའུ》སོགས་སུ་སྔོན་བསགས་ཀྱི་ལས་རྣམ་པར་སྨིན་ངེས་པ་དང་དེ་བཟློག་ཏུ་མེད་པའི་དོན་པསྟན་པ་སོགས་ཤིན་ཏུ་མང་ངོ་། །  
          (གསུམ་པ )《སྙན་ངག་མེ་ལོང》ནང་གི་འདོད་བྱའི་གཏམ་དང་དེའི་དགེ་མཚན་མ་ཡིན་པའི་བསམ་བློའི་ཤན་ཞུགས་པ། 
          སློབ་དཔོན་དབྱུག་པ་ཅན་གྱིས་བྱས་པའི《སྙན་ངག་མེ་ལོང》བོད་དུ་བསྒྱུར་ནས་བོད་ཀྱི་རྩོམ་རིག་ལ་དགེ་མཚན་དང་ལྡན་པའི་ནུས་པ་རྒྱ་ཆེན་པོ་ཐོན་པ་ནི་སུས་ཀྱང་བསྙོན་དུ་མེད་པའི་ལོ་རྒྱུས་ཡིན་མོད། འོན་ཀྱང་དེར་དེ་ལས་ལྡོག་པའི་ནུས་པ་ཞིག་ཀྱང་ཡོད། དེ་ནི་མེ་ལོང་མའི་དཔེ་བརྗོད་ནང་གི་འདོད་པའི་གཏམ་ལ་སྦྱར་བའི་དཔེ་བརྗོད་དེ་དག་དང་དེ་དག་གི་ལྡོག་ཕྱོགས་ཀྱི་ནུས་པ་དེའོ། ། མེ་ལོང་མའི་དཔེ་བརྗོད་དུ་འདོད་པའི་གཏམ་ལ་སྦྱར་བ་དཔེར་ན་ལེའུ་གཉིས་པའི་དང་པོའི་ཡོན་ཏན་རང་བཞིན་བརྗོད་པའི་དཔེ་བརྗོད་དུ། “དགའ་མ་ཡི་ནི་རེག་པ་འདིས། ། ལུས་ལ་སྤུ་ལོང་རྒྱས་པ་དང་།  ། ཡིད་ནི་བདེ་བར་བྱེད་པ་དང་། ། མིག་དག་ཟུམ་པར་བྱེད་ཅིང་འཇུག། ”ཅེས་པ་དང་། དེ་མ་གཏོགས་པའི་དཔེ་བརྗོད་ཀྱང་མང་པོ་ཞིག་མཛེས་མའི་བཞིན་རས་དང་སྒེག་ཉམས། ཕུག་རོན་ལ་སོགས་པའི་འཁྲིག་སྤྱོད་སོགས་སུ་སྦྱར་ཡོད་པས་ཕྱིས་འཇུག་བོད་ཀྱི་མཁས་པ་རྣམས་ལ་བརྗོད་བྱ་འདོད་པའི་གཏམ་དུ་སྦྱོར་བའི་མ་དཔེ་བཙུགས། ཕྱིས་སུ་མེ་ལོང་མར་འགྱུར་བཅོས་དང་སྦྱང་བརྩོན་བྱས་ནས་དེ་བོད་དུ་རྒྱ་ཆེན་པོར་དར་ཞིང་རིམ་གྱིས་རྐང་ཚུགས་པས། དེའི་འདོད་པའི་གཏམ་ལ་སྦྱོར་བའི་སྲོལ་ཡང་སྔ་མ་ལས་ཇེ་མང་དུ་དར།  དཔེར་ན། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་བྱས་པའི《དཎྜིའི་དགོངས་རྒྱན》དུ་སྔ་ན་མེད་པའི་དངོས་རྒྱུའི་དཔེ་བརྗོད་དུ། “མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང་། ། གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ།  །  ཡལ་འདབ་ལྔ་བའང་ངལ་བར་བྱས་མིན་པར། ། དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།  ། ”ཞེས་པ་དང་། ལོ་ཆེན་དྷརྨཱ་ཤྲིས་བྱས་པའི《སྙན་ངག་གི་དཔེ་བརྗོད་ཨུཏྤལའི་ཆུན་པོ》བྱ་བའི་ལེའུ་དང་པོའི་སྒྲ་དོན་གཉིས་ཀ་ལ་སྤང་བ་གཉིས་ཀྱི་དང་པོ་སྤང་བ་དོན་གྱི་གྲོང་ཚིག་གི་དཔེར་བརྗོད་དུ། “ཉལ་ནས་མི་སྡོད་ཀ་བ་ལྟར་ལངས་པའི། ། ཤ་མེད་རུས་པའི་ལག་ཐོགས་ཕོ་མཚན་འདིས།  ། ཏོག་ཏུ་བུད་མེད་གཞོན་ནུ་དྲན་དུ་བཅུག། དེར་ཕྱིར་བསམ་པ་དེ་ལས་གཞན་མི་འཆར།  ། ”ཞེས་པ་དང་།  ཡང་། ཚིག་དོན་ཐ་དད་དུ་གོ་བ་ངག་ཚིག་གི་དོན་ཞུགས་པའི་གྲོང་པའི་དཔེ་བརྗོད་དུ། 
