༄༅།། རང་རྒྱལ་གྱི་མི་རིགས་འགའི་བཟའ་བཏུང་བསྟེན་ཚུལ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-07
1. ཀྲོང་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
རང་རྒྱལ་གྱི་མི་རིགས་སོ་སོས་བཟའ་བཏུང་གི་བསྟེན་ཐབས་ལ་ཤིན་ཏུ་དང་དོད་བྱེད། བཟའ་བཏུང་འོས་ཤིང་འཚམ་པར་བསྟེན་ན་གཟུགས་གཞི་རྒྱས་པར་མ་ཟད་ནད་གཞི་སྔོན་འགོག་བྱེད་པ་ཡིན། གསོ་རིག་གི་བསྟན་བཅོས་ཁག་ཏུ་ཡང་སྨན་དང་ཟས་གཉིས་ཁུངས་གཅིག་ཏུ་བསྡུ་བར་བྱེད་དེ། བཟའ་བཏུང་ཡང་སྨན་དང་འདྲ་བར་ནད་གཞི་སྔོན་འགོག་ལ་ཕན་པར་བཤད་པས། མི་རིགས་སོ་སོས་བཟའ་བཏུང་ལ་བརྟེན་ནས་ལུས་ཕུང་གསོ་བར་ཤིན་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད།
ཀྲོང་རིགས་མི་དམངས་ཀྱིས་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བ། ནད་རིགས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་ནས། རིམ་བཞིན་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གསོ་རིག་གི་མ་ལག་བཏོད་པ་རེད། དེ་མིན་སྨན་བཅོས་ལག་ལེན་གྱི་ཁྲོད་ནས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ནད་ལ་ཕན་པའི་བཟའ་བཏུང་གི་བསྟེན་ཐབས་ཀྱང་ཕུན་སུམ་ཚོགས་པ་སྤྱི་སྡོམ་བྱེད་ཐུབ་ཡོད། ཀྲོང་རིགས་མི་དམངས་ནི་རང་རྒྱལ་གྱི་ཆེས་སྔ་བའི་ཆུ་འབྲས་འདེབས་པའི་མི་རིགས་གྲས་ཀྱི་གཅིག་ཡིན། ཁོ་ཚོ་འཚོ་སྡོད་བྱེད་སའི་ཁོར་ཡུག་ཏུ་འབྲུ་རིགས་དང་སིལ་ཏོག སྔོ་ཚོད་ཕུན་སུམ་ཚོགས་པ་ཡོད་པས། ནམ་རྒྱུན་གྱི་ཁ་ཟས་ལ་གཙོ་བོ་འབྲས་དང་མ་རྨོས་ལོ་ཏོག་བྱེད་ལ། ཞོག་མངར་དང་སྲན་མའི་རིགས་གཞོགས་འདེགས་སུ་བསྟེན། བཟའ་བཏུང་གི་རྗེས་སུ་སིལ་ཏོག་བསྟེན་པས། ཁོ་ཚོའི་བཟའ་བཏུང་ནི་གཙོ་བོ་དཀར་ཟས་དང་སྐྱ་ཟས་ཡིན་ལ། ལུས་ཕུང་བདེ་ཐང་ལ་ཕན་པའི་བཅུད་ལྡན་དང་རོ་ཆེ་བའི་ཟས་རིགས་དེ་འདྲ་མི་བསྟེན། ལོ་རེའི་ཟླ་གསུམ་པར་སྨན་རྩྭ་འབུས་པའི་དུས་སུ། ཀྲོང་རིགས་མི་དམངས་ཀྱིས་རི་མགོ་ནས་རྩི་ཤིང་གི་ལོ་མ་དང་རྩ་བ་སོགས་འཐུ་བར་བྱེད་ལ། དེ་ཡང་འབྲས་དང་མཉམ་དུ་གཡོ་སྦྱོར་བྱས་ནས་བསྟེན། དེ་མིན་ཟླ་ལྔ་པའི་ཚེས་ལྔ་ཡི་ཉིན་ཡང་། སྨན་རྩྭ་བརྐོས་ནས་ཟས་དང་མཉམ་དུ་གཡོ་སྦྱོར་བྱེད་པ་དང་། ཡང་ན་སྒོ་དང་ཁང་པའི་ནང་དུ་བཞག་ནས། བརླན་འགོག་པ་དང་གདོན་བགེགས་སེལ་བའི་རྟེན་འབྲེལ་སྒྲིག་པར་བྱེད། གང་ལྟར་ཁོ་ཚོས་སྨན་ཏོག་ཟས་དང་མཉམ་དུ་བསྟེན་ནས་ལུས་ཕུང་བདེ་ཐང་ཡོང་བར་ཐུན་མོང་མ་ཡིན་པའི་ཉམས་མྱོང་བསགས་ཡོད།
2. བོད་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་ཐབས་ནི་བོད་ཀྱི་གསོ་རིག་ལོ་ངོ་སྟོང་ཕྲག་ལ་འཕེལ་བའི་བརྒྱུད་རིམ་ཁྲོད་ནས་སྤྱི་སྡོམ་བྱས་པའི་ཉམས་མྱོང་ཡིན་ལ། དེ་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། བོད་ཀྱི་གསོ་རིག་གི་ལུས་ཟུངས་གསོ་ཐབས་ལས་མིའི་ལུས་ཀྱི་སྐྱེ་ལུགས་དང་ཕྱིའི་རང་བྱུང་ཁོར་ཡུག་འབྲེལ་བར་ཤིན་ཏུ་དང་དོད་བྱེད། དེ་ལས་ལོ་གཅིག་གི་དཔྱིད་དང་སོས་ཀ དབྱར་དང་སྟོན། དགུན་དང་དགུན་སྨད་བཅས་དུས་དྲུག་ཏུ་དབྱེ་ཡོད། བོད་ཀྱི་གསོ་རིག་ལས་རང་བྱུང་ཁམས་ཀྱི་དཔྱིད་དབྱར་སྟོན་དགུན་གྱི་འགྱུར་ལྡོག་དང་ཚ་གྲང་དྲོད་བརླན་གྱི་གནམ་གཤིས་ཀྱིས་ཐད་ཀར་མིའི་སྐྱེ་ལུགས་ཀྱི་འཚར་སྐྱེ་དང་བདེ་ཐང་ལ་ཤན་ཤུགས་ཐེབས་པར་འདོད་ལ། དེ་ལ་བརྟེན་ནས་མིའི་བཟའ་བཏུང་ཡང་ངེས་པར་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་ཆོས་ཉིད་དང་ལྡན་པར་སྙོམ་སྒྲིག་བྱས་ན་མིའི་བདེ་ཐང་དང་ཚེ་བསྲིང་བར་ཕན་པ་བསྟན་ཡོད། དཔྱིད་དུས་གྲང་ངར་འགོག་པ་དང་དྲོད་སྲུང་བ། རིམས་ནད་འགོག་པ་གཙོ་བོ་བྱེད་ལ། བཟའ་བཏུང་ལ་གཙོ་བོ་སྒ་སྐྱ་དང་སྒོག་ཙོང་། སུར་པན་སོགས་ཚ་དྲོའི་རིགས་བསྟེན། ཚ་བ་ཆེ་དུས་སྐམས་ཤ་དང་སྦྲང་རྩི། གྲོ་སོགས་བསྟེན་ལ་བསིལ་སར་འདུག་པ་དང་ཆུ་འཁྱག་གིས་ཁྲུས་བྱེད། དེ་མིན་ཆང་འཐུང་བ་དང་གྱོན་པ་བསིལ་མོ་གོན། དབྱར་ཚ་བ་ཆེ་བས་འོ་མ་དང་འཇུ་སླ་བའི་ཟས་རིགས་གཙོ་བོར་བྱེད། སྟོན་དུས་གཙོ་བོ་རོ་མངར་བ་དང་ཁ་བའི་རིགས་བསྟེན་པར་བྱེད།
3. སོག་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
