༄༅།། ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་མགུར་མས་ཕྱིས་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རིག་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-07


        ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་མགུར་ནི་བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་གནས་ཚུལ་དང་རིག་གནས་ལས་སྐྱེད་པའི་མཛེས་དཔྱོད་ཀྱི་འདུ་ཤེས། འཇིག་རྟེན་གྱི་མི་ཆོས་ཀུན་སྤྱོད་སོགས་ལ་ཞིབ་འཇུག་བྱ་རྒྱུའི་དཔྱད་ཡིག་གལ་ཆེན་ཡིན་པ་མ་ཟད། བོད་བཙན་པོའི་དུས་ཀྱི་སྙན་རྩོམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཡང་གཞལ་དུ་མེད་པ་ཞིག་ཡོད། ཕྱི་མ་ཕྱི་མས་སྔ་མ་སྔ་མ་རྒྱུན་འཛིན་དང་འཕེལ་རྒྱས་སོང་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་ན། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་མགུར་གྱིས་བོད་ཀྱི་ཕྱིས་ཀྱི་རྩོམ་རིག་གི་སྒྲིག་གཞི་དང་། རྒྱན། ལུས་བཅས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་དང་། ལྷག་དོན་དུ་མདོ་དབུས་ཁམས་གསུམ་དུ་དམངས་གཞས་ས་ཁྱབ་རྡོ་ཁྱབ་བྱུང་བ། དབུས་གཙང་ཁུལ་དུ་ཚེག་ཁྱིམ་དྲུག་མའི་དམངས་གཞས་དར་ཁྱབ་ཆེ་བའི་རྩོམ་རིག་གི་རྨང་གཞི་ཡང་ཏུན་ཧོང་མགུར་མའི་ཤུགས་རྐྱེན་ཡིན་ལ། དེ་བཞིན་བོད་ཀྱི་དུས་རབས་རིམ་བྱུང་གི་དམངས་གཞས་ཀྱང་ཏུན་ཧོང་མགུར་མའི་རྩོམ་ལུས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་ལས་ཡིན་ཞེས་བརྗོད་ནུས། འོ་ན་ཏུན་ཧོང་ཡིག་ཆ་ནི་དུས་རབས་མང་པོ་ཞིག་ས་འོག་ཏུ་ལུས་སོང་བས་ཤུགས་རྐྱེན་ཇི་ལྟར་ཐེབས་སྲིད་སྙམ་པའི་བློ་གཉིས་སྐྱེད་སྲིད་ཀྱང་། དོན་དུ་ཏུན་ཧོང་ཡིག་ཆར་དུས་སྐབས་དེའི་རྒྱལ་བློན་མི་དྲག་རྣམས་ཀྱིས་བཞེངས་པའི་མགུར་གྱི་མགུར་ཚིག་རྣམས་བཀོད་པ་ཞིག་ཡིན་ཞིང་། དུས་སྐབས་དེར་སྤྱི་ཚོགས་ཀྱི་བྱེད་སྒོ་ཅི་འདྲ་ཞིག་ཡིན་རུང་མཐོ་རྒྱལ་བློན་ནས་དམའ་འབངས་མི་སེར་བར་ཕན་ཚུན་གླུ་ལེན་རེས་བྱས་ཏེ་ནང་བསམ་པའི་བརྩེ་དུང་ཕྱིར་མཚོན་པ་ནི་རྒྱ་ཁྱབ་ཡིན་པས་གླུ་ལེན་རེས་བྱེད་པའི་རྒྱུན་དེ་བོད་ཀྱི་དམངས་ཁྲོད་དུ་མ་ཉམས་པར་རྒྱུན་འཛིན་གང་ལེགས་བྱུང་ཡོད་པ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་ཚིག་རྒྱག་སོགས་ལས་ཤེས་ནུས་པས་ཕྱིས་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་མི་ཐེབས་ཅི་ལ་སྲིད། བརྗོད་བྱའི་ནང་དོན་གྱི་ཆ་ནས་ཤུགས་རྐྱེན་མེད་དམ་སྙམ་ན། ཡོད་པ་བདེན་པས་གྲུབ་ཀྱང་རྩོམ་གྱི་རྣམ་པའི་ཤུགས་རྐྱེན་བཞིན་མངོན་གསལ་དུ་མི་སྣང་། དེའི་རྒྱུ་མཚན་ནི་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་ན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བརྗོད་བྱའི་ནང་དོན་ཡང་སྲིད་པ་བོན་གྱི་རིག་གནས་འདུ་ཤེས་ནས་ནང་བསྟན་རིག་གནས་འདུ་ཤེས་ཀྱི་བར་བརྒལ་དུས་མཚམས་ཤིག་ཡིན་པས་སོ། དེས་ན་རྩོམ་གྱི་རྣམ་པའི་ངོས་ནས་མདོ་ཙམ་གླེང་བར་བྱའོ།

དང་པོ། རྩོམ་གྱི་སྒྲིག་གཞིར་ཐེབས་པའི་ཤུགས་རྐྱེན།
        དེ་ཡང་རྩོམ་གྱི་སྒྲིག་གཞི་ནི་བརྩམས་ཆོས་གང་ཡང་རུང་བ་ཞིག་གི་ནང་དོན་གཅིག་ལ་གཅིག་འབྲེལ་གྱི་གོ་རིམ་ཞིག་ལ་བརྗོད་པ་དང་། དེ་ནི་བརྩམས་ཆོས་ཞིག་གི་རུས་སྒྲོམ་ལྟ་བུ་ཞིག་ཡིན་ནོ། ཏུན་ཧོང་མགུར་མས་ཕྱིས་ཀྱི་རྩོམ་རིག་གི་སྤྱིའི་སྒྲིག་གཞིར་ཤུགས་རྐྱེན་འདི་བཞིན་ཐེབས་ཞེས་བརྗོད་མི་ནུས་ཀྱང་བྱེ་བྲག་སྒྲིག་གཞིར་ཤུགས་རྐྱེན་མི་ཉུང་ཙམ་ཞིག་ཐེབས་ཡོད་དེ། ཁྲི་སྲོང་བཙན་གྱིས་བླངས་པའི་མགུར་ལས“ཀྱེ་རྗེ་འི་ནི་མཚན་བ་འདི། ཁྲི་འི་ནི་སྲོང་བཙན་ཞིག བློན་གྱི་ནི་མིང་བ་འདི། སྟོང་རྩན་ནི་ཡུལ་ཟུང་ཞིག ཆིབས་ཀྱི་མྱིང་བ་འདི། རྔུལ་བུ་ནི་གཙང་གཙང་རྟ། གཙང་གཙང་ནི་ཡང་ཡང་ལྟ།”ཞེས་རྗེའི་མཚན་ལ་ནི་ཁྲི་སྲོང་བཙན་དང་བློན་གྱི་མིང་ལ་ནི་སྟོང་བཙན་ཡུལ་ཟུང་། འོག་ཏུ་ཆིབས་པའི་རྟ་ལ་ནི་རྔུལ་བུ་གཙང་གཙང་ཞེས་མགུར་བཞེངས་བ་པོས་རང་དང་འབྲེལ་བའི་བྱ་དངོས་གཙིགས་ཆེ་བ་རྣམས་ངོ་སྤྲོད་སྔོན་ལ་བྱས་པ་དང་། དེ་རྗེས་སྐབས་བབ་ཀྱི་བརྗོད་དོན་གླེང་བའི་རྩོམ་གྱི་སྒྲིག་གཞིས་བོད་ཀྱི་ལོ་རྒྱུས་སྙན་རྩོམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་དེ། 