2018ལོའི་ཛམ་བྷ་ལའི་དུས་སྟོན་གྱི་གནས་ཚུལ་རགས་བཀོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-22


      འཛམ་ཐང་རིག་གནས་ཀྱི་ཤན་སྟོབས་དང་གྲགས་ཚད་ཇེ་མཐོར་གཏོང་ཆེད། འཛམ་ཐང་རྫོང་གིས་ལོ་རེ་རེར་ཛམ་བྷ་ལའི་དུས་སྟོན་སྤེལ་གྱིན་ཡོད་ལ།  ཛམ་བྷ་ལའི་དུས་སྟོན་དེ་རྒྱལ་ཕྱི་ནང་དུ་གྲགས་པ་ལྡིར་བའི་དམངས་སྲོལ་དུས་ཆེན་ཞིག་ཏུ་བསྒྱུར་བར་འབད་པ་ཤ་ཐང་བྱས་ནས། འཛམ་ཐང་རྫོང་ནི་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་འབྲེལ་མཚམས་ཀྱི་ཆོས་ལུགས་རིག་གནས་ཀྱི་ལྗོངས་རྒྱུའི་གནས་མཆོག་ཅིག་དང་། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཉར་ཚགས་ལྟེ་བ་དང། སྣ་མང་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་ས་ཞིག་ཏུ་བསྐྲུན་འཆར་འདུག

      ད་ལོའི་ཛམ་བྷ་ལའི་དུས་སྟོན་ཚེས16ནས18བར་གྱི་ཉིན་གསུམ་གྱི་རིང་ལ་སྤེལ་ཅིང་། མེ་ཕུང་དགོང་ཚོགས་དང་། སྐོར་སྐྱོད་འཁྲབ་སྟོན། གཟེངས་བསྟོད་མཛད་སྒོ། གྲུབ་འབྲས་འགྲེམ་སྟོན། ཟློས་གར་འཁྲབ་སྟོན། རིག་རྩལ་འཁྲབ་སྟོན། རྟ་རྒྱུག་འགྲན་སྡུར། ལྟ་སྐོར་ཉམས་ཞིབ་བཅས་བྱ་འགུལ་རྣམ་པ་བརྒྱད་ལས་མཁའ་དབྱིངས་ཀྱི་དག་ཞིང་ཛམ་བྷ་ལའི་སྒེག་ཉམས་མ་ལུས་མི་ཡུལ་དུ་བཀྲམ།  


1.མེ་ཕུང་དགོང་ཚོགས།
     ཟླ་8པའི་ཚེས་16ཉིན་གྱི་དགོང་མོར། ཡིད་དབང་འཕྲོག་པའི་འཛམ་ཐང་། རབ་ཏུ་དགའ་བའི་མཚན་མོ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་2018ལོའི་ཛམ་བྷ་ལའི་དུས་སྟོན་གྱི་མེ་ཕུང་དགོང་ཚོགས་དེ་འཛམ་ཐང་རྫོང་གི་སྲིད་གཞུང་ཐང་ཆེན་དུ་དངོས་སུ་སྤེལ།
      བོད་མི་རང་གི་རྟེན་འབྲེལ་སྤེལ་ལུགས་ལྟར་དུ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་བསང་རླུང་རྟའི་ཀི་འབོད་དང་རྡོ་ཁོག་ཡུལ་ཚོའི་རི་ཁོག་སྡེ་བའི་རྒན་པོ་ཚེ་རང་ཐར་གྱིས་ཆང་མཆོད་འབུལ་བ་སོགས་བཀྲ་ཤིས་པའི་སྨོན་ཚིག་དང་ཁ་ལས་རླུང་རྟ་དར་བའི་རྟེན་འབྲེལ་ཐོག་མར་བསྒྲིགས་ཤིང་མགོ་ཚུགས་མཛད་སྒོར་དབུ་ཁྱུད་བྲིས་ཤིང་དེར་མཐུད་ནས་གླུ་དང་གར་གྱི་རྒྱ་མཚོ་འཁྱིལ།
        མེ་ཕུང་དགོང་ཚོགས་ཀྱི་མཐའ་མཇུག་ཏུ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་དང་ཡུལ་མི་རྣམས་མཉམ་གཅིག་ཏུ་ཛམ་བྷ་ལའི་ཐང་དུ་འཛོམས་ཤིང་མི་ཚོགས་ཀྱི་རྒྱ་མཚོ་འཕྱུར་ཏེ། ལག་རྡང་སྦྲེལ་ནས་བཀྲ་ཤིས་པའི་སྐོར་བྲོ་འཁྲབ། མི་རྣམས་ཀྱིས་དབྱངས་རྟའི་འགྱུར་བག་དང་བསྟུན་ཏེ་ཡིད་དུ་འོང་པའི་གར་གྱི་སྟངས་སྟབས་ལས་ཛམ་བྷ་ལའི་སྐོར་བྲོའི་ཐུན་མིན་ཁྱད་ཆོས་མངོན་པར་བྱས་ཤིང་། བདེ་ལྕག་འཁྱུག་པའི་གོམ་སྟབས་ལས་ཛམ་བྷ་ལའི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ཡིད་ཆེས་ཀྱང་བསྟན་བྱུང་།
2.སྐོར་སྐྱོད་འཁྲབ་སྟོན།
     ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། བསང་དུད་དགུང་དུ་འཕྱུར་བའི་ལྷ་བསང་བཏང་ཞིང་། གཙང་ཆབ་སྔོན་མོ་དང་འབྲུ་རིགས་སྣ་ལྔས་མཆོད་པ་ཕུལ་ཏེ། ཡུལ་མི་རྒན་པ་གསུམ་གྱིས་བཀྲ་ཤིས་པའི་མཆོད་ཚིག་ངག་ཏུ་བཟླས་ཤིང་རྟེན་འབྲེལ་གྱི་སྒོ་མོ་ཕྱེས།
     རྒན་མགོ་དཀར་ནས་གཞོན་སོ་དཀར་བར་དང་། དགོན་གྲོང་གཉིས་དང་ལས་ཁུངས་སོ་སོའི་འཐུས་ཚབ་པ་སོགས་ཕྲེང་ཁག18ཀྱི་མི་སྣས་ལུས་ལ་གཟབ་འཆོར་སྤྲས་ཤིང་། ལག་ཏུ་མེ་ཏོག་དང་དར་ཁ། ཕྱག་མཚན། དར་ཆ་སོགས་ཐོགས་ཏེ། མཉམ་གཅིག་ཏུ་མི་ལ་ན་ཚ་མེད་ཅིང་། ཕྱུག་ལ་གོད་ཁ་མེད་པར། ལོ་ཕྱུག་རྟག་ཏུ་འཕེལ་ཞིང་། དགའ་བདེའི་དཔལ་གྱིས་ཁྱབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
3.གཟེངས་བསྟོད་མཛད་སྒོ།
      2018ལོ་ནི་འཛམ་ཐང་རྫོང་ཚུགས་ནས་ལོ་འཁོར60ལོན་པའི་ལོ་རེད། ཚེས17ཉིན་གྱི་སྔ་དྲོར། འཛམ་ཐང་རྫོང་གིས་ཛམ་བྷ་ལའི་དུས་སྟོན་གྱི་རྣམ་པས། འཛམཐང་རྫོང་གི་ལོ་རྒྱུས་ལས་དུས་རབས་དབྱེ་བའི་དོན་སྙིང་ལྡན་པའི་དོན་ཆེན་དག་ལ་རྗེས་དྲན་ཞུས་ཤིང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ཚོགས་པ་དང་མི་སྒེར། ཛམ་བྷ་ལའི་མི་བཟང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་སོགས་ལ་གཟེངས་བསྟོད་གནང་།

       གཞན་དུ་ཁུལ་དཔོན་དབྱང་ཁེ་ལིང་སོགས་འགོ་ཁྲིད་རྣམས་ཀྱིས་འཛམ་ཐང་རྫོང་ལ་རྒྱལ་ཁབ་རིམ་པའི་ན་མོ་ཆེ་རླན་སའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཀྲུང་གོའི་བོད་ཀྱི་དམངས་ཁྲོད་རིག་གནས་ཞིབ་འཇུག་དང་སྲུང་སྐྱོང་། རྒྱུད་འཛིན་བཅས་ཀྱི་རྟེན་གཞི། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས། སི་ཁྲོན་ཞིང་ཆེན་གྱི་རྫོང་མཁར་གཙང་མ། སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་རིག་གནས་ཀྱི་གྲོང་ཚོ། ཇོ་ནང་རིག་གནས་ཀྱི་ཕ་ས། ཛམ་བྷ་ལའི་རིག་གནས་ཐོན་ལས་གླིང་། ཛམ་བྷ་ལའི་རིག་གནས་ཞིབ་འཇུག་གླིང་བཅས་ཀྱི་མིང་བྱང་བསྩལ།

4.གྲུབ་འབྲས་འགྲེམ་སྟོན།
  ཚེས17ཉིན་གྱི་ཕྱི་དྲོར། འཛམ་ཐང་རྫོང་གི་ལོ་འཁོར60ཡི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་རྫོང་འགྲེམ་སྟོན་ལྟེ་བ་ནས་སྤེལ། བྱ་འགུལ་ལས1958ལོར་རྫོང་གསར་དུ་བཙུགས་པ་ནས་ད་བར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མང་པོ་ལྟད་མོ་པའི་མིག་མདུན་དུ་བཤམས།
   ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་ནི་གཙོ་བོ་ཡུན་རིང་ཉར་ཚགས་བྱས་པའི་འདྲ་པར་མང་པོ་ལས། འཛམ་ཐང་རྫོང་གི་མཛེས་ཤིང་སྡུག་པའི་རང་བྱུང་ཁོར་ཡུག་དང་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་དག་ཟུར་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་ཏེ། འཛམ་ཐང་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་དམངས་ཚོགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ཁྲོད་དུ་སྡུག་རུས་བྱེད་པའི་སྙིང་སྟོབས་དང་། ཧུར་ཐག་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལས་གཞན། རྫོང་ཡོངས་ཀྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་དུངས་ཤིང་སྤྱི་ཚོགས་ལ་དྲིན་གཟོ་བའི་སེམས་སྒྲ་ཡང་ཚོར་ཐུབ།
   བྱ་འགུལ་ལས་ང་ཚོས་འཛམ་ཐང་རྫོང་གི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཡོད་པ་དང་། མཁར་རྫོང་གི་རྣམ་པ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། འཛམ་ཐང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་ཚན་པ་གསར་བ་ཞིག་གི་འགོ་བཟུང་ཡོད་པ་གསལ་བོར་མཐོང་ཐུབ།  

5. བོད་ཀྱི་ཟློས་གར་འཁྲབ་སྟོན།

      ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། འཛམ་ཐང་རྫོང་གི་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཟློས་གར་རྟ་རྒྱུག་རྒྱལ་འཇོག་འཁྲབ་སྟོན་བྱས། གདངས་མཐོ་བའི་སྐད་དང་། ཕན་ཚུན་བར་གྱི་གཏམ་གླེང་། མི་སེམས་སྒུལ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་བཅས་ཀྱིས་ཚོགས་ར་ཡོངས་སུ་དགའ་བསུའི་འབོད་སྒྲས་བཀང་བར་བྱས།