          “རབ་མྱོས་དམར་བའི་བཞིན་གསལ་བའི། ། སྐྱེས་བུས་ཤུགས་དྲག་རྡོ་རྗེ་ཆེ།  ། ། གཞན་ལ་ལན་བརྒྱར་བསྣུན་པ་ཡིས། རང་འདོད་ཟུག་རྔུ་མ་བཟོད་འཁུན།  ། ”ཞེས་པ་ལྟ་བུའོ།  ། དེ་མ་ཚུངས་ཀྱི་དཔེ་བརྗོད་ད་རུང་མཁས་པ་གཞན་པའི་རྩོམ་ལས་ཀྱང་མང་ལ། དེ་དག་ཐམས་ཅད་མེ་ལོང་མའི་རྩ་བའི་དཔེ་བརྗོད་ཀྱི་རྗེས་སུ་འབྲངས་པ་ཡིན་པ་གོར་མ་ཆགགོང་སྨྲས་ཐམས་ཅད་སྙན་ངག་གི་སྐོར་དུ་བཤད་པ་ཡིན་ལ། འདོད་པའི་གཏམ་ལ་སྦྱོར་བའི་སྲོལ་འདི་བོད་ཀྱི་གནའ་རབས་སྒྲུང་རྩོམ་དུ་འཕྲོས་པ་ནི་གོང་སྨྲས་དེ་དག་ལས་ཀྱང་ཐལ་ཆེ་བར་གྱུར་ཏེ། ཚིག་གི་སྒྲིབ་བྱེད་ཅི་ཡང་མེད་པར་འཁྲིག་སྤྱོད་ཀྱི་ཉམས་འགྱུར་ཐམས་ཅད་དམར་རྗེན་དུ་ཐོན་པར་བྱས་ཡོད་དེ། དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དུ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་འདུས་པའི་སྐབས་སུ། “འཇམ་མཉེན་ལག་པད་རེག་པ་གསར་བ་ཡིས། ། མགྲིན་ནས་འཁྱུད་པས་ཡང་དག་བཅིངས་གྱུར་ཅིང་། ། བིམ་པའི་མཆུ་འདབ་སྦྱོར་བའི་རྣམ་འགྱུར་གྱིས།  ། མཚམས་སྦྱོར་ཕོ་ཉའི་བྱ་བ་རྫོགས་པར་བྱས། ། དེ་ནས་ཆུ་ཤིང་ལྟར་མཁྲང་དཀར་ཟླུམ་གྱི།  ། བརླ་སྒོ་ཤིན་ཏུ་ཡངས་པའི་སྐབས་ཕྱེ་ནས། ། དགའ་སྐྱེད་པད་མོ་ཅན་གྱི་ཆུ་མཚོ་ལ།  ། གཞོན་ནུ་ངང་པའི་རྒྱལ་བོ་བདེ་བར་ཞུགས། ། ལང་ཚོའི་ལྗོན་པར་རབ་རྒྱས་མཚར་སྡུག་གི ། མེ་ཏོག་རྣམ་པར་བཀྲ་བའི་དགེ་མཚན་ལ། ། དགའ་མའི་ལུས་མཛེས་གསར་བའི་འཁྲི་ཤིང་གིས།  ། འཁྲུལ་བག་ཆགས་པས་ལོངས་སུ་སྤྱད་པར་གྱུར། ། ”ཞེས་ཞིབ་ཏུ་བཀོད་པ་ལྟར་རོ། ། སྤྱིར་མེ་ལོང་མའི་དཔེ་བརྗོད་དུ་སྦྱར་བའི་འདོད་པའི་གཏམ་ནི་ཧ་ཅང་དམར་རྗེན་དུ་ཐོན་པ་དང་འཁྲིག་སྤྱོད་ཁོ་ནའི་ཚིག་ཏུ་བྱས་པ་མེད་པས་གོང་སྨྲས་བོད་ཀྱི་དཔེ་བརྗོད་དང་སྒྲུང་རྩོམ་དང་བསྡུར་ན་ཅུང་ཟད་བག་ཡོད་པར་འདུག་མོད། འོན་ཀྱང་ཕྱི་མ་རྣམས་ཀྱིས་འདོད་པའི་གཏམ་དུ་སྦྱར་ནས་བརྗོད་པའི་སྲོལ་དེ་དག་ནི་མེ་ལོང་མར་འདོད་པའི་གཏམ་དང་ལྷག་པར་དུ་བུད་མེད་དང་མཛེས་མ་བརྗོད་བྱ་བྱས་ནས་སྦྱར་བའི་དཔེ་བརྗོད་ཕོན་ཆེན་པོ་འཛུག་པ་དེ་དག་གི་ལད་མོ་དང་རྒྱུན་བསྟུན་བྱས་པ་ཡིན་པས་ཕྱི་མ་རྣམས་སྔ་མ་ལས་འཕྲོས་པ་ཡིན་པ་ཡང་བསྙོན་དུ་མེད་པའོ། ། མི་རིགས་གཞན་ཞིག་གི་རིག་གནས་དང་ལེན་བྱེད་ན་དེའི་དགེ་མཚན་ལྡན་པའི་ཕྱོགས་དང་ལེན་བྱེད་