《མོན་གླིང་གཡུལ་འགྱེད》ལས”ས་འདི་ཡི་ས་ངོ་མ་ཤེས་ན། ཤར་མདོ་ཁམས་གླིང་གི་ས་ཆ་རེད། ང་འདྲ་ང་ངོ་མ་ཤེས་ན། གོང་མ་ལྷ་ཡི་གནས་མཆོག་ལ། ང་ལྷ་ཆེན་ཚངས་པ་དཀར་པོ་ཟེར། གླུ་འདི་གླུ་ངོ་མ་ཤེས་ན། ལྷ་གླུ་དཀར་པོའི་རྒྱང་བསྒྲགས་ཟེར”ལྟ་བུ་ནི་རང་དང་འབྲེལ་བའི་བྱ་དངོས་ངོ་སྤྲོད་བྱས་པ་ཞིག་ཡིན་ཞིང་། དེ་ནི་སྔར་གྱི་རྩོམ་སྲོལ་རྒྱུན་འཛིན་ནམ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་ཐེབས་པའི་ཤུགས་རྐྱེན་ཡིན་ཞེས་བརྗོད་ནུས། ཏུན་ཧོང་མགུར་མའི་སྤྱིའི་སྒྲིག་གཞིར་ཐོག་མར་བཙན་པོའི་ཆབ་སྲིད་ཀྱི་མངའ་ཐང་དང་བཙན་པོའི་མཛད་འཕྲིན་ལ་བསྔགས་པ་བརྗོད་པའི་ཁྱད་ཆོས་ཀྱིས་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཉིས་ཀར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་དེ། 《མི་ལ་རས་པའི་མགུར་འབུམ》ལས“རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། ཆོས་བརྒྱད་སྐྱོན་གྱིས་མ་གོས་ལྟར། བུ་རྒྱུད་བྱིན་གྱིས་རློབས་མཛད་པ། སྒྲ་སྒྱུར་མར་པའི་ཞབས་ལ་འདུད”ཅེས་མི་ལ་རས་པའི་མགུར་ཅི་འདྲ་ཞིག་ཡིན་རུང་ཐོག་མར་རང་གི་རྩ་བའི་བླ་མར་དད་པའི་གསོལ་འདེབས་བྱས་པ་དང་། དེ་བཞིན་བོད་ཀྱི་དམངས་གཞས《གམ་པ་ལ་མོ》ཞེས་པའི་གཞས་ཚིག་ཏུ“ལ་དེ་གམ་པ་ལ་མོའི་ལ་རྩེ་རུ། རྔ་ཆེན་སྒལ་པར་འཁུར་བ་གསུམ་ཙམ་འདུག སྤྲིན་པ་དཀར་པོའི་སྤྲིན་ཕྱོགས་མ་ཤེས་ན། སེར་བ་རི་ལ་བཀག་ཡས་བཞག་རོགས་གནང་། ལ་དེ་གམ་པ་ལ་མོའི་ལ་དཀྱིལ་ན། འཐག་མཁན་ཐགས་ཁྲི་འཁུར་བ་གསུམ་ཙམ་འདུག སྣམ་བུའི་རྒྱུ་སྤུན་གཏོང་སྟངས་མ་ཤེས་ན། དར་དང་གོས་ཆེན་འཐག་ཡས་ཞོག་རོགས་གནང་། ལ་དེ་གམ་པ་ལ་མོའི་ལ་གཤམ་དུ། བཟོ་པ་ཐོ་བ་འཁུར་བ་གསུམ་ཙམ་འདུག ཁབ་ཀྱི་ཁབ་མིག་འདོན་སྟངས་མ་ཤེས་ན། ལྕགས་བཟོ་གཤོལ་ལྕགས་བཟོ་ཡས་ཞོག་རོགས་གནང”ཞེས་གམ་པ་ལ་མོའི་ལ་རྩེ་ནས་ལ་དཀྱིལ། ལ་གཤམ་བཅས་གོ་རིམ་མཐོ་བ་ནས་རིམ་བཞིན་དམའ་བའི་གནས་སྟངས་ལ་བཤད་པ་བྱེད་པའི་སྒོར་གཞས་ལྟ་བུ་ཡིན། དེས་ན་ཡུལ་གྱི་གནས་སྟངས་དང་བྱ་དངོས་ངོ་སྤྲོད་སོགས་བྱེད་སྐབས་གོ་རིམ་བཞིན་མཐོ་བ་ནས་དམའ་བ་བར་རིམ་བཞིན་བཤད་པ་རྒྱབ་པའི་རྩོམ་གྱི་སྒྲིག་གཞི་ནི་བོད་བཙན་པོའི་ཏུན་ཧོང་མགུར་མའི་རྩོམ་སྟངས་ཀྱི་སྒྲིག་གཞི་ནས་ད་ལྟ་བའི་བར་མ་ཉམས་པར་སྔར་གྱི་རྩོམ་རྒྱུན་ཕྱིས་རྒྱུན་འཛིན་དང་དར་སྤེལ་གང་ཐུབ་བྱུང་ཡོད།

གཉིས་པ། རྩོམ་གྱི་ལུས་ལ་ཐེབས་པའི་ཤུགས་རྐྱེན།
