༄༅།། སྤྱོད་ལམ་དང་ཁྲིམས་ལུགས།
རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05
སྤྱིར་སྤྱོད་ལམ་ནི་མི་སྒེར་འཇིག་རྟེན་འདིར་སྐྱེས་པ་ནས་སོ་སོའི་གཤིས་སུ་གྲུབ་པའི་འགྲོ་འདུག་ཉལ་འཆག་གི་བྱ་སྤྱོད་དེ་ལ་ཟེར་ཞིང་། བྱ་སྤྱོད་དེ་ལའང་བཟང་ངན་དང་ཡག་བཙོག་རབ་འབྲིང་ཐ་གསུམ་གྱི་སྤྱོད་ལམ་རིགས་སྣ་ཚོགས་ཤིག་ཡོད། ཁྲིམས་ལུགས་ནི་མིའི་རིགས་ཀྱི་སྤྱོད་ལམ་ཚད་ངེས་ཅན་ཞིག་ལ་ཐོན་པའི་སྐབས་སུ་བྱུང་བ་སྟེ། མིའི་ཚད་བརྒལ་གྱི་ཀུན་སྤྱོད་ལ་མཉམ་འཇོག་དང་ཚོད་འཛིན། རྡུང་རྡེག་དང་ལེགས་བཅོས་བྱེད་སྤྱད་ཀྱི་ཡོ་བྱད་དམ་སྤྱི་ཚོགས་སྒྲིག་སྲོལ་ཞིག་ལ་བྱ། ཁྲིམས་ལུགས་དང་སྤྱོད་ལམ་གཉིས་བར་གྱི་འབྲེལ་བ་ནི་ལུས་དང་གྲིབ་མ་བཞིན་ཚངས་ཐིག་གཅིག་ཏུ་གནས་ཡོད་དེ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཁྲིམས་ལུགས་ཀྱིས་སྤྱོད་ལམ་ཐག་གཅོད་ལ། སྤྱོད་ལམ་གྱིས་ཁྲིམས་ལུགས་མངོན་པར་མཚོན་ནོ། ། དེ་ནི་ཁྲིམས་ལུགས་ཀྱིས་མིའི་བསམ་སྤྱོད་ཇེ་ལེགས་སུ་གཏོང་བར་ནུས་པ་འདོད་བཞིན་ཡོད་པ་དང་། སྤྱོད་ལམ་བཟང་པོས་ཁྲིམས་ལུགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྤྱོད་ལམ་ཡག་ན་ཁྲིམས་ལུགས་རང་ཤུགས་སུ་བརྩི་སྲུང་བྱས་ཡོད་ཅིང་། ཁྲིམས་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱོད་ལམ་ངན་པར་ཚོད་འཛིན་དང་ལེགས་བཅོས་ཀྱང་བྱེད་བཞིན་ཡོད། དེ་ལྟར་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད།
སྤྱོད་ལམ་དང་ཁྲིམས་ལུགས་གཉིས་གཞི་གཅིག་ཏུ་སྦྲེལ་ཐུབ་ན་རང་ཉིད་ལ་ཤེས་པ་དང་བྱེད་ནུས་ཁྱད་པར་ཅན་སྟེར་ཐུབ་སྟེ། འགྲོ་བ་མིའི་རིགས་དང་སྒོས་སུ་མི་སྒེར་སོ་སོར་རང་གི་གཤིས་སུ་གྲུབ་པའི་སྤྱོད་ལམ་དེ་ལ་ཕ་མ་དང་སྤྱི་ཚོགས་ཀྱི་སློབ་གསོ་བཟང་པོའི་སྟེང་། རང་སེམས་ལ་ཁྲིམས་ལུགས་འདུ་ཤེས་ལེགས་པོ་ཞིག་སྦྱར་ན། གནས་གང་དུ་སོང་སྟེ་བྱ་བ་ཅི་ཞིག་བསྒྲུབ་ཀྱང་འདི་ནི་ལེགས་པ་དང་། ཀན་ནི་ཉེས་པའོ་ཞེས་ལེགས་ཉེས་བླང་དོར་འབྱེད་མཁས་ལ། འཕྲལ་ཕུགས་ཀྱི་བདེ་སྐྱིད་ཀྱང་བཙལ་ཤེས་པར་མ་ཟད། རྨོངས་པ་དང་གྱ་ཚོམ་གྱི་ལས་ལ་ནམ་ཡང་མི་འཇུག་པའི་ཤེས་ནུས་རྩལ་གསུམ་རང་རྒྱུད་ལ་ངང་གིས་ལྡན་འོང་།
