ཚུལ་ཁྲིམས་བཟང་པོས་སྒྲིག་སྒྱུར་བྱས།
སྤྱི་ཚོགས་ཀྱི་གོམ་འགྲོས་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པའི་སྐབས་འདིར། ལས་བྱེད་པ་ཚོས་ནམ་ཡིན་རུང་དུས་ཚོད་ནི་ཇེ་ཉུང་ནས་ཇེ་ཉུང་དུ་འདོད་ནས། དུས་གཅིག་ལ་ལས་མང་པོ་མཉམ་དུ་བསྒྲུབ་པར་འབད་པ་བྱེད་བཞིན་ཡོད། ཐ་ན་ཟ་མ་ཟ་བའི་དུས་ཚོད་བེད་སྤྱད་ནས་ལས་བསྒྲུབ་བཞིན་ཡོད། ཟ་མ་ཟ་སྐབས་སེམས་རྒྱ་ཡན་དུ་གཏང་ན་ཟས་རིགས་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་སྲིད་པས་ལུས་ཕུང་ལ་གནོད་པ་སྐྱེལ་བའི་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བས་བདེ་ཐང་གི་བཟའ་བཏུང་ལ་བསྟེན་ན་ཟས་ཟ་མི་རུང་བ་བཞི་བསྒྲུབ་ཐུབ་དགོས།
1.མིག་འགུལ་སྤྱོད་བྱེད་སྐབས་ཟས་ཟ་མི་རུང་།
མི་འགའ་རེ་ནི་དཔེ་ཆ་དང་ཚགས་པར་ཀློག་པ་དང་། བརྙན་འཕྲིན་ལ་ལྟ་བ། ཁ་པར་རྩེ་བའི་སྐབས་སུ་ཉི་འབྲུ་དང་ཤིང་ཏོག བུ་རམ་ཟ་བ་དང་སིལ་ཁུའི་རིགས་བཏུང་རྒྱུར་གོམས་ཡོད་པ་དང་། གོམས་སྲོལ་དེ་ཟས་འཇུ་བར་གནོད་པར་མ་ཟད། མིག་ལའང་གནོད་པ་འབྱུང་སྲིད། དེའི་རྒྱུ་མཚན་ནི་མིག་གིས་དངོས་པོ་ལ་ལྟ་སྐབས་མིག་ལ་ཁྲག་འབོར་ཆེན་འདོན་སྤྲོད་བྱ་དགོས་ཤིང་། དེ་བཞིན་ཟ་མ་ཟ་སྐབས་ཀྱང་ཕོ་ཁ་དང་རྒྱུ་མ་ལ་ཁྲག་འབོར་ཆེན་འདོན་སྤྲོད་བྱ་དགོས་པས། ཁྲག་གིས་དུས་གཅིག་ལ་དེ་གཉིས་ཀྱི་རེ་བ་སྐོང་མི་ཐུབ་པས་ཕྱོགས་གཉིས་ཀ་ལ་གནོད་སྐྱོན་འབྱུང་སྲིད།
2.རྐང་པ་འགུལ་སྤྱོད་བྱེད་དུས་ཟས་ཟ་མི་རུང་།
མི་འགའ་རེ་ནི་འགྲོ་དུས་དང་སྤྱི་སྐྱོད་རླངས་འཁོར་ལ་འདུག་པ། རླངས་འཁོར་དང་འཕྲུལ་རྟ་སོགས་བསྐོར་སྐབས་ཟ་མ་ཟ་རྒྱུར་གོམས་ཡོད། སྤྱོད་པ་འདིས་ལུས་ཟུངས་ཀྱིས་ཟ་མ་འཇུ་བ་དང་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་པ་མ་ཟད། མིད་པ་འགག་པ་དང་ཟ་མ་དབུགས་ལམ་དུ་འགྲོ་པ་སོགས་བདེ་ཐང་ལ་གནོད་པ་འབྱུང་སླ། གཞན་ཟ་མར་ཕྱིའི་མཁའ་དབུགས་ཀྱིས་བསླད་ཀྱང་སྲིད་པས་འཕྲོད་བསྟེན་ལ་ཕན་པ་མེད།
3.ཉལ་ཡོད་སྐབས་ཟས་ཟ་མི་རུང་།
མི་འགའ་རེ་ནི་མལ་ཁྲི་དང་། འབོལ་ཁྲིའི་ཐོག་འཕྲེད་དུ་ཉལ་ནས་ཟ་མ་ཟ་བར་གོམས་ཡོད། ལུས་གན་རྐྱལ་དུ་ཉལ་ན་མིད་ཐག་འཁྱོག་ཅིང་དབུགས་ལམ་གྱིས་གཡས་གཡོན་ནས་གནོན་ཏེ་མིད་པ་སོགས་དོག་ཅིང་ཕྲ་བ་གྱུར་བས། ཟ་མའི་འཇུ་ལམ་ལ་ཤུགས་རྐྱེན་ཐེབས་པ་དང་། མིད་པ་འགག་པ་དང་མིད་པ་འགད་པ་སོགས་ཀྱི་གནོད་པ་འབྱུང་སྲིད། ཕོ་ཁའི་ནང་དུ་ཡོད་པའི་ཟ་མ་རྣམས་སྐབས་འགར་ལྡོག་སྟེ་མིད་པ་རུ་བརྒྱུད་ནས། ཕོ་མིད་ལྡོག་རྒྱུག་སོགས་ཀྱི་ནད་གཞི་མང་པོ་འབྱུང་སྲིད་པས་གཟབ་དགོས།
4.བསམ་བློ་གཏོང་སྐབས་ཟས་ཟ་མི་རུང་།
མི་འགའ་རེ་ནི་ཆང་ཁང་དུ་ཚོགས་འདུ་འཚོག་པ་དང་ཆང་དང་ཟ་མ་ལ་རོལ་བཞིན་དོན་དག་གྲོས་སྡུར་བྱེད་པར་གོམས་ཡོད། བྱ་སྤྱོད་འདིའང་བདེ་ཐང་ལ་ཤིན་ཏུ་གནོད། གཅིག་ནས་བཟའ་བྱའི་ཟ་མ་དེ་ལུས་ཕུང་གིས་བསྡུ་ལེན་དང་འཇུ་དཀའ་ལ། གླེང་བྱའི་གནད་དོན་དེ་ཀླད་པས་མནོ་བསམ་ལེགས་པོ་ཞིག་གཏོང་ཐབས་བྲལ། གཉིས་ནས་ཆང་ཁང་དུ་ཐག་བཅད་པའི་དོན་དག་དེ། སྐབས་འགར་ཁས་ལེན་སླ་ཡང་ལག་ལེན་དཀའ་ཟེར་བའི་དཔེ་ལྟར། ཁ་དན་ཚིག་ལ་གནས་རྒྱུ་དཀའ་མོ་ཡིན། མཇུག་མཐར། གསང་བ་ཕྱི་ལ་ཤོར་སླ་སྟེ། འགྲམ་དུ་ལྐོག་ཉན་བྱེད་མཁན་སོགས་ཡོད་སྲིད་པས། གླེང་བྱའི་དོན་དག་དེ་གཞན་གྱིས་ཐོས་ནས་གསང་བ་ཕྱི་ལ་ཤོར་རྒྱུའི་ཉེན་ཁ་ཆེའོ། །