        དེ་ཡང་རྩོམ་གྱི་ལུས་ཞེས་བྱ་བ་ནི་བརྩམས་ཆོས་གང་རུང་ཞིག་གིས་ནང་དོན་དང་རྣམ་པ་ཕྱོགས་གཉིས་ནས་མནོ་བསམ་བྱ་དགོས་པས་དེར་དོན་ལུས་དང་ཚིག་ལུས་ཞེས་བརྗོད་པར་བྱ། དོན་ལུས་ནི་བརྩམས་ཆོས་ཀྱི་བརྗོད་བྱའི་ནང་དོན་གྱི་ཆ་ནས་དབྱེ་བས་བརྗོད་བྱའི་དོན་གང་ཡང་རུང་བ་ཞིག་དབྱངས་སུ་གྱེར་བའི་གདངས་ཚིག་ཟུང་འབྲེལ་གྱི་རྣམ་པར་མགུར་ཞེས་བརྗོད་པ་ནི་དོན་ལུས་ཡིན་ཞིང་། དེ་ནི་བོད་བཙན་པོའི་དུས་ཀྱི་ལྷ་སྒྲུང་དང་ངག་རྒྱུན། མོ་ཚིག གཏམ་རྒྱུད། གཏམ་དཔེ། རྟོགས་བརྗོད་སོགས་དང་འདྲ་བར་རང་རྐྱ་ཐུབ་པའི་རྩོམ་ལུས་ཤིག་ཡིན། ཏུན་ཧོང་ཡིག་རྙིང་ལས་རྒྱལ་བློན་མི་དྲག་ཕན་ཚུན་ལེན་རེས་བྱེད་པའི་མགུར་མི་ཉུང་བ་ཞིག་ཟིན་ཐོར་འཁོད་ཡོད་པ། དེ་བཞིན་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་སོགས་སུ་བཙན་པོའི་དུས་སྐབས་སུ་ཕན་ཚུན་གླུ་ལེན་རེས་བྱེད་པ་འཁོད་ཡོད་པ་སོགས་ལ་གཞིགས་ན་བཙན་པོའི་དུས་སྐབས་མགུར་ནི་དུས་སྐབས་དེའི་སྤྱི་ཚོགས་ཀྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་ནང་དར་ཁྱབ་ཧ་ཅང་ཆེ་བ་མ་ཟད། ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན། དེས་ཕྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་རྩོམ་སྟངས་མ་ཉམས་པར་རྒྱུན་འཛིན་ལེགས་པར་བྱས་ཡོད་དེ། བོད་སིལ་བུའི་སྐབས་སུ་བཀའ་བརྒྱུད་པའི་བླ་སློབ་རྣམས་ཀྱིས་བསྐྱེད་རྫོགས་ཟབ་མོའི་དོན་ལ་མངའ་བརྙེས་པའི་ཉམས་རྟོགས་ངག་ལ་གྱེར་བའི་མགུར་ཇི་སྙེད་ཅིག་བཞེངས་ཡོད་དེ། 《སྒྲ་བསྒྱུར་མར་པའི་མགུར》དང་། 《རྗེ་བཙུན་མི་ལ་རས་པའི་མགུར་འབུམ》 《བཀའ་བརྒྱུད་གསེར་རེའི་ཕྲེང་བའི་མགུར་ཚོགས》སོགས་དང་དེའི་རྗེས་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད《རྗེ་བཙུན་ཏ་ར་ན་ཐའི་ཞལ་གདམས་མགུར་མ》 《རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་མགུར་ཚོགས》 《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ》 རྒྱལ་བ་སྐལ་བཟང་རྒྱ་མཚོས་མཛད་པའི《བློ་སྦྱོང་དང་འབྲེལ་བའི་གདམས་པ་དང་སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས》 《ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར》 《བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་མགུར་འབུམ》 རྗེ་འཇིགས་མེད་དབང་བོས་མཛད་པའི《ཞལ་གདམས་མགུར་མ》 གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི《ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ནི་བསྐུལ་བའི་མགུར་དབྱངས》སོགས་ཤིན་ཏུ་མང་བ་ནི་ཕྱི་མ་ཕྱི་མས་སྔ་མ་སྔ་མ་རྒྱུན་བསྐྱངས་པ་ཤ་སྟག་ཡིན།
        ཏུན་ཧོང་མགུར་མ་ཎི་བོད་བཙན་པོའི་དུས་ཀྱི་ཆབ་སྲིད་ཀྱི་བརྗོད་དོན་རྣམས་རྗོད་བྱེད་ཚིག་སྡུད་ཆེ་བའི་ཚིགས་བཅད་ཀྱི་ལམ་ནས་བརྩམས་པའི་གདངས་ཚིག་ཟུང་འབྲེལ་གྱི་སྙན་རྩོམ་ཞིག་ཡིན། ཚིགས་སུ་བཅད་པ་ནི་རྗོད་བྱེད་ཚིག་གི་རྐང་པ་བཅད་ནས་དོན་མཚོན་པ་ཞིག་ལ་བརྗོད། ཡིན་ན་ཡང་རྐང་པ་མང་ཉུང་གི་ཚད་ཇི་ཙམ་ལ་ཚིགས་བཅད་གཅིག་ཅེས་ངོས་འཛིན་ཐད། ས་པཎ་ལྟར་ན“རྐང་བ་གཉིས་ནས་དྲུག་གི་བར། །ངག་དོན་འབྲེལ་ན་ཚིགས་བཅད་གཅིག”ཅེས་སྤྱིར་སྙན་ངག་མེ་ལོང་མ་ཡོངས་སུ་བསྒྱུར་བ་དང་བོད་དུ་འཆད་ཉན་མ་དར་བའི་སྔོན་དུ་ཐོན་མོང་གི་ཚིགས་བཅད་ཀྱི་ངོས་འཛིན་ཞིག་ཡིན་པ་དང་། དེའི་རྗེས་ཚིགས་སུ་བཅད་པ་རྐང་པ་བཞིའོ་ཞེས་རྒྱ་གར་གྱི་སྙན་ངག་རྩོམ་སྟངས་ཡོངས་སུ་ཉམས་ལེན་བྱས་པའི་ཚིགས་བཅད་གཅིག་ལ་རྐང་པ་བཞི་ཚང་དགོས་པ་མ་ཟད། ཚིག་རྐང་སོ་སོའི་ཚེག་ཁྱིམ་གྱི་གྲངས་མང་ཉུང་གཅིག་མཚུངས། ཚེག་ཁྱིམ་སོ་སོའི་ཆ་ཡའི་སྡེབ་སྟངས་གཅིག་མཚུངས་བཅས་གཏན་ཆགས་ཀྱི་ངེས་སྲོལ་ཞིག་ཆགས་ཡོད། གལ་སྲིད་དེ་ལས་ལྡོག་ན་སྙན་ངག་གི་སྡེབ་སྦྱོར་ཉམས་པའི་སྐྱོན་དུ་བརྩི་བས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་འཛེམ་བྱ་ཞིག་ཡིན། ཡིན་ན་ཡང་ཏུན་ཧོང་མགུར་མ་ནི་སྙན་ངག་མེ་ལོང་མའི་ལུགས་ལྟར་མ་ཡིན་པར་ཚིགས་སུ་བཅད་པ་གང་ཞིག་ལ་ཚིག་རྐང་དང་ཚེག་ཁྱིམ་གྱི་གྲངས་ཀྱི་མང་ཉུང་སྤྱིར་གཏན་ཆགས་བྱུང་མེད། དེའི་རྒྱུ་མཚན་གཙོ་བོ་ནི་ས་པཎ་གྱིས“དབྱངས་དང་བཅས་པ་ཕལ་ཆེར་ནི། །ཡི་གེ་མཉམ་མམ་མི་མཉམ་རུང་། །ཚིགས་སུ་བཅད་པའི་རྣམ་གཞག་འཇུག”ཅེས་གསུངས་པ་བཞིན་མགུར་ནི་བརྗོད་པར་འདོད་པའི་དོན་རྣམས་དབྱངས་རྟར་བཀྱོན་ནས་ངག་ལས་གྱེར་དགོས་པ་ཞིག་ཡིན་པས་ཚིག་གི་གཅོད་མཚམས་དང་རྐང་པ་མང་ཉུང་སོགས་དབྱངས་ཀྱི་གདེགས་འཇོག་དང་ཚིག་གི་ངལ་གསོའི་རྣམ་པར་བསྟུན་དགོས་