     རྒྱུས་ལོན་པ་ལྟར་ན། འཛམ་ཐང་གི་བོད་ཀྱི་ཟློས་གར་ནི་རྔ་བ་ཁུལ་གྱི་འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན་པའི་བོད་ཀྱི་ཟློས་གར་རིགས་ཤིག་ཡིན་ལ། ས་དེ་གའི་སྲོལ་རྒྱུན་ཟློས་གར་དང་ཨ་མདོའི་ཡུལ་གྱི་ཟློས་གར་གཉིས་ཀྱི་འཁྲབ་ཚུལ་མི་འདྲ་བའི་ཁྱད་ཆོས་གཞི་གཅིག་ཏུ་སྦྲེལ་ནས། ཐུན་མིན་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྲུབ་མཐའ་ཞིག་ཏུ་གྲུབ་པ་དང་། དེ་ལ་སྒྱུ་རྩལ་གྱི་རིན་ཐང་དཔག་ཏུ་མེད་པ་ལྡན། 2008ལོའི་ཟླ6པར། སི་ཁྲོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་དང་པོའི་གྲས་སུ་བགྲང་།
     རིག་གནས་འཕེལ་རྒྱས་ཆེ་བའི་དེང་གི་དུས་འདིར། འཛམ་ཐང་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལེགས་ཤོས་ལ་རྒྱུད་འཛིན་དང་དར་སྤེལ་གཏོང་ཚད་སྔར་ལས་ལྷག་པར་བྱས་ཤིང་། བོད་ཀྱི་ཟློས་གར་དེ་བོད་ཁུལ་དུ་མིང་གྲགས་ཆེ་ཞིང་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་ཐུན་མིན་རིག་གནས་ཀྱི་རྟགས་མ་ཞིག་ཏུ་བསྒྱུར་བར་འབད་བཞིན་མཆིས།
6.རིག་རྩལ་དགོང་ཚོགས།
      ཚེས17ཉིན་གྱི་དགོང་མོར།  གནའ་རོལ་སྒྲ་དབྱངས་ཞེས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དུ་ཚུད་པ་དེས་རིག་རྩལ་དགོང་ཚོགས་ཀྱི་དབུ་ཡོལ་ཕྱེས། དགོང་ཚོགས་སུ་ཡུན་རིང་གི་ལོ་ཟླ་དང་། གཟི་བརྗིད་ལ་ཕྱོགས་པ། དྲིན་གཟོ་ཡར་བརྩོན་བཅས་འཁྲབ་ཚན་ཆེན་མོ་གསུམ་ཡོད་ཅིང་། སྙན་ཞིང་འཇེབས་པའི་གླུ་སྐད་དང་སྟངས་སྟབས་མཛེས་པའི་ཞབས་བྲོ་ཡིས་འཛམ་ཐང་རྫོང་གི་ལོ་འཁོར60ཡི་རིང་གི་འགྱུར་ལྡོག་དང་བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་ལོ་ངོ40ཡི་རིང་ལ་བླངས་པའི་གྲུབ་འབྲས་ཆེན་མོ་རྣམས་ཞིབ་ཏུ་བཤད།  
      ཟློས་གར་དང་ཞབས་བྲོ། ཤོམ་འགྱུར་སོགས་ངོ་མཚར་བའི་རྩེད་རིགས་མང་པོས་རིག་རྩལ་དགོང་ཚོགས་ལ་ཁ་དོག་དང་གསོན་ཤུགས་གསར་བ་བསྣན། འཁྲབ་སྟོན་གྱི་མགོ་ནས་མཇུག་བར་འཛམ་ཐང་རྫོང་གི་ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སྙིང་བོར་བཟུང་སྟེ། ལྟད་མོ་པའི་ཚོགས་ལ་རིག་གནས་ཀྱི་དགའ་སྟོན་གྱ་ནོམ་པ་ཞིག་བསྩལ་བྱུང་། དེ་བས། ཛམ་བྷ་ལའི་རིག་རྩལ་དགོང་ཚོགས་ནི་འུར་ཟིང་དང་འདུ་འཛི་ཆེ་བ་ཁོ་ན་མ་ཡིན་པར། རིག་གནས་ཀྱི་བཅུད་འདུས་ཤིང་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་རེད། འཁྲབ་ཚན་རེ་རེའི་ཤུགས་ན་མི་རིགས་རིག་གནས་ཀྱི་ཁྱད་རྟགས་མངོན་པས་ཛམ་བྷ་ལའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལ་བསྟོད་པའི་མཐེ་བོང་བསྒྲེང་དགོས་འདུག