པའི་ཞོར་དུ་ལྡོག་ཕྱོགས་པ་རྣམས་བཀག་སྡོམ་དང་འདོར་བར་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ཞིང་བྱེད་དཀའ་བའི་ལས་ཤིག་ཀྱང་ཡིན། འདིར་བཤད་པའི་འདོད་པའི་གཏམ་དུ་སྦྱར་བའི་ཚིག་སྤྱོར་དག་ནི་རྒྱ་གར་གནའ་རབས་ཀྱི་འོད་སྟོང་འབར་བའི་རྩོམ་རིག་ནང་གི་ནད་དང་དྲེག་རེད་ལ། བོད་མི་རིགས་ཀྱིས་དེའི་ལེགས་ཆ་དང་ལེན་བྱས་པ་དང་དུས་མཉམ་དུ་ནད་དང་དྲེག་དེ་དག་སྡོན་འགོག་དང་བཀག་སྡོམ་མ་བྱས་པར་མ་ཟད། ད་དུང་དེར་མཐུན་རྐྱེན་བསྒྲུབས་ནས་ཚད་ངེས་ཅན་རེ་འཕེལ་རྒྱས་བྱུང་བར་བྱས་ཡོད། དེ་ནི་ཤིན་ཏུ་མི་རིགས་པའི་གནས་ཤིག་ཡིན་པར་སེམས།  
མཇུག་བསྡུ་བའི་གཏམ།
          བོད་དུ་འགྱུར་བའི་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་མང་ཆེ་ཤོས་ཐུབ་པའི་བཀའ་བསྟན་དུ་ཡོད། ཐུབ་པའི་བསྟན་པ་དར་བ་དང་བསྟུན་ནས་དེའི་མི་རིགས་མང་པོའི་རྩོམ་རིག་ལ་ཤན་ཐེབས། དེ་མཚུངས་ཀྱི་དཔེ་ནི་ཆོས་ལུགས་གཞན་པ་དང་མི་རིགས་གཞན་པའི་རྩོམ་རིག་ལོ་རྒྱུས་སུའང་སྟོན་རྒྱུ་ཡོད་དེ། ཨོ་རོད་དང་ཨ་ལ་པོའི་གླེང་གཉིས་ཀྱི་མི་རིགས་ཁག་གི་རྩོམ་རིག་ལ་ཡེ་ཤུའི་ཆོས་ལུགས་ཀྱི《དམ་པའི་གསུང་རབ》དང་དབྱི་སི་ལན་ཆོས་ལུགས་ཀྱི《ཁོ་རན་གསུང་རབ》ཀྱི་ཤན་གཏིང་ཟབ་མོ་ཞུགས་ཡོད་པ་དེ་ཡང་དེ་བཞིན་ནོ། ། བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པ་ནི་ཕྱོགས་མང་ཞིང་གཏིང་ཟབ་མོ་ཞིག་རེད། དེ་ལ་མི་རིགས་གཞན་པ་དང་མི་མཚུངས་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གཏིང་ཟབ་མོ་དང་སྤྱི་ཚོགས་ཀྱི་དོན་སྙིང་རྒྱ་ཆེན་པོ་ཡོད། ཐོག་མར་ཐུབ་པའི་བཀའ་བསྟན་བོད་དུ་མ་འགྱུར་བའི་གོང་དུ་བོད་ལ་སྒྲུང་རྩོམ་རིང་མོ་ལ་སོགས་པའི་རྩོམ་རིག་ཡི་གེར་བཀོད་པ་ཞིག་ད་ཡོད་ཀྱི་རྒྱུ་ཆ་ལས་མཐོང་རྒྱུ་མ་བྱུང་། དེ་བས། ཕྱིས་སུ་བྱུང་བའི་སྒྲུང་རྩོམ་རིང་མོ་རྣམས་བོད་རང་གི་རྩོམ་པ་པོ་ཚོའི་རིག་པའི་རྩལ་ལས་ཐོན་པ་ཡིན་མོད། དེ་དག་ཏུ་ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་ཀྱི་སྐད་ཆའི་སྒྱུ་རྩལ་དང་ཆོས་ལུགས་ཀྱི་གྲུབ་མཐའ་བཀོད་སྲོལ་རྣམས་ལ་ལད་མོ་བྱས་ཡོད་པ་ཡང་ཁས་འཆེས་དགོས་པའི་ལོ་རྒྱུས་རེད། བོད་རང་ལ་རང་གི་འབྲི་སྲོལ་གྱི་རྒྱུན་ཞིག་བསྐྱང་རྒྱུ་མེད་པའི་སྐབས་སུ་ལག་སྣེར་ཡོད་པའི་ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་འདི་དག་ལ་ལད་མོ་མི་བྱེད་ཀ་མེད་རེད། རྒྱ་ནག་ལ་