པའི་རྐྱེན་གྱིས་ཡིན། ལྷག་དོན་དུ་ཏུན་ཧོང་མགུར་མའི་ཚིག་རྐང་གཏན་ཆགས་ཀྱི་ངེས་སྲོལ་མེད་པ་དང་སྤྱིར་ཚིག་རྐང་གཅིག་ལ་སྤྱིར་ཚེག་ཁྱིམ་དྲུག་མའི་ལུས་སུ་གྲུབ་པའི་རྩོམ་སྟངས་ཀྱིས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་དམངས་གཞས་ཀྱི་རྩོམ་སྟངས་ལ་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད། དེ་ཡང་བརྗོད་དོན་ཚན་པ་ཞིག་ལ་ཚིག་རྐང་ངེས་མེད་ཀྱི་རྩོམ་སྲོལ་དེ། ཕྱིས་ཀྱི་མགུར་རྩོམ་དང་བོད་ཀྱི་འཁྲབ་གཞུང་རྩོམ་རིག ། ཨ་མདོའི་ཁུལ་གྱི་ལ་གཞས་སོགས་ཀྱིས་རྒྱུན་ལེགས་པར་བསྐྱངས་ཡོད་དེ། 《མི་ལ་རས་པའི་མགུར་འབུམ》ལས་“རྫ་ད་ལྟ་ཡོད་པ་ད་ལྟ་མེད། དཔེ་འདིས་འདུས་བྱས་ཀྱི་ཆོས་ཀུན་མཚོན། ཁྱད་པར་དལ་འབྱོར་གྱི་མི་ལུས་མཚོན། དེས་ན་རྣལ་འབྱོར་མི་ང་ལ། ཡེངས་མེད་དུ་སྒྲུབ་ལ་བརྩོན་འགྲུས་བྱེད། ནོར་ཡོད་རྒུ་འདུས་པ་མཁོ་བའི་རྫ། དུས་ད་ལན་ཆག་པ་བླ་མར་བྱུང་། ཆོས་མི་རྟག་བཤད་པ་ངོ་མཚར་ཆེ”ཞེས་མི་ལ་རས་པ་བྲག་དཀར་རྟ་སོར་སྒྲུབ་ལ་ཆས་པའི་ལམ་བར་དུ་རྡོ་ལ་འདྲེད་ནས་འགྱེལ་བས་ཟྭ་འཚོད་པའི་རྫ་ཆགས་པས་ཆོས་མི་རྟག་པའི་དཔེ་གསོན་པ་ཞིག་བྱུང་བའི་དོན་དེ་ཚིག་རྐང་བརྒྱད་ཀྱི་མཚོན་པར་བྱས་པ་ཡོད་པ་ལྟ་བུ་དང་། ཡང《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》ལས“བྲག་སྟོད་འདི་ཚོ་ཐག་རྙི་ཁྲ་བོ་ཡིས་བསྐོར་ཡོད། ཐང་དཀར་རྒོད་པོ་ཁོ་ལ་འགྲོ་ས་ཨེ་འདུག་ལྟོས་ཤིག ། སྤང་སྟོད་འདི་ཚོ་ཤ་ཁྱི་དར་མ་ཡི་བསྐོར་ཡོད། ཤ་བ་རྨིག་ཆུང་ཁོ་ལ་བྲོས་ས་ཨེ་ཡོད་བལྟ་ཡོང་། ལྕང་གླིང་འདི་ཚོ་བྱ་ཁྲ་ཧོར་པ་ཡི་བསྐོར་ཡོད། བྱིའུ་འཇོལ་མོ་ཁོ་ལ་འགྲོ་ས་ཨེ་འདུག་བལྟ་ཡོང་། ཕོ་བྲང་འདི་ཚོ་བཙུན་མོ་ལྔ་བརྒྱ་ཡི་བསྐོར་ཡོད། ཡིད་འཕྲོག་ལྷ་མོ་ཁྱོད་ལ་བྲོས་ས་ཨེ་ཡོད་བལྟ་ཡོང”ཞེས་ནོར་བཟང་བྱང་དུ་ཕེབས་རྗེས་ཡིད་འཕྲོག་ལྷ་མོར་བཙུན་མོ་ལྔ་བརྒྱའི་དམག་གིས་བསྐོར་བའི་གནས་ཚུལ་གསོན་ཉམས་ལྡན་པའི་དཔེ་གསུམ་ཚིག་རྐང་དྲུག་དང་དོན་ཚིག་རྐང་གཉིས་ཀྱིས་སྒོ་ནས་ལེགས་པར་མཚོན་ཡོད། དེ་བཞིན་ཨ་མདོའི་ལ་གཞས་ལས“བྱ་ཁུ་བྱུག་སྙིང་ལ་རྗེ་བོ། ནགས་རྒྱ་རྫོང་བད་ཀྱིས་བཟུང་དུས། གསུང་སྙན་མོ་འབྱིན་དབང་མ་དགོས། ནགས་བརྒྱུད་ལེ་འཕུར་དབང་མེད་ནོ། བྱ་ཁྱོད་ཚོའི་སེམས་ན་ལོས་ཡོད”ཅེས་རྐྱེན་གང་ཡང་རུང་བ་ཞིག་གི་རང་ནུས་ཡོད་ཚད་འདོན་སྤེལ་མི་ནུས་པའི་བྱ་སྤྱོད་ཀྱི་ངང་ཚུལ་རྣམས་དཔེ་བྱ་ཁུ་བྱུག་ལ་བཞག་ནས་ཚིག་རྐང་ལྔའི་ལམ་ནས་ལེགས་པར་མཚོན་ཡོད་པ་ལྟ་བུའོ།