6.རྟ་རྒྱུག་འགྲན་ཚོགས།
      ཚེས18ཉིན་གྱི་སྔ་དྲོར། ཛམ་བྷ་ལའི་དུས་སྟོན་གྱི་རྟ་རྒྱུག་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་སྤེལ། རྣམ་རིག་རི་དྭགས་ལ་འགྲན་པའི་རྟ་ཕོ་དང་སྐྱ་རྩལ་གླག་དང་མཉམ་པའི་རྟ་པ་དག་ནི་ཐེངས་འདིའི་འགྲན་ཚོགས་ཀྱི་མི་སྣ་གཙོ་བོ་ཡིན་ལ། ཁོ་ཚོ་གང་དུ་ཡོད་ན། དེ་རུ་བསྟོད་པའི་ཀི་སྒྲ་དང་དགའ་བའི་དགའ་འབོད་ལ་མཚམས་ཆད་པ་མེད།
     ཐེངས་འདིའི་འགྲན་ཚོགས་སུ་འཛམ་ཐང་དང་རྔ་བ། གསེར་རྟ། རྨ་ཆུ། བསང་ཆུ་སོགས་མཐའ་འཁོར་གྱི་རྫོང་7ནས་ཡོང་བའི་རྒྱུག་རྟ་300ལྷག་ལ། སྨི་1000དང་། སྨི་2000། སྨི་3000། སྨི་5000བཅས་ཀྱི་འགྲན་བསྡུར་དང་། སྨི་500ཅན་གྱི་གཡག་གཤིབ་དང་སྐྱ་རྩལ་འཁྲབ་སྟོན་བཅས་ཡོད།
      ཉིན་དེར་ཞིང་འབྲོག་མི་དམངས་ཀྱིས་ལུས་ལ་མཛེས་པའི་རྒྱན་བགོས་ཤིང་ལག་ལ་བཅུད་ལྡན་ཟས་མཆོག་ཐོགས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདི་རུ་འཛོམས་ཏེ། གཡུ་ཡི་སྤང་ལྗོངས་ལ་དངུལ་གྱི་ཕྲ་བཏབ་པ་ལྟར་དུ་སྦྲ་གུར་ཕུབ་ཅིང་གཟབ་རྒྱས་ཆེ་བའི་རིག་གནས་དུས་སྟོན་འདི་ལ་མཉམ་རོལ་བྱས།
      མཇུག་མཐར། ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་ནས་ཡོང་བའི་ཚེ་རིང་བཀྲ་ཤིས་ཀྱི་རྟ་མཆོག་གྱི་ལིང་གཤོག་ཐོགས་ཀྱིས་རྨིད་སྟོང་གསུམ་ཅན་གྱི་ཨང་དང་པོ་བླངས་ཤིང་བྱ་དགར་དམངས་སྒོར་ཁྲི5ཐོབ་ཏེ་ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་མཇུག་བསྡུས།
7. ལྟ་སྐོར་ཉམས་ཞིབ།
     ཚེས18ཉིན་གྱི་ཕྱི་དྲོར། 2018ལོའི་ཛམ་བྷ་ལའི་རིག་གནས་དུས་སྟོན་དུ་ཞུགས་པའི་སྐུ་མགྲོན800ལྷག་གིས་ཛམ་བྷ་ལའི་ཇོ་ནང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ལྟེ་གནས་དང་། ཇོ་ནང་རིག་གནས་བརྒྱུད་སྦྱོང་ཁང་། སྤང་ཐོག་རྡོ་བརྐོས་སོགས་ལ་ལྟ་སྐོར་དུ་སོང་ནས་ཐུན་མིན་རིག་གནས་ཀྱི་དགའ་སྟོན་ཉམས་སུ་བླངས། རི་མཐོ་ས་གཙང་གི་ཡུལ་གྲུ་འདི་དང་རྨང་མཐུག་པའི་རིག་གནས་ཀྱི་རྫོང་མཁར་འདིས་མི་ཡོངས་ལ་མཁའ་དབྱིངས་ཀྱི་དག་ཞིང་ཞེས་པའི་སྒེག་ཉམས་མ་ལུས་མངོན་སུམ་མིག་གི་མཐོང་ལམ་དུ་བཀྲམ་འདུག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1