དུས་ཡུན་རིང་པོའི་འབྲོག་པའི་འཚོ་བའི་ཁྲོད་ནས། སོག་རིགས་མི་དམངས་ཀྱིས་ནམ་རྒྱུན་ཤིན་ཏུ་རྩུབ་པའི་རང་བྱུང་གི་ཁོར་ཡུག་ལ་གདོང་གཏད་དགོས། དེ་དང་བསྟུན་ནས་སོག་རིགས་མི་དམངས་ཀྱིས་དེ་ལ་དེ་བསྟུན་གྱིས་བཟའ་བཏུང་བསྟེན་ཐབས་དང་ལུས་ཁམས་གསོ་ཐབས་ཀྱི་ཉམས་མྱོང་བསགས་ཡོད་པ་རེད། ནད་ལ་སྔ་བ་མ་ཞུ་བ་དང་སྨན་ལ་སྔ་བ་ཆུ་ཁོལ་ཞེས་པ་ལྟར། སོག་པོས་འོ་མའི་རིགས་དང་ཤ་རིགས། རུས་ཐང་སོགས་བསྟེན་པ་ལེགས་ན་ལུས་ཕུང་གསོ་བ་དང་སྟོབས་འཕེལ་བ། ནད་འགོག་པ་དང་བཅོ་བའི་ནུས་པ་ཐོན་པར་འདོད། སོག་སྨན་གྱི་བཟའ་བཏུང་ལས་རྟ་ཡི་འོ་མའི་ཞོ་ནི་ལུས་ཀྱི་བདེ་ཐང་ལ་ཤིན་ཏུ་ཕན་པ་ཞིག་ཡིན་ལ། དེའི་ནང་དུ་འཚོ་རྒྱུ་དང་ཚད་ཉུང་མ་རྒྱུ། ཨན་གཞི་སྐྱུར་སོགས་འཚོ་བཅུད་ཕུན་སུམ་ཚོགས་པ་འདུ་བས། ལུས་གསོ་སྨན་བཅོས་ཀྱི་ནུས་པ་དང་ལྡན། ཞིབ་འཇུག་བྱས་པ་ལྟར་ན། རྟ་ཡི་འོ་ཞོ་ནི་ཁྲག་ཤེད་མཐོ་བ་དང་སྙིང་ནད། ཞ་རེངས། གློ་གཅོང་། ཕོ་ནད། རྒྱུ་སོར་བཅུ་གཉིས་ལ་རྨ་བརྡོལ་བ། ལོང་ཚད། ལོང་གཅོང་། གཅིན་སྙིའི་ནད་སོགས་སྔོན་འགོག་དང་སྨན་བཅོས་ཐད་ནུས་པ་ཤིན་ཏུ་མངོན་གསལ་ལྡན། འོ་ཇ་ནི་སོག་རིགས་ཆེས་དགའ་བའི་སྲོལ་རྒྱུན་གྱི་བཏུང་བ་ཞིག་ཡིན། འབྲོག་པ་རྣམས་ཀྱིས་འོ་ཇ་འཐུང་སྐབས། ད་དུང་འབྲས་བརྔོས་མ་དང་མར། ཤ་སོགས་བཟའ་ལ། དེ་ལས་ཕོ་བའི་མེ་དྲོད་བསྐྱེད་པར་མ་ཟད་གྲང་ངར་འགོག་ཐུབ། ད་དུང་ཟས་འཇུ་བར་བྱེད་པ་དང་སྔོ་ཚོད་བཟའ་མི་ཐུབ་པ་ལས་ཆད་པའི་འཚོ་རྒྱུ་ཡང་ཁ་གསབ་བྱེད་ཐུབ།
4. ཡུ་གུར་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
ཡུ་གུར་རིགས་ནི་གཙོ་བོ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཐ་ལི་མུའུ་གཞོང་སའི་མཐའ་འཁོར་དང་ཐེན་ཧྲན་རི་བོའི་བྱང་ཕྱོགས་ས་ཁུལ་དུ་འཚོ་ལ། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ཞིག་ཆགས་ཡོད། ཁམས་གསོའི་བསམ་བློ་ཡང་ཁོ་ཚོའི་གོམས་སྲོལ་དང་འདྲེས་ཡོད། འོ་ཇ་ནི་ཡུ་གུར་རིགས་ཀྱི་བཟའ་བཏུང་གི་འཚོ་བཅུད་དང་ཉིན་རྒྱུན་འཚོ་བའི་ཐད་མེད་དུ་མི་རུང་བའི་བཏུང་བ་ཞིག་ཡིན། ཁོ་ཚོས་ཟ་མ་མ་ཟོས་ན་ཆོག་ཀྱང་ཇ་མ་བཏུངས་ན་མི་ཆོག་པར་བཤད། མཐོ་སྒང་དུ་འཚོ་བའི་ཁོ་ཚོར་མཚོན་ན་བཟའ་བ་ལ་ཤ་མང་ལ་སྔོ་ཚོད་ཉུང་བས། འོ་ཇས་ཟས་འཇུ་རོགས་བྱེད་པར་མ་ཟད། དགུན་ཁར་གྲང་ངར་ཡང་འགོག