གསུམ་པ། རྩོམ་གྱི་རྒྱན་ལ་ཐེབས་པའི་ཤུགས་རྐྱེན།
        ཏུན་ཧོང་མགུར་མར་ཐུན་མོང་དང་ཐུན་མིན་གྱི་རྒྱན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། བོད་ཀྱི་ཕྱིས་ཀྱི་སྙན་རྩོམ་ཧྲིལ་པོའི་རྒྱན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་ཡང་དཔེ་རྒྱན་གཟུགས་རྒྱན་ལ་སོགས་པའི་རྒྱན་མི་ཉུང་བ་ཞིག་ཏུན་ཧོང་མགུར་མའི་ཁྲོད་དུ་ཡོད་པ་གོང་དུ་བརྗོད་ཟིན་པས། དེ་དག་གིས་ཕྱིས་རྩོམ་རིག་ནང་རྒྱུན་འཛིན་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ལྷག་དོན་ས་སྐྱའི་དུས་སྐབས་སུ་སྙན་ངག་མེ་ལོང་མ་ཡོངས་སུ་བོད་སྐད་དུ་བསྒྱུར་བ་དང་འཆད་ཉན་སྤེལ་བས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཡོངས་སུ་རྐང་པ་བཙུགས་ཐུབ་པའི་རྒྱུ་རྐྱེན་ཡང་བོད་བཙན་པོའི་དུས་ཀྱི་སྙན་རྩོམ་ཁྲོད་རྒྱ་གར་གྱི་སྙན་ངག་མེ་ལོང་མའི་རྗེས་སུ་མཐུན་པའི་དོན་རྒྱན། སྒྲ་རྒྱན། གབ་ཚིག་རྒྱན་སོགས་མི་ཉུང་བ་ཞིག་དང་སྒྱུ་རྩལ་གྱི་ཉམས་མི་དམན་པ་ཞིག་དར་ཁྱབ་བྱུང་ཡོད་པས་སོ།
        གཞན་ཡང་ཏུན་ཧོང་མགུར་མའི་ཐུན་མིན་གྱི་ངང་ཚུལ་སྟོན་པའི་རྒྱན་དང་། བརྣན་པའི་ཕྲེང་བའི་དཔེ་རྒྱན། དྲི་བ་དྲི་ལན་གྱི་རྒྱན། འབོད་པ་གསལ་བྱེད་ཀྱི་རྒྱན་སོགས་རྒྱུན་འཛིན་དང་སྔར་བས་འཕེལ་རྒྱས་མི་དམན་པ་ཞིག་བྱུང་ཡོད། ལྷག་དོན་དུ་བོད་ཀྱི་ལོ་རྒྱུས་སྙན་རྩོམ་དང་ལྷ་མོའི་འཁྲབ་གཞུང་སོགས་སུ་མང་དུ་མཐོང་ཆོས་སུ་གྱུར་བས་དཔེ་མཚོན་ཙམ་ཞིག་བརྗོད་ན། སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང《མོན་གླིང་གཡུལ་འགྱེད》ལས“ལྷ་ཆེན་ཚངས་པ་དཀར་པོ་དེ། དུང་གི་ཐོད་གཙུག་ཤིག་སེ་ཤིག