མཚོན་ན་དེ་ལྟ་མ་ཡིན་ཏེ། ཏུང་ཧན་རྒྱལ་རབས་སུ་ཐུབ་པའི་བསྟན་པ་རྒྱ་ནག་ཏུ་དར་བའི་སྐབས་སུ་རྒྱ་ནག་ལ་ཡི་གེ་ལྟ་ཅི། རིག་གནས་རྒྱ་ཆེན་པོར་དར་ཡོད་པ་མ་ཟད་རིག་གཞུང་གི་གྲུབ་མཐའ་ཡང་མང་པོ་བྱུང་ཡོད་ལ། རང་རང་གི་རིག་གནས་ཀྱི་རྒྱུན་བསྐྱང་རྒྱུ་ཡོད་པས་དེའི་རྩོམ་རིག་ལའང་ཐུབ་པའི་བཀའ་བསྟན་ནང་གི་རྩོམ་རིག་གི་ཤན་ཞུགས་ཡོད་རུང་བོད་ལྟར་གཏིང་ཟབ་ཅིང་རྒྱ་ཆེན་པོ་ཞིག་མ་ཡིན་པར་མཐོང་།  
          བོད་ཀྱི་སྒྲུང་རྩོམ་ལ་ཤན་ཞུགས་པ་དེ་ཐུབ་པའི་བསྟན་བཅོས་ནང་གི་གཏམ་རྒྱུད་འགའ་རེ་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་ས་བོན་དུ་གྱུར་པ་ཙམ་གྱིས་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བ་ནི་སཾསྐྲྀ་ཏའི་སྐད་ཀྱི་རྩོམ་རིག་གི་བྱུང་རིམ་དང་མི་སྣ། ཡུལ་ལྗོངས་སོགས་ཞིབ་བྲིས་བྱས་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་དེ་དག་ཕྱི་རབས་བོད་ཀྱི་སྒྲུང་རྩོམ་གསར་རྩོམ་བྱེད་པའི་མ་དཔེ་རུ་གྱུར་པ་དེ་ཡིན། དེས་མ་ཚད་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྲུབ་པའི་དུས་ནི་མེ་ལོང་མ་བོད་དུ་འགྱུར་ཞིང་དར་བའི་རྗེས་ཡིན་པས་དེས་ཀྱང་བོད་ཀྱི་སྒྲུང་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་ལ་ཤན་གཏིང་ཟབ་མོ་ཞུགས་ཡོད་དེ། སྔར་ལས་ལྷག་པར་ཚིག་སྦྱོར་ཕུན་ཚོགས་ཤིང་མཛེས་བྱེད་རྒྱན་གྱིས་སྤུད་པ་མང་བར་གྱུར། ཡིན་ན་ཡང་། སྐད་ཆའི་སྒྱུ་རྩལ་གྱི་ཆ་ནས་བོད་རང་གི་དམངས་ཁྲོད་ཀྱི་ངག་གིས་འཆད་ཅིང་དབྱངས་སུ་གྱེར་བའི་སྒྲུང་རྩོམ་སོགས་ཀྱི་ཤན་ཞུགས་པ་ཡང་བཅོས་སུ་མེད་པའི་དོན་དངོས་ཡིན། བསམ་བློའི་འདུ་ཤེས་ཀྱི་ཆ་ནས་ཀྱང་གོང་སྨྲས་ལྟར་ཡིན་ཏེ། ངེས་འབྱུང་གི་བསམ་བློས་གཙོས་པའི་ཐུབ་བསྟན་པའི་གྲུབ་མཐའ་མང་པོ་ཞིག་དང་། རྒྱ་གར་བྲམ་ཟེའིརིགས་རུས་ཀྱི་ལམ་ལུགས་དང་དེའི་མཆོག་དམན་གྱི་ལྟ་བ་སོགས་བསམ་བློའི་འདུ་ཤེས་མི་འདྲ་བ་སྣ་ཚོགས་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་བོད་དུ་འགྱུར་བ་དང་བསྟུན་ནས་བོད་མི་རིགས་ཀྱི་འདྲེན་བྱེད་ཡུལ་དུ་གྱུར། དེ་དག་བོད་རང་གི་ཡུལ་གྱི་བསམ་བློའི་འདུ་ཤེས་དང་སྤྱི་ཚོགས་ཕྱི་ཚུལ་གྱི་དོན་དངོས་ལ་འདྲེས་ནས་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་བསམ་བློའི་ནང་དོན་གཙོ་བོར་གྱུར་པ་རེད། སཾསྐྲྀཏའི་རྩོམ་རིག་གི་རྩོམ་ལུས་མཐའ་དག་ནང་ནས་བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་ཤན་ཐེབས་པའི་ཚད་ཆེས་ཆེ་བ་ནི་ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་དེ་དག་ཡིན་ལ། དེའི་ཧུར་བརྩོན་གྱི་རང་བཞིན་ལྡན་པའི་འཆར་ཡན་རིང་ལུགས་ཀྱི་རྩོམ་འབྲི་ཐབས་ཀྱིས་ཕྱིས་བྱུང་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྲུབ་པ་ལ་ནུས་པ་གལ་འགངས་ཆེ་བ་ཐོན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་དེ་གཉིས་ཀྱི་རྩོམ་ལུས་ཉེ་བ་སྟེ་གཏམ་རྒྱུད་ནི་སྒྲུང་རྩོམ་གྱི་སྔ་མ་ཡིན་པས་སོ། ། དེ་གཏམ་རྒྱུད་འགའ་རེ་སྒྲུང་རྩོམ་གྱི་ས་བོན་དུ་གྱུར་པ་ཁོ་ནས་མ་ཡིན་པར་རྩོམ་ལུས་ཀྱི་ཆ་ནས་སྒྲུང་རྩོམ་ནི་དང་ཐོག་གཏམ་རྒྱུད་དང་ངག་རྒྱུན། ལྷ་སྒྲུང་སོགས་ལས་འཕེལ་རྒྱས་བྱུང་ནས་གྲུབ་པ་ཡིན་པས་སོ། ། བོད་དུ་འགྱུར་བའི་སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་རྣམས་《རཱ་མ་ཎའི་རྟོགས་བརྗོད》མ་གཏོགས་གཞན་ཐམས་ཅད་ཐུབ་པའི་བཀའ་བསྟན་དུ་འདུས་ནས་འགྱུར་བ་ཡིན་པས་དེར་ཆོས་ལུགས་ཀྱི་གྲུབ་མཐའ་གང་མང་ཞུགས་ཡོད་པ་དང་། དེའི་ཤན་ཞུགས་ཡོད་པའི་བོད་ཀྱི་གནའ་རབས་སྒྲུང་རྩོམ་གྲུབ་པའི་དུས་སུ་བོད་ལ་ཡང་ཐུབ་པའི་བསྟན་པ་རྒྱ་ཆེན་པོར་དར་ཡོད་པས། བོད་ཀྱི་གནའ་རབས་སྒྲུང་རྩོམ་ལ་ཡང་རྩོམ་ལུས་གཞན་པ་རྣམས་དང་འདྲ་བར་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་ཞུགས་ཡོད་པ་ནི་དོར་འོས་པའི་ལོ་རྒྱུས་ཀྱི་སྙིགས་མ་ཡིན། དེ་བས། བོད་ཀྱི་གནའ་རབས་སྒྲུང་རྩོམ་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་གང་གི་ཐད་ནས་ཀྱང་ཕྱི་ནང་ཟུང་དུ་འབྲེལ་ཞིང་བཅུད་སྙིགས་མཉམ་དུ་གནས་པའི་རྩོམ་ལུས་ཤིག་རེད། 
            1 མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》། 
            2 ཁྱབ་བདག་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》། 
            3  སྡིངས་ཆེན་སྙོན་པ་ཚེ་རིང་དབང་འདུས་ཀྱི《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》། 
            4  རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱི《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》། 
            5 《སྣང་ས་འོད་འབུམ་གྱི་རྣམ་ཐར》། 
            6  《མཁའ་འགྲོ་བ་འགྲོ་བ་བཟང་མོའི་རྣམ་ཐར》། 
            7  《བྲམ་ཟེ་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར》། 