དབྱར་ཁར་ནི་ཚ་བ་འཇོམས་ཤིང་སྐོམ་པ་སོད། འོ་ཇ་ལ་ཕོ་བའི་མེ་དྲོད་གསོ་ཞིང་མཁལ་མ་སྲོ་བ། དྲི་ཞིམ་ལ་རླུང་དང་ཁྲག་རྒྱུ་བ། རིག་པ་དྭངས་ཤིང་སེམས་བདེ་བ་སོགས་ཀྱི་ནུས་པ་དང་ལྡན། དེ་མིན་ཞིན་ཅང་ལ་སིལ་ཏོག་གི་རིགས་ཀྱང་མང་བས། ཁོ་ཚོ་ཀྭ་མངར་མོ་དང་རྒུན་འབྲུམ། གྲོ་སིལ། སྟར་ཀ་སོགས་བཟའ་བར་ཤིན་ཏུ་དགའ། སིལ་ཏོག་དེ་རིགས་ལ་རླུང་ཁྲག་གསོ་བ་དང་མིད་པ་བསལ་བ།ལུད་པ་བསལ་བ། གློ་དང་རྒྱུ་མ་འདག་པར་བྱེད་པའི་ནུས་པ་ལྡན་པ་ཡིན།
5 ཡའོ་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
བཟའ་བཏུང་གི་ལུས་ཕུང་གསོ་བའི་ལོ་རྒྱུས་ཤིན་ཏུ་རིང་བ་བཞིན། ཡའོ་རིགས་མི་དམངས་ཀྱིས་ཀྱང་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་ལྡན་པའི་ཉམས་མྱོང་མང་དུ་བསགས་ཡོད། དཔེར་ན་བྱ་ཕོའི་ཟེ་པྲོག་དང་བྱ་སྒོང་བཙོ་བ་ལྟ་བུ། ཟེ་པྲོག་གིས་ཁྲག་ཆོད། ལོ་རྒྱབ་དཀར་པོའི་རྩ་བ་དང་ཕག་གི་རུས་པ་གདུ་བ་ལྟ་བུ་སོགས་སྨན་ཟས་མཉམ་སྦྱོར་གྱིས་བསྟེན། ལོ་རེའི་ཟླ་ལྔ་པའི་ཚེས་ལྔ་ཉིན་ཡའོ་རིགས་མི་དམངས་ཀྱིས་རྩི་ཤིང་ཞིག་གི་ལོ་མ་རྡུང་བའི་ཁུ་བ་འབྲས་ཐུག་དང་ཀ་རར་བསྲེས་ཏེ་ཟ། དེ་ནི་མདོག་ཡག་ལ་བྲོ་བ་ཞིམ་པར་མ་ཟད་ཁོག་གི་སྲིན་འབུ་འདེད་པའི་ནུས་པ་ལྡན། དེའི་ནུས་པ་ནི་ཉིན་འགའ་ལ་མི་ཤོར་བར་ནུས་པ་ཐོན་ངེས། དེ་མིན་ཡའོ་རིགས་མི་དམངས་ཇ་ལྗང་འཐུང་བར་དགའ་ལ། ཇ་ལྗང་ལ་རྣམ་རིག་སངས་པར་བྱེད་པ་དང་འཇུ་སྟོབས་ཇེ་བཟང་དུ་གཏོང་བ། ཁྲག་ཚིལ་ཇེ་དམར་གཏོང་བ། དུག་སེལ་སྐྲན་འཇོམས་སོགས་ཀྱི་བྱེད་ནུས་དང་ལྡན། དུས་ཡུན་རིང་བོར་ཇ་ལྗང་བཏུངས་ན་ནད་འགོག་ནད་བཅོས་དང་ལུས་ཕུང་བདེ་ཐང་ཡོང་བར་ཕན།
6. མིའོ་རིགས་ཀྱི་བཟའ་བཏུང་བསྟེན་ཐབས།