དབུ་སྐྲ་འཇའ་འོད་ལྷམ་སེ་ལྷམ། ཤེལ་གྱི་ཁ་བལ་ཐ་ལ་ལ། མེ་ཏོག་ཆར་པ་སིལ་ལེ་ལེ། དྲི་ཞིམ་སྤོས་དཀར་ལྷང་སེ་ལྷང་། དབུ་ལ་དུང་རྨོག་དཀར་པོ་གསོལ། ཁྱུང་གི་སྤུ་སྒྲོ་ལྡེམ་སེ་ལྡེམ། སྐུ་ལུས་དུང་ཁྲབ་དཀར་པོ་གསོལ། དུང་གི་མདའ་ཕུབ་ཕུང་སེ་ཕུང་། མུ་ཏིག་འཕྱར་ལོ་ལྷེམ་སེ་ལྷེམ། མདའ་དོང་གཡས་ལ་གཟིག་ཤུབས་གཡོན། ཆིབས་སུ་ལྷ་རྟ་གྲོ་དཀར་བཅིབས། སྐར་ཚོགས་སྡེ་དཔུང་བཤར་ར་ར། དམག་དཔོན་རུ་མཚོན་འཁྱིལ་ལེ་ལེ། ཕྱག་གཡོན་ཤེལ་གྱི་རལ་གྲི་འཛིན”ཞེས་ལ་སོགས་པའི་དངོས་པའི་ཁྱད་ཆོས་སྟོན་པའི་ངང་ཚུལ་སྟོན་པའི་རྒྱན་རྒྱུན་འཛིན་དང་འཕེལ་རྒྱས་གང་ལེགས་བྱུང་ཡོད། ཡང《རྗེ་ཞབས་དཀར་པའི་མགུར་འབུམ》ལས“ཤ་བ་སྨུག་པོའི་རྭ་དང་འབྲོང་གི་རྭ། རྭ་སྐྱེས་ས་མི་གཅིག་ཐ་དད་དེ། དེ་གཞུ་མཁན་དྲུང་དུ་རང་འདུས་ཚེ། ཚེ་གང་པོ་མཐུན་ཞིང་འགྲོག་པའི་རྟགས། བྱ་རྒོད་པོའི་སྒྲོ་དང་གླག་མོའི་སྒྲོ། སྒྲོ་སྐྱེས་ས་མི་གཅིག་ཐ་དད་དེ། དེ་མདའ་མཁན་དྲུང་དུ་རང་འདུས་ཚེ། ཚེ་གང་པོ་མཐུན་ཞིང་འགྲོག་པའི་རྟགས། ཡར་ལ་ཡི་མི་དང་ལུང་གི་མི། མི་སྐྱེས་ས་མི་གཅིག་ཐ་དད་དེ། དེ་དབེན་པའི་རི་ལ་རང་འདུས་ཚེ། ཚེ་གང་པོ་མཐུན་ཞིང་འགྲོག་པའི་རྟགས”ཞེས་དཔེ་ཅན་སེམས་དང་སེམས་མཐུན་ན་དགའ་བ་དང་བདེ་བའི་རྟགས་སུ་དཔེ་གསུམ་བསྟུད་མར་བཀོད་པ་ལྟ་བུ། ཡང《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས“དུག་ཤིང་སྟག་མ་ཁ་དོག་མཚར་ན་ཡང་། མཆོད་གཤོམ་མཛེས་པའི་བུམ་རྒྱན་གང་ནས་ཡོང་། དོ་ལོ་སྔོན་མོ་ཁ་དོག་མཚར་ན་ཡང་། གྲུ་དམར་གཡུ་དང་མཐུན་སྡེབས་ཅི་ལ་ཡོང་། བྱེའུ་ལྕོག་མོ་གཤོག་འགྱུར་མཁས་ན་ཡང་། ཐང་དཀར་རྒོད་འདྲའི་ནམ་འཕང་ཆོད་དོགས་མེད། བུ་མོ་སྣང་ས་སྐྱེ་འབྲས་ལེགས་ན་ཡང་། མི་ཆེན་དཔོན་པོའི་བཙུན་མོ་གང་ནས་ཡོང”ཞེས་དཔེ་ཅན་བུ་མོ་སྣང་ས་མི་ཆེན་དཔོན་པོའི་བཙུན་མོར་མི་འོས་པར་དཔེ་གསུམ་བསྟུད་མར་བཀོད་པ་ལྟ་བུ་དཔེ་ཅན་གཅིག་ལ་དཔེ་མང་པོ་བསྟུད་མར་བཀོད་པའི་བོད་པ་རང་གི་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྱུར་ཡོད།
        མདོར་ན། ཏུན་ཧོང་མགུར་མའི་རྒྱན་གྱིས་ཕྱིས་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད་ལ་ཕྱིས་ཀྱི་རྩོམ་རིག་གིས་བོད་པ་རང་གི་རྩོམ་རིག་གསར་རྩོམ་གྱི་ཁྱད་ཆོས་ལྡན་པའི་རྒྱན་སྦྱར་སྟངས་མང་པོ་ཞིག་རྒྱུན་འཛིན་གང་ལེགས་ཐུབ་ཡོད།

(ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རིག་འཛིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1