            8 《རྒྱ་བཟའ་ཀོང་ཇོའི་རྣམ་ཐར》། 
            9 《པད་མ་འོད་འབར་གྱི་རྣམ་ཐར》། 
            10 《གཅུང་པོ་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར》། 
            11 《མཛངས་བླུན་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》། 
            12 རྗེ་བོ་དཔལ་དགའ་བའི་ལྷའི《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》། 
            13 སྡེ་དགེ་དཔར་མའི《བཀའ་འགྱུར》གྱི《མདོ་སྡེ》ཨ་དམ་པ། 
            14 སྡེ་དགེ་དཔར་མའི《བཀའ་འགྱུ་ར》གྱི《འདུལ་བའི》བམ་པོ་ཁ་བ། 
            15 སྡེ་དགེ་དཔར་མའི《བསྟན་འགྱུར》གྱི་ཁེ་དུམ་པར་བཞུགས་པའི་དགེ་བའི་དབང་བོས་བྱས་པའི་
              《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་》། 
                             རྒྱ་ཡིག་གི་སྐོར། 
            16 སྐུ་ཞབས་ལུའུ་ཞུན་གྱི《ཀྲུང་གོའི་སྒྲུང་རྩོམ་གྱི་ལོ་རྒྱུས་བསྡུས་པ》། 
            17 པེ་ཅིན་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སློབ་སྐོར་གྱིས་བརྩམས་པའི《ཀྲུང་གོའི་སྒྲུང་རྩོམ་གྱི་ལོ་རྒྱུས》། 
            18 ཧྭ་ཞུན་སོགས་ཀྱིས་བརྩམས་པའི《རྒྱ་གར་གྱི་ལོ་རྒྱུས》། 
            19 ལིན་ཡ་ཀོང་གིས་གཙོ་བསྒྲིགས་བྱས་པའི《ཕྱི་གླིང་རྩོམ་རིག་གི་ལོ་རྒྱུས་རགས་གསལ》། 
            20 ཅིན་ཁི་མོའི《སཾསྐྲྀཏའི་སྐད་ཀྱི་རྩོམ་རིག་གི་ལོ་རྒྱུས》། 
            21 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》། 
            22 མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》། 
            23 ཞུས་མཱ་ཡུན་ཀ་ཕུར་གྱིས་བརྩམས་པའི《རྒྱ་གར་གྱི་ཤུལ་བཞག་རིག་གནས》། 
            24 ཁྲུའུ་པིན་ཇེའི《ཀྲུང་གོ་གནའ་རབས་ཀྱི་རྩོམ་ལུས་རགས་བཤད》། 
            25 ཁྲང་རིན་ཞས་བསྒྲིགས་ཤིང་མཆན་བཏབ་པའི《ཐུབ་པའི་བཀའ་བསྟན་ནང་གི་རྩོམ་རིག་གཏམ་རྒྱུད་བདམས་བསྒྲིགས》། 
            26 ཀེན་ཡུ་ཧྥང་སོགས་ཀྱིས་བསྒྱུར་བའི《ཐུབ་པའི་བཀའ་བསྟན་ནང་གི་གཏམ་རྒྱུད་བདམས་བསྒྲིགས》། 
            27 དྲང་སྲོང་གྲོག་མཁར་གྱིས་བརྩམས་པའི《རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད》། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1