མིའོ་རིགས་ཀྱི་སྨན་བཅོས་རིགས་པའི་གཞུང་ལུགས་བྱུང་བ་ཤིན་ཏུ་སྔ། མའོ་རིགས་ཀྱི་གསོ་རིག་ལས་དུས་ཚིགས་མི་འདྲ་བའི་ནང་བཟའ་བཏུང་ངེས་གཏན་ཞིག་བསྟེན་ན་བདེ་སྲུང་དང་སྨན་བཅོས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་པར་འདོད། དཔེར་ན་ཟླ་བཞི་པའི་ནང་དུ་སྔོ་ཚོད་དང་འབྲས་བསྲེས་ནས་བཙོས་པ་བསྟེན་ན་ཚ་འཇོམས་དུག་སེལ་དང་ངལ་དུབ་དང་རུས་གཟེར་བཅོ་ཐུབ་པ་དང་། དབྱར་གཞུང་ལ་བསྙལ་ཚལ་དང་སྐྱུར་ཐང་བསྟེན་ན་བརླན་བསྐྱེད་པ་དང་ཚ་བ་འགོག་པ་དང་། ཡི་ག་འབྱེད་ཅིང་བཤལ་བ་གཅོད་པར་འདོད། དགུན་ཁར་འབྲས་ཆང་བཏུངས་ན་ཁྲག་རྒྱུ་བ་དང་གྲང་ངར་འགོག་པར་ཕན་པར་འདོད། དེ་མིན་ལུག་ཤ་དང་ལྷག་པར་ལུག་གི་མཆིན་པ་ལ་ཚ་བ་འཇོམས་པའི་ནུས་པ་ལྡན་པས་དབྱར་ཁར་ཚད་དང་རན་པ་ཞིག་བསྟེན་ན་ལེགས་ལ། དགུན་ཁ་ཁྱི་ཤ་བསྟེན་ནས་གྲང་ངར་འགོག་པ་དང་རུས་རྒྱུས་རྒྱས་པར་བྱེད་ནུས་པར་འདོད།
དེ་ཡང་མི་རིགས་དེ་དག་གི་བཟའ་བཏུང་བསྟེན་ཐབས་དང་བདེ་སྲུང་གི་ཤེས་བྱ་དག་ནི་སོ་སོའི་མི་དམངས་ཀྱིས་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ངེས་ཅན་ལས། ཡུན་རིང་དུ་ཐོན་སྐྱེད་ལག་ལེན་བྱས་པ་ལས་ཕྱོགས་སྡོམ་བྱས་པ་ཡིན་པས། ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་ལྡན། དེ་ཡང་མི་རིགས་སོ་སོའི་དངོས་པོ་དང་བསམ་པའི་དཔལ་ཡོན་གྱི་ཕྱོགས་སྒོ་མོར་སིམ་ཡོད་པས། རང་རྒྱལ་གྱི་མི་རིགས་རིག་གནས་དང་མི་རིགས་གསོ་རིག་གི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། དེང་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་རང་བྱུང་ཁམས་ལ་བསྟུན་པ་དང་རང་བྱུང་ཁམས་སུ་ལོག་པའི་བསམ་བློ་ཡང་དར་བཞིན་ཡོད་པས། བདེ་སྲུང་གི་ཤེས་བྱ་དེ་དག་ལ་ཡང་སྔར་མེད་མཐོང་ཆེན་བྱེད་ཀྱིན་ཡོད། རང་རྒྱལ་གྱི་མི་རིགས་ཁག་གི་བཟའ་བཏུང་གི་བདེ་སྲུང་ཤེས་བྱ་ནི་འདས་མ་ད་གསུམ་གང་ལ་ཡང་མི་རྣམས་ཀྱི་བདེ་ཐང་སྲུང་བར་ནུས་པ་གལ་ཆེན་ཐོན་དང་འདོན་ངེས་ཡིན་ན། ང་ཚོས་དེ་དག་སྔོག་འདོན་དང་དར་སྤེལ། ཁྱབ་གདལ་དུ་གཏོང་རིན་ཡོད་པ་ནི་སྨོས་ཅི་དགོས། །
《མཐོ་སྒང་གི་བདེ་ཐང》ལྟར།