ཁྲིམས་ལུགས་དང་སྤྱོད་ལམ་གཉིས་དེང་སྐབས་ཀྱི་སྤྱི་ཚོགས་སུ་སྣང་མེད་ངང་རྙོག་དྲ་ཞིག་ཆགས་བཞིན་ཡོད་དེ། མི་རྣམས་ཀུན་དགའ་དོན་གྲུབ་ཁོ་ནའི་ཆེད་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལོ་རེ་ནས་ཟླ་རེར་ཇེ་ཞན་ནས་ཇེ་ཞན་གྱི་གནས་སུ་འགྱུར་བཞིན་པའི་དབང་གིས་ཕ་མ་དང་དགེ་བའི་བཤེས་གཉེན། རྒན་རྒོན་དང་རང་ལས་ཆེ་བ་དག་ལ་བརྩི་མཐོང་མེད་ལ། རང་ལས་ཆུང་བ་དག་ལའང་བྱམས་སྐྱོང་མེད་པར་རང་ཁོ་ན་ལས་བསམ་རྒྱུ་ཅི་ཡང་མེད་པའི་རྫོགས་ལྡན་གྱི་དུས་རབས་གཞན་ཞིག་ཐོན་ཡོད། འདི་ཡང་ཞིབ་ཏུ་བསམས་ན། སློབ་གསོ་འི་གོ་བསྐོན་ཕྲ་ཞིང་། རང་ཉིད་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་དང་། སྤྱོད་ལམ་ལ་དོ་ཁུར་མེད་པའི་བསམ་སྤྱོད་ལས་བྱུང་བ་ཤ་སྟག་རེད། དེ་ལ་མཚན་གཞི་གཞན་ཞིག་བཀོད་ན། དེང་གི་སྤྱི་ཚོགས་སུ་སྒོར་མོ་ཡོད་མཁན་ནི་མཁས་པ་དང་བླ་མ་ཡིན་ལ། དཔོན་པོའང་ཡིན་པར་མ་ཟད། དཔའ་བོར་ཡང་བརྩི་བཞིན་ཡོད་པ་རེད། དེ་ལ་ཚང་མས་གོང་བཀུར་དང་ཡིན་མདོག་བྱེད། དེ་ལས་ལྡོག་སྟེ་མི་ཀུན་སྤྱོད་ཅན་ནི་སྡར་མ་དང་། བག་འཁུམས། ནུས་མེད་ཅེས་སྤྱི་ཚོགས་འདིར་མི་འཚམས་པའི་གཤེ་གཤེ་གཏོང་ལ། ནམ་ཡང་ཕལ་བའི་གྲས་སུ་འཇོག འདི་དག་ནི་ཁ་སང་དེ་རིང་གི་སྤྱི་ཚོགས་སྤྱིའི་སྣང་ཚུལ་ཞིག་ཅི་ལ་མིན།
མདོར་ན། སྤྱོད་ལམ་ནི་ཁྲིམས་ལུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། སྤྱོད་ལམ་གྱི་རྩ་དོན་ནི་གཞི་རྩའི་སྟེང་ཁྲིམས་ལུགས་ཀྱི་རྩ་དོན་དང་ཡོངས་སུ་མཐུན་ལ། ནམ་ཡང་སྤྱོད་ལམ་གྱི་ཚད་གཞི་དང་མ་འགལ་ན་ཁྲིམས་ལུགས་ཀྱི་ཚད་གཞིར་འགལ་མི་སྲིད་པས་ན། སྤྱོད་ལམ་ངན་པ་ནི་ཁྲིམས་ལུགས་ཀྱི་འབྱུང་རྩ་དང་ཁྲིམས་ལུགས་ནི་སྤྱོད་ལམ་གྱི་འགན་སྲུང་ཡིན་ཞེས་བཤད་ཀྱང་ཆོག སྤྱོད་ལམ་གྱིས་མིའི་གཤིས་ཀ་དང་ཡོན་ཏན། བཟང་ངན་སོགས་ལེགས་པར་འབྱེད་ལ། ཁྲིམས་ལུགས་ཀྱིས་སྤྱོད་ལམ་ཕྱོགས་ཡོངས་ནས་ཐག་གཅོད་བྱ་མི་ཐུབ། དེས་ན་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ལས་སྤྱོད་ལམ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས། སྤྱོད་ལམ་ལ་རྒྱལ་ཁབ་དང་མི་རིགས། མི་སྒེར་བཅས་དཔལ་ཡོན་ལྡན་པའི་ལམ་དུ་འདྲེན་ཐུབ་པའི་ནུས་པ་ཡོད། དེ་ལས་ལྡོག་སྟེ། སྤྱོད་ལམ་སློབ་གསོ་གཙིགས་སུ་མ་བཟུང་ཚེ། སྤྱི་ཚོགས་ཁྲིམས་ལུགས་ཅན་དུ་བསྒྱུར་རྒྱུ་ནི་ཚྭ་མེད་སྒོག་རྡུང་བཞིན་ཤིན་ཏུ་དཀའ་ལ། གལ་སྲིད་ཁྲིམས་ལུགས་མངོན་འགྱུར་འབྱུང་རུང་། སྤྱི་ཚོགས་དེ་རལ་བ་ལྷན་པས་མ་ཁེབས་པ་ལྟ་བུའི་སྐྱོན་ཀུན་ལྡན་གྱི་སྤྱི་ཚོགས་ཤིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད།
མཐར་སྨྲས་པ།
སྤྱོད་ལམ་བཟང་པོར་ཁྲིམས་ལུགས་མཁོ་བ་མེད། །
སྤྱོད་ངན་མི་ལ་ཁྲིམས་ལུགས་རྟག་ཏུ་མཁོ། །
རང་སེམས་འདུལ་ཞོར་སྤྱོད་པ་ལེགས་བསྲུང་ན། །
ཁྲིམས་ལུགས་ཞེས་བྱ་མིང་གི་ལྷག་